logo

འཕགས་པ་ཀླུ་སྒྲུབ་ཀྱི་རྣམ་ཐར་མདོར་བསྡུས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་ཟིན་བྲིས། དུས་ཚོད།:2011-04-18 ཀློག་གྲངས།:

འཕགས་པ་ཀླུ་སྒྲུབ་ཀྱི་རྣམ་ཐར་མདོར་བསྡུས།

            སྔོན་རྒྱ་གར་འཕགས་པའི་ཡུལ་དུ་ནང་པའི་བསྟན་པ་དང་དེའི་གཞུང་ལུགས་སོགས་དར་རྒྱས་ཤིན་ཏུ་ཆེ་ཞིང་། འཆད་རྩོད་རྩོམ་སོགས་རིག་པའི་གནས་ལ་མངའ་བརྙས་པའི་མ་ཧྰ་པཎ་ཌི་ཏ་སྨྲ་བའི་དབང་ཕྱུག་ཆེན་པོ་ཆེས་མང་པོ་ཞིག་བྱུང་བ་ལས།  མགོན་པོ་ཀླུ་སྒྲུབ།  ཨརྱ་དེ་བ།  འཕགས་པ་ཐོགས་མེད།  སློབ་དཔོན་དབྱིག་གཉེན།  སློབ་དཔོན་ཕྱོགས་གླང་།  དཔལ་ལྡན་ཆོས་གྲགས།  ཡོན་ཏན་འོད།  ཤྰཀྱ་འོད་བཅས་བརྒྱད་པོ་འཕགས་ཡུལ་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་མཆོག་གཉིས་ཞེས་འཕགས་ཡུལ་གྱི་མཁས་མཆོག་ཡོངས་ཀྱི་གཙུག་ནོར་དུ་གྱུར་པའི་སྨྲ་བའི་སེང་གེ་ཆེན་པོ་བརྒྱད་བྱོན། 
            དེ་དག་ལས་སློབ་དཔོན་ཀླུ་སྒྲུབ་ཞབས་ནི། འཛམ་བུའི་གླིང་མཆོག་མཛེས་པར་བྱེད་པའི་རྒྱན་གྱི་གཙོ་བོ་དང་། དུས་གསུམ་མཁྱེན་ཅིང་གཟིགས་ནས་ལུང་སྟོན་པའི་ཚད་མའི་སྐྱེས་བུ་ཆེན་པོ་ཤྰཀྱའི་རྒྱལ་པོས་འཕགས་པ་ལང་ཀར་གཤེགས་པ་དང་། འཇམ་དཔལ་རྩ་རྒྱུད། དང་པོའི་སངས་རྒྱས་སོགས་མདོ་སྡེ་དང་རྒྱུད་སྡེ་མང་པོ་ནས་བསྟན་པ་སྐྱོང་བའི་སྐྱེས་བུ་དམ་པ་ཉིད་དུ་ལུང་གི་འཕྲེང་བས་ཉེ་བར་བསྔགས། དེའང་ལང་ཀར་གཤེགས་པའི་མདོ་ལས། ལྷོ་ཕྱོགས་བེེ་དའི་ཡུལ་དུ་ནི། དགེ་སློང་དཔལ་ལྡན་ཆེར་གྲགས་པ། དེ་མིན་ཀླུ་ཞེས་འབོད་པ་སྟེ། ཡོད་དང་མེད་པའི་ཕྱོགས་འཇིག་པ། ང་ཡི་ཐེག་པ་འཇིག་རྟེན་དུ། བླ་མེད་ཐེག་ཆེན་རབ་བཤད་ནས། རབ་དུ་དགའ་བའི་ས་བསྒྲུབས་ཏེ། བདེ་བ་ཅན་དུ་དེ་འགྲོ་འོ། ཞེས་གསུངས། སློབ་དཔོན་འདི་ནི་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་སོང་བའི་དུས་སུ་རྒྱ་གར་ལྷོ་ཕྱོགས་བེེ་དརྦྷ་ཡུལ་ན་བྲམ་ཟེ་འབྱོར་ལྡན་ཞིག་གི་ཁྱིམ་དུ་འཁྲུངས་ཤིང་། མཚན་མཁན་ལ་བསྟན་པས་རྟགས་དང་མཚན་མ་བཟང་མོད་ཀྱང་ཞག་བདུན་གྱི་ཚེ་ཚད་ལས་མེད་ཟེར། དེ་ལ་ཅི་ཕན་དྲིས་པས་བྲམ་ཟེ་བརྒྱ་ལ་བསྙེན་བཀུར་བྱས་ན་ཟླ་བདུན་དང་། དགེ་སློང་བརྒྱ་ལ་བསྙེན་བཀུར་བྱས་ན་ལོ་བདུན་ཐུབ་པར་བཤད་པས། དེ་ནས་དེ་བཞིན་བྱས་ཏེ་དགུང་ལོ་བདུན་སོན་པ་ན་ཕ་མ་གཉིས་ཀྱིས་བུ་ཤི་བའི་རོ་མཐོང་བར་མི་བཟོད་པར་གཡོག་དང་བཅས་གཞན་དུ་འཁྱམ་དུ་བཏང་། རིམ་གྱིས་རྒྱ་གར་ཡུལ་དབུས་ཀྱི་དགོན་པ་ཆེ་ཤོས་ནྰ་ལེན་དྲར་ཕེབས་ཏེ་སློབ་དཔོན་བྲམ་ཟེ་ས་ར་ཧ་དང་མཇལ་ནས་ཚེ་དབང་ཞུས་པས་སྐུ་ཚེ་བསྲིངས་ཤིང་གསང་སྔགས་ཀྱི་ཆོས་མང་པོ་གསན། དགོན་པའི་མཁན་པོ་སྒྲ་གཅན་འཛིན་བཟང་པོའི་དྲུང་ལས་བསྙེན་པར་རྫོགས་ཤིང་། མཚན་དགེ་སློང་དཔལ་ལྡན་ཞེས་གསོལ། མདོ་སྔགས་ཀྱི་ཆོས་མང་དུ་གསན་ཏེ་ཐུགས་སུ་ཆུད། བར་སྐབས་ཤིག་ལ་དགེ་འདུན་གྱི་ཞལ་ཏ་པ་མཛད་རིང་ཡུལ་དུ་མུ་གེ་ཆེན་པོ་བྱུང་སྟེ། གླིང་ཕྲན་གཞན་ནས་གསེར་འགྱུར་གྱི་རྩི་བླངས་ནས་གསེར་བཙོངས་པའི་རིན་གྱིས་དགེ་འདུན་ལ་འཚོ་བ་སྦྱར། དེའི་གནས་ཚུལ་དགེ་འདུན་རྣམས་ཀྱིས་གསན་ནས་ཁྱོད་ཀྱིས་དགེ་འདུན་ལ་གནང་བ་མ་ཞུས་པར་ཚོང་བྱས་བ་སྦྱོར་བ་ཆོས་ཁྲིམས་དང་འགལ་ཞེས་སྐབས་དེར་བསླབ་ཁྲིམས་འཆལ་བར་སྤྱོད་པ་སྟོང་ཕྲག་མང་པོ་ཞིག་དང་མཉམ་དུ་གནས་ནས་ཕྱུངས། སློབ་དཔོན་དགུང་ལོ་བརྒྱ་མ་ལོན་ཙམ་ན་སྐལ་བ་དང་ལྡན་པའི་སྐྱེ་བོ་མང་པོ་ཞིག་ལ་སྡེ་སྣོད་གསུམ་གྱི་ཆོས་རྒྱ་ཆེར་འཆད། དེའི་སྐབས་དགེ་སློང་བདེ་བྱེད་ཅེས་བྱ་བས་ཐེག་ཆེན་གྱི་ལྟ་སྤྱོད་གཉིས་ཀ་སུན་འབྱིན་པར་བྱེད་པའི་ཆེད་དུ། རིག་པའི་རྒྱན། ཞེས་བྱ་བའི་གཞུང་ལུགས་འབུམ་ཕྲག་བཅུ་གཉིས་བྱས་པ་དེ་གདུལ་བའི་དོན་དུ་ནྰ་ལེན་དྲར་ཆོས་རྒྱ་ཆེར་གསུངས། དེའི་ཚེ་བྱིས་པ་གཉིས་ཆོས་ཉན་དུ་འོང་པ་ན་དྲི་ཞིམ་པོས་ཁོར་ཡུག་ཀུན་ཁྱབ་པར་གྱུར་ཅིང་། བྱིས་པ་དེ་གཉིས་ཕྱིར་སོང་པའི་ཚེ་དྲི་ཞིམ་པོ་དེ་མེད་པར་གྱུར་པས་ན། དེའི་རྒྱུ་མཚན་དྲིས་པས་བདག་ཅག་ཀླུའི་རྒྱལ་པོ་འཇོག་པོའི་བུ་ཡིན། མི་ཡུལ་དུ་ཡོང་བ་ལ་ཙན་དན་གོར་ཤིར་ཥའི་བསུང་བ་བྱས་པ་ཡིན་ཟེར། ཙན་དན་དེ་བླངས་དུ་ཡོད་དམ་དྲིས་པས། ཡབ་ལ་དྲི་འོ་ཟེར། དེས་ཕ་ལ་དྲིས་པས། ཀླུ་རྒྱལ་གྱིས་སློབ་དཔོན་ཀླུའི་ཡུལ་དུ་འབྱོན་ན་ཕུལ་ཟེར་བར། ཀླུའི་ཡུལ་དུ་གདུལ་བྱ་མཐའ་ཡས་པ་ལ་དགེ་བའི་རྩ་བ་བསྐྱེད་པ་དང་། རྒྱལ་བ་ཐམས་ཅད་ཀྱི་ཡུམ་གཅིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་མི་ཡུལ་དུ་མེད་པ་སྤྱན་འདྲེན་པ་སོགས་ཀྱི་དགོས་པ་མང་པོ་ཞིག་ཉེ་བར་གཟིགས་ཏེ་སློབ་དཔོན་ཀླུ་ཡུལ་དུ་བྱོན། ཀླུ་མང་པོ་ལ་ཆོས་བསྟན་ནས་ཀླུ་རྣམས་ཤིན་ཏུ་མགུ་བ་གྱུར་ཏེ། ཀླུ་ཡུལ་དུ་བཞུགས་པར་ཞུས་པས། ད་ལྟ་ང་མཆོད་རྟེན་བྱེ་བ་བཞེངས་པའི་འདམ་འཚོལ་བ་དང་། འབུམ་གདན་དྲངས་པར་འོང་པས་བསྡད་མི་ཁོམ། ཕྱིས་འོང་སྲིད་ཅེས་གསུངས་ཏེ། ཀླུའི་འདམ་མང་པོ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་བརྒྱ་པ། གཟུང་མང་པོ་བཅས་སྤྱན་དྲངས་ཏེ་འཛམ་བུའི་གླིང་དུ་བྱོན། དེའི་ཚེ་ཀླུ་རྣམས་ཀྱིས་སློབ་དཔོན་ཀླུའི་ཡུལ་དུ་ངེས་པར་བྱོན་པའི་གཏམ་མར་འབུམ་གྱི་ཞབས་ནས་ཅུང་ཟད་ཙམ་མ་བསྐུར་ཞེས་གྲགས་ཏེ། ཀླུ་ཡུལ་ནས་སྤྱན་དྲངས་པའི་འབུམ་རྒྱས་པ་ལ་རྟག་ཏུ་བུའི་ལེའུ་དང་། ཆོས་འཕགས་ཀྱི་ལེའུ་རྣམས་མེད་པས་བརྒྱད་སྟོང་པའི་གཤམ་གྱི་ལེའུ་གཉིས་པོ་དེ་ཡུམ་རྒྱས་པའི་གཤམ་དུ་སྦྱར་བ་ཡིན་པས། ལེའུ་གཉིས་པོ་དེ་ཡུམ་རྒྱས་བསྡུས་ལ་ཁྱད་ཅུང་ཟད་ཀྱང་མེད་དོ། ། 
