logo

བོད་རྒྱལ་ཞེ་གཉིས་པ་འུ་དུམ་བཙན་པོ།

རྩོམ་པ་པོ།:བོད་ལྗོངས་དགའ་སྐྱིད་གླིང་འཛུགས ཡོང་ཁུངས།:《གངས་ལྗོངས་མི་སྣ་གྲགས་ཅན་གྱི་ལོ་རྒྱུས་མཛད་ཐང》 དུས་ཚོད།:2014-07-24 ཀློག་གྲངས།:

四十二代 藏王乌冬赞
བོད་རྒྱལ་ཞེ་གཉིས་པ་འུ་དུམ་བཙན་པོ།

  ཁྲི་དར་མ་འུ་དུམ་བཙན་ལ་ཡོངས་གྲགས་སུ་རྒྱལ་པོ་གླང་དར་མ་ཞེས་འབོད་ཅིང་། བོད་ཡོངས་ལ་གཅིག་གྱུར་གྱིས་དབང་བསྒྱུར་བའི་བཙན་པོ་རྒྱལ་རབས་ཀྱི་རྒྱལ་པོ་ཐ་མ་དེ་ཡིན། ཡབ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་དང་ཡུམ་བཙུན་མོ་ཆེན་མ་འབྲོ་བཟའ་ཁྲི་མོ་ལེགས་གཉིས་ཀྱི་སྲས་སུ་འཁྲུངས། བཙན་པོ་འདིའི་འཁྲུངས་ལོའི་ཐད་རྒྱལ་རབས་ལོ་རྒྱུས་ཁག་ཏུ་བཞེད་པ་མི་འདྲ་བ་མང་བ་མ་ཟད། མང་ཆེ་བས་ཁྲི་རལ་པ་ཅན་གཅུང་པོ་ཐ་ཆུང་ཡིན་པ་དང་། ཁྲི་དར་མ་གཅེན་པོ་ཆེ་ཤོས་ཡིན་ཡང་སྤྱོད་པ་མི་ལེགས་པའི་ཐོག་ཆོས་ལ་བརྣག་པའི་རྐྱེན་གྱིས་རྒྱལ་པོར་མ་བསྐོས་པར་བརྟེན་ཞེ་ནག་ཁོག་བཅངས་ཏེ་ཁྲི་རལ་པ་ཅན་བཀྲོངས་ནས་ཆོས་བསྣུབས་པ་ཡིན་ཞེས་གསལ་ཡང《མངའ་བདག་མྱང་གི་ཆོས་འབྱུང》དང་། 《ལྡེའུ་ཆོས་འབྱུང་རྒྱས་བསྡུས》ཀ་ཐོག་རིག་འཛིན་ཆེན་པོས་མཛད་པའི《བོད་རྗེ་ལྷ་བཙན་པོའི་གདུང་རབས》བཅས་ལ་ཁྲི་རལ་པ་ཅན་གཅེན་ཡིན་པ་དང་ཁྲི་དར་མ་གཅུང་ཡིན་པའི་བཞེད་པ་དེ་རང་ཡང་དག་པར་མངོན་ཞིང་། འཁྲུངས་ལོ་ཤིང་ལུག་ཡིན་པ་ཀ་ཐོག་རིག་འཛིན་ཆེན་པོས་གསུངས་པ་ལྟར་འཐད་མེད། འོན་ཀྱང་ཀ་ཐོག་རིག་འཛིན་ཆེན་པོས་བཞེད་པའི་ཤིང་ལུག་དེ་ནི་རྒྱལ་པོ་སྲོང་བཙན་སྒམ་པོ་དགུང་ལོ་དགུ་བཅུ་གོ་བཞི་པ་ལྕགས་ཁྱི(སྤྱི་ལོ710)ལོར་སྐུ་གཤེགས་པ་དང་། དེ་ནས་ལོ་བརྒྱ་དང་ཉེར་བརྒྱད་འདས་པའི་ས་རྟ(སྤྱི་ལོ838)ལོར་ཁྲི་སྲོང་ལྡེ་བཙན་འཁྲུངས་པ། དགུང་ལོ་དྲུག་ཅུ་རེ་བརྒྱད་པ་ཤིང་གླང(སྤྱི་ལོ905)ལོར་སྐུ་གཤེགས་པ། དེ་ནས་ལོ་བཅོ་བརྒྱད་པ་ཆུ་རྟ(སྤྱི་ལོ922)ལོར་ཁྲི་རལ་པ་ཅན་འཁྲུངས་པ། དེ་ནས་ལོ་བཅུ་བཞི་པ་ཤིང་ལུག(སྤྱི་ལོ935)ལོར་གླང་དར་མ་འཁྲུངས་པ་བཅས་ཡིན་པས་ཐང་བོད་དབོན་ཞང་རྡོ་རིང་གི་ལོ་ཚིགས་དང་སྒྲིག་ཐབས་མེད། དེར་བརྟེན་གླང་དར་མའི་འཁྲུངས་ལོའི་རང་ལུགས་ཀྱི་ལོ་ཚིགས་ཤིང་ལུག(སྤྱི་ལོ875)ལོ་དེ་རང་ཡིན། བཙན་པོ་འདིའི་ལོ་རྒྱུས་སྐོར་ལ་དེང་སྐབས་རྒྱལ་ཁབ་ཕྱི་ནང་གི་ཞིབ་འཇུག་མཁས་དབང་མང་པོས་རང་ཉིད་ཀྱི་གཟིགས་ཚུལ་འཁོད་པའི་ཆེད་རྩོམ་མང་པོ་ཞིག་འདུག་པའི་ནང་གསུང་རྒྱུའི་གནད་དོན་གཙོ་བོ་བཞི་སྟེ། གཅིག གླང་དར་མ་རང་ཉིད་ཆོས་ལ་སྡང་བ་ཞིག་ཡིན་མིན། གཉིས། གླང་དར་མས་ཆོས་བསྣུབས་ཞེས་པའི་ངོ་བོ་གང་ཞིག་ཡིན་པ། གསུམ། ཆོས་སྣུབ་དགོས་པའི་རྒྱུ་རྐྱེན་གང་ལ་ཐུག་པ། བཞི། ཆོས་སྣུབ་ལས་འགུལ་དེས་བོད་ཀྱི་སྤྱི་ཚོགས་གོང་འཕེལ་ཐད་ལ་ཕན་གནོད་གང་བྱུང་བ་བཅས་ཡིན་ཞིང་། གལ་ཆེའི་དོན་གནད་དེ་དག་གི་སྐོར་ལ་རྒྱ་བོད་མཁས་དབང་རྣམས་ཀྱིས་དཔྱད་བརྗོད་ཡང་དག་ཅིག་མཛད་པར་ཞུའོ།།
 
 


འབྲེལ་ཡོད་འོས་སྦྱོར།