བོད་ཀྱི་སྒྱུ་རྩལ་མཁས་ཅན་ཁོང་ལ་གཟི་བརྗིད་མཚན་སྙན་འདི་ཐོབ་འདུག
རྩོམ་པ་པོ།:
ཡོང་ཁུངས།:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུ
དུས་ཚོད།:2023-11-07
ཀློག་གྲངས།:
ཟླ11ཚེས1ཉིན། རིག་གནས་དང་ཡུལ་སྐོར་པུའུ་དང་ཅང་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་ཤིང་། རིག་གནས་དང་ཡུལ་སྐོར་པུའི་སྒྱུ་རྩལ་སི་དང་ཅང་སུའུ་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་། སུའུ་ཀྲོའུ་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱིས་གཉེར་འགན་འཁུར་བ། ཁུན་ཧྲན་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་སུའུ་ཀྲོའུ་གྲོང་ཁྱེར་རིག་གནས་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཡུལ་སྐོར་ཅུས་ཀྱིས་དངོས་སུ་གཉེར་འགན་འཁུར་བའི2023ལོའི་ཟློས་གར་བརྒྱ་ཡི(ཁུན་ཧྲན)མཛད་སྒོ་གཟབ་རྒྱས་ཀྱི་མཇུག་སྒྲིལ་མཛད་སྒོ་དང་བྱ་དགའ་སྤྲོད་པའི་མཛད་སྒོ་ཁུན་ཧྲན་གྱི་ཁུན་ཆུས་ཟློས་གར་རྟེན་རྫས་བཤམས་མཛོད་ཁང་དུ་འཚོགས་པ་རེད།
མཇུག་སྒྲིལ་མཛད་སྒོའི་ཐོག “2023ལོའི་རྒྱལ་ཡོངས་ཀྱི་ཟློས་གར་འཁྲབ་སྟོན་གྱི་སྣེ་ཁྲིད་ཤེས་ལྡན་མི་སྣ་གསོ་སྐྱོང་འཆར་གཞིའི་ནང་ཚུད་པའི་མིང་ཐོ”དང“དུས་རབས་གསར་པའི་ཀྲུང་གོའི་ཟློས་གར(སྐྱེས་པའི་འཁྲབ་མི་དང་བུད་མེད་འཁྲབ་མི)གྱི་ཕུལ་བྱུང་གཞོན་དར་ཤེས་ལྡན་པ” “དུས་རབས་གསར་པའི་ཀྲུང་གོའི་ཟློས་གར་གྱི(སྐྱེས་པའི་འཁྲབ་མི་དང་བུད་མེད་འཁྲབ་མི)སྣེ་ཁྲིད་ཤེས་ལྡན་པ”དང“ཕུལ་བྱུང་རྩ་འཛུགས་བྱ་དགའ”བཅས་སྤྲད་པ་དང་། བོད་རང་སྐྱོང་ལྗོངས་ལྷ་མོ་ཚོགས་པའི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཚོགས་གཙོ་དཔལ་ལྡན་དབང་ཕྱུག་ལ“དུས་རབས་གསར་པའི་ཀྲུང་གོའི་ཟློས་གར་གྱི(སྐྱེས་པའི་འཁྲབ་མི)སྣེ་ཁྲིད་ཤེས་ལྡན་པའི”གཟི་བརྗིད་མཚན་སྙན་ཐོབ་ཡོད་པ་རེད།
རྒྱལ་ཡོངས་ཀྱི་ཟློས་གར་འཁྲབ་སྟོན་མི་སྣའི་ལྷན་འཛོམས་འཁྲབ་སྟོན་ནི་ད་ལོ་ཐེངས་དང་པོར་སྤེལ་བ་དང་། ཐོག་མར་སྤེལ་བ་ནི་ཟློས་གར་ཁྲོད་སྐྱེས་པ་དང་བུད་མེད་འཁྲབ་མིའི་ལྷན་འཛོམས་འཁྲབ་སྟོན་རེད།
ཐེངས་འདིར། སྲོལ་རྒྱུན་གྱི་ལྷ་མོ«རྒྱ་ལུ་རྔོན་པ»དང་དེང་རབས་ཀྱི་ལྷ་མོ«གསེར་མདོག་ཅན་གྱི་ཁྱིམ་གཞིས»ཞེས་པའི་ཚན་པ་དཔྱད་འདེམས་ནང་ཞུགས་ནས་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་དེས་དཔལ་ལྡན་དབང་ཕྱུག་ལ་གོང་གི་མཚན་སྙན་ཐོབ་ཅིང་། འདི་ནི་འཁྲབ་སྟོན་པ་མི་སྒེར་གྱི་སྒྱུ་རྩལ་གྲུབ་འབྲས་ལ་ཁས་ལེན་བྱས་པ་ཞིག་ཡིན་ལ། བོད་རང་སྐྱོང་ལྗོངས་ལྷ་མོ་ཚོགས་པ་དང་ལྷ་མོའི་སྒྱུ་རྩལ་ལ་སྐུལ་ལྕག་དང་རྒྱབ་སྐྱོར་བྱས་པ་ཞིག་ཀྱང་ཡིན་པས། དེའི་དཔེ་སྟོན་རང་བཞིན་དང་ཁྲིད་སྟོན་རང་བཞིན་གྱིས་ཟློས་གར་དེང་རབས་སུ་རྒྱུན་འཛིན་དང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ཐོན་ངེས་རེད།
དཔལ་ལྡན་དབང་ཕྱུག་ནི་ལྷ་མོའི་འཁྲབ་སྟོན་སྒྱུ་རྩལ་པ་གྲགས་ཅན་དང་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་འཁྲབ་སྟོན་པ། བོད་རང་སྐྱོང་ལྗོངས་ལྷ་མོ་ཚོགས་པའི་འཁྲབ་སྟོན་པ་གཙོ་བོ། བོད་རང་སྐྱོང་ལྗོངས་ལྷ་མོ་ཚོགས་པའི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཚོགས་གཙོ། བོད་རང་སྐྱོང་ལྗོངས་ཟློས་གར་མཁས་ཅན་མཐུན་ཚོགས་ཀྱི་ཀྲུའུ་ཞི་བཅས་ཡིན་པ་རེད།
སྒྱུ་རྩལ་གྱི་བྱ་གཞག་འདིའི་ནང་ཞུགས་པའི་ལོ་ངོ30ལྷག་ཙམ་རིང་། དཔལ་ལྡན་དབང་ཕྱུག་གིས«རྒྱ་བཟའ་ཀོང་ཇོ»དང«སྣང་ས་འོད་འབུམ» «པད་མ་འོད་འབར» «འགྲོ་བ་བཟང་མོ» «གཟུགས་ཀྱི་ཉི་མ» «སྣང་ས་འོད་འབུམ»སོགས་ཀྱི་འཁྲབ་སྟོན་ནང་གཙོ་འཁྲབ་པའི་འགན་འཁུར་ཞིང་། ཟློས་གར་ཆེ་གྲས«ཇོ་མོ་གླང་མ»དང«ཨ་ཅེ་ལྷ་མོ»དེ་བཞིན་གསར་དུ་སྒྲིག་པའི་ལྷ་མོའི་ཟློས་གར«གསེར་མདོག་ཅན་གྱི་ཁྱིམ་གཞིས»སོགས་ཟློས་གར་ལེ་ཚན་ཆེ་གྲས་དང་མི་སྣ་མི་འདྲ་བའི་རྣམ་ཐར་མང་པོ་དང་། ལྷ་མོའི་ཟློས་གར། ཟློས་གར་ཆུང་གྲས། ནང་མ་སྟོད་གཞས་སོགས་ཕུལ་བྱུང་བརྩམས་ཆོས་བརྒྱ་ལྷག་ཙམ་འཁྲབ་སྟོན་བྱས་ཡོད།
འབྲེལ་ཡོད་འོས་སྦྱོར།