            དེ་ནས་ཀླུའི་འདམ་ཡོད་བཞེས་ནས་མཆོད་རྟེན་བྱེ་བ་ཙམ་བཞེངས་པ་དང་ཤེར་ཕྱིན་འབུམ་སོགས་མི་ཡུད་དུ་སྤྱན་དྲངས་པས་མཚན་ཡང་ཀླུ་སྒྲུབ་ཅེས་ཆགས། དེ་ནས་མཉན་ཡོད་ལ་སོགས་པའི་རྒྱ་གར་གྱི་ཡུལ་དབུས་ཀྱི་གྲོང་ཁྱེར་ཆེན་པོ་དྲུག་གིས་གཙོས་ཕྱོགས་ཐམས་ཅད་དུ་ལྷ་ཁང་དང་མཆོད་རྟེན་མང་པོ་བཞེངས་ཤིང་། རྡོ་རྗེ་གདན་གྱི་བྱང་ཆུབ་ལྗོན་ཤིང་གི་མཐའ་སྐོར་དུ་རྡོའི་དྲ་མིག་གི་ར་བ་སྐོར། དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ལ་ལྕགས་རིས་བསྐོར་ཞིང་ནང་དུ་ལྷ་ཁང་བརྒྱ་རྩ་བརྒྱད་བཞེངས། བྱང་སྒྲ་མི་སྙན་དུ་ཕེབས་ནས་འགྲོ་དོན་མཛད། སྒྲ་མི་སྙན་དུ་གཤེགས་པའི་ལམ་དུ་གྲོང་ཁྱེར་ས་ལ་མ་ན་བྱིས་པ་ཛི་ཏ་ཀའི་ལག་རིས་ལས་ཕྱིས་རྒྱལ་པོར་ལུང་བསྟན། སྐུ་ཚེའི་སྨད་ལ་རྒྱ་གར་ལྷོ་ཕྱོགས་དཔལ་གྱི་རི་བོར་གཙོར་བཞུགས་གནང་སྟེ་མདོ་སྔགས་ཀྱི་ཆོས་འཁོར་རྒྱ་ཆེར་བསྐོར། ལྷག་པར་ཐེག་པ་ཆེན་པོའི་དབུ་མའི་ལྟ་བ་དར་སྤེལ་མཛད་དེ་གདུལ་བྱ་གྲངས་ལས་འདས་པ་ཐེག་པ་ཆེན་པོའི་ལམ་དུ་ཁྲིད་པར་མཛད། 
            དེ་ལྟར་རྒྱལ་བའི་བསྟན་པ་ལ་བྱ་བ་རྒྱ་ཆེར་མཛད་པ་ན། བདུད་སྡིག་ཏོ་ཅན་དཔུང་དང་བཅས་ཕྲག་དོག་གིས་མ་བཟོད་པར། སྔར་སློབ་དཔོན་སྒྲ་མི་སྙན་དུ་གཤེགས་སྐབས་ལུང་བསྟན་པའི་བྱིས་པ་དེ་རྒྱལ་པོར་གྱུར་པ་རྒྱལ་པོ་བདེ་སྤྱོད་བཟང་པོ་ཞེས་པའི་བཙུན་མོའི་མངལ་དུ་བདུད་ཀྱིས་ཞུགས་ནས་ཕྱིར་བཙས་པས། དེའི་མིང་དུ་རྒྱལ་པོ་གཞོན་ནུ་ནུས་ལྡན་དུ་གྲགས་པ་ལ། རང་གི་མས་གོས་བཟང་པོ་བསྲུབས་མེད་པ་འཇིག་རྟེན་རྙེད་དཀའ་བ་ཞིག་བྱིན་པས། བུ་ན་རེ། འདི་ལྟ་སྦོས་ལ་ང་རྒྱལ་སྲིད་སྐྱོང་བ་ན་གྱོན་ནོ་ཞེས་ཟེར་བ་ལ་མས། ཁྱོད་ཀྱི་ཡབ་སློབ་དཔོན་ཀླུ་སྒྲུབ་དང་ཚེ་མཉམ་པའི་བཅུད་ལེན་གྲུབ་པས་སློབ་དཔོན་མ་གྲོངས་བར་མི་འཆི། ཁྱོད་ཀྱིས་རྒྱལ་སྲིད་སྐྱོང་བ་མི་ཡོང་ཅེས་བརྗོད་པས། བུ་མྱ་ངན་སྐྱེས་ནས་ངུས་པས་ན། མ་ན་རེ། ངུ་མི་དགོས། སློབ་དཔོན་བྱང་ཆུབ་སེམས་པའི་སྤྱོད་པ་རླབས་པོ་ཆེ་ལ་གནས་པས། དབུ་སློང་ན་སྟེར་བར་གྱུར་ཞིང་། དེར་ཡབ་ཀྱང་འགུམས་པས། ཁྱོད་ཀྱིས་རྒྱལ་སྲིད་ཐོབ་པར་འགྱུར་རོ་ཞེས་སྨྲས་པ་ལྟར། དེས་དཔལ་གྱི་རི་ལ་སློབ་དཔོན་གྱི་དྲུང་དུ་དབུ་སློང་པའི་ཕྱིར་དུ་འོང་། སློབ་དཔོན་གྱིས་ཇི་ལྟར་འདོད་པ་བཞིན་ཆོད་ཅིག་ཅེས་བཀའ་བརྩལ་པ་དང་དེས་རལ་གྲི་ཤིན་ཏུ་རྣོ་བས་བཅད་པས་ཆད་པར་མ་འགྱུར། དེ་ཚེ་སློབ་དཔོན་གྱིས་དེ་ལ་སྨྲས་པ། ང་ཉིད་སྔོན་དགེ་འདུན་གྱི་ཞལ་ཏ་བར་གྱུར་པའི་ཚེ་འཇག་མ་ཞིག་བཅད་པའི་ཞོར་ལ་འབུ་གཅིག་གི་སྐེ་བཅད་པའི་ཉེས་པ་ཡོད་པས་རྩ་ཀུ་ཤས་ཆོད་ཅིག་གསུངས་པ་ལྟར་བྱས་པས་ཆོད། དེའི་ཚེ་སྐུ་ཁྲག་འོ་མའི་རང་བཞིན་དུ་བྱུང་ཞིང་དབུ་དེའི་ཞལ་ནས། ང་ནི་བདེ་བ་ཅན་གྱི་འཇིག་རྟེན་དུ། ཕྱིན་ནས་ལུས་འདི་ལ་ཡང་འཇུག་པར་གྱུར། ཅེས་པའི་ཚིག་བྱུང་བར་གྲགས། དེ་ནས་རྒྱལ་པོ་དེས་སླར་དབུ་འབྱར་གྱི་དོགས་ནས་དཔག་ཚད་གཅིག་ཙམ་དུ་དོར་བ། སློབ་དཔོན་བཅུད་ལེན་སྒྲུབ་པས་སྐུ་ལུས་དང་དབུ་རྡོ་རུ་གྱུར་ཅིང་སླར་རིམ་གྱིས་དབུ་དང་སྐུ་གཉིས་ག་མ་ཉམས་པར་ལོ་རེ་བཞིན་ཇེ་ཉེ་ཇེ་ཉེར་སོང་ནས་མཐར་སྐུ་ལུས་ལ་འབྱར་ནས་སློབ་དཔོན་རང་ཉིད་ཞལ་བཞུགས་དུས་ལྟར་བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེར་མཛད་པར་གྱུར་བར་གསུངས། མཐར་སྐུ་ཚེ་བསྲིངས་ཏེ་དགུང་ལོ་དྲུག་བརྒྱ་བཞུགས་པར་གྲགས། མདོ་སྔགས་གང་གི་ཆ་ལའང་སྟོན་པ་གཉིས་པ་ལྟ་བུར་གྱུར། ཁྱད་པར་དུ་བདག་ཅག་གི་སྟོན་པའི་དགོངས་དོན་གསལ་བར་བྱེད་པའི་བསྟན་བཅོས་ཀྱི་རྒྱལ་པོ་མང་དུ་བསྐྲུན་པ་ནི། ཐུན་མོང་བའི་བསྟན་བཅོས་དམངས་ལ་གདམས་པ་སྐྱེ་བོ་གསོ་ཐིགས། མཛངས་བློན་ལ་གདམས་པ་ཤེས་རབ་བརྒྱ་པ། ས་བདག་ལ་གདམས་པ། དབུ་མ་རིན་ཆེན་ཕྲེང་བ། གཞན་ཡང་རྩིས་དང་། གསོ་བ་རིག་པ་ལ་སོགས་པའི་བསྟན་བཅོས་མང་པོ་དང་། ཐུན་མོང་མ་ཡིན་པའི་ནང་རིག་པའི་གནས་ཀྱི་བརྗོད་བྱ་གཙོ་བོར་སྟོན་པ་ལ། ལྟ་བ་གཏན་འབེབས་པ་དབུ་མ་རིགས་ཚོགས་དྲུག  སྤྱོད་པ་གཙོ་བོར་སྟོན་པ་ལུང་གིས་སྟོན་པ་མདོ་ཀུན་ལས་བཏུས། རྟེན་ཁྱིམ་པའི་སྤྱོད་པ་གཙོ་བོར་སྟོན་པ་བཤེས་སྤྲིངས། རབ་ཏུ་བྱུང་བའི་སྤྱོད་པ་གཙོ་བོར་སྟོན་པ་བྱང་ཆུབ་ཀྱི་ཚོགས། སྔགས་ཀྱི་ཕྱོགས་ལ་ལྟ་སྤྱོད་མདོར་བསྡུས་པ་རྒྱུད་ཀུན་ལས་བཏུས་སོགས་མང་པོ་མཛད་ཅིང་། ཐེག་པ་ཆེན་པོ་དབུ་མ་པའི་ལྟ་བ་སྲོལ་འབྱེད། 
            འདི་ཉིད་ཀྱིས་ལེགས་པར་གསུངས་པའི་བདུད་བརྩིས་ཉེ་བར་བསྐྱེད་པའི་བསྟན་འཛིན་གྱི་སྐྱེས་བུ་མཐའ་ཡས་པ་ཞིག་བྱོན་པ་ལས། གཙོ་བོར་གྱུར་པ་སྲས་ཀྱི་ཐུ་བོ་རྣམས་པ་བཞི་སྟེ།  ཤྰཀྱ་མི་ཏྲ།  ནྰ་ག་བོ་ངྷི།  ཨྰརྱ་དེ་བ།  མ་ཏིངྐ་པ།ཉེ་བའི་ཐུགས་སྲས་གསུམ་སྟེ།  སངས་རྒྱས་བསྐྱངས།ལེགས་ལྡན་འབྱེད། སློབ་དཔོན་དཔའ་བོ་བཅས་བདུན་དུ་གྲགས། དེའི་ནང་ནས་ཀྱང་ཟླ་དང་བྲལ་བ་ནི་སློབ་དཔོན་ཨྰརྱ་དེ་བ་སྟེ་འཕགས་པ་ལྷ་ཡིན་ལ། དེ་གཉིས་ལ་ཀླུ་སྒྲུབ་ཡབ་སྲས་གཉིས་དང་གཞུང་ཕྱི་མོའི་དབུ་མ་པར་ཡང་གྲགས།
            སློབ་དཔོན་ཀླུ་སྒྲུབ་ཀྱི་སྐུའི་ཆ་བྱད་ནི་ཞབས་གཡོན་བརྐྱངས་ཤིང་ཕྱག་གཉིས་ཆོས་འཁོར་གྱི་ཕྱག་རྒྱ་དང་། དབུའི་སྟེང་དུ་ཀླུའི་རྒྱལ་པོས་ཕུལ་བའི་སྦྲུལ་གྱི་གདེངས་ཀ་བདུན་གྱིས་བརྒྱན་ནས་བཞུགས་པའོ། །


འབྲེལ་ཡོད་འོས་སྦྱོར།