༄༅།།བློན་ཆེན་མགར་སྟོང་བཙན། 

རྩོམ་པ་པོ།:དུང་དཀར་བློ་བཟང་འཕྲིན་ལས།  དུས་ཚོད།:2020-06-23 ཀློག་གྲངས།:
རྒྱལ་པོ་སྲོང་བཙན་སྒམ་པོའི་མེད་ཐབས་མེད་པའི་བློན་ཆེན་བཞིའི་ནང་གི་གཅིག་ཡིན་ཅིང༌། འཁྲུངས་ཡུལ་སྟོད་ལུང་རམ་པ་ནས་ཡིན་པ་དེང་སང་གནས་དེར་མགར་གྱི་ཕོ་བྲང་ཆགས་པའི་ཡུལ་ཡིན་ཟེར་བ་མཐོང་རྒྱུ་ཡོད། མགར་འདི་རིག་པ་རྣོ་ཞིང་ཆབ་སྲིད་དང་དམག་དོན་ལ་མཁས་པས་སྔ་རྗེས་སུ་རྒྱལ་པོ་སྲོང་བཙན་སྒམ་པོས་མངགས་པ་ལྟར་བལ་ཡུལ་དུ་སོང་ནས་བལ་བཟའ་ཁྲི་བཙུན་གདན་དྲངས་པ་དང༌། བཙན་པོ་མང་སྲོང་མང་བཙན་གྱིས་སྲིད་དབང་བཟུང་སྐབས་ལོ་བཅོ་ལྔའི་རིང་བཙན་པོར་ཆབ་སྲིད་ཀྱི་རོགས་རམ་བྱས་པ། གོང་མ་ཐང་ཀའོ་ཙུང་གི་སར་འཚམས་འདྲིར་སོང་བ་སོགས་སྙན་ལ་རིང་བའི་ལོ་རྒྱུས་ངོ་མཚར་ཆེ་བ་མང་པོ་ཤོད་རྒྱུ་ཡོད་ཅིང༌། བོད་ས་གནས་སུ་རུ་བཞི་དང་སྟོང་སྡེ་དྲུག་བཅུ་རྩ་བཞིར་བགོས་ནས་དམག་སྲིད་ཟུང་འབྲེལ་གྱིས་སྲིད་དབང་འཛུགས་པ་དང༌། ས་ཞིང་གི་རྒྱ་ཁྱོན་རྩིས་ནས་ཁྲལ་བསྡུ་བའི་ལམ་ལུགས་འཛུགས་པ། ས་ཞིང་འབངས་ལ་དབང་བ་དང༌། དམག་དཔུང་ལ་དབང་བ། དམག་དཔོན་ལ་དབང་བ། བློན་ཆེན་ལ་དབང་བ། རྒྱལ་པོ་ལ་དབང་བ་སོགས་རིགས་ལྔར་བགོས་པ་སོགས་བྱས་རྗེས་ཆེན་པོ་བཞག་ཡོད་པར་བརྟེན། བོད་ས་གནས་སུ་བློན་པོ་མགར་སྟོང་བཙན་ལ་སྙན་གྲགས་ཆེན་པོ་ཡོད། གོང་མ་ཐང་ཐའི་ཙུང་གིས་ཀྱང་བློན་པོ་མགར་སྟོང་བཙན་གྱིས་བཤད་པའི་སྐད་ཆར་བློ་ལ་བབས་པོ་བྱུང་ནས་རང་ཉིད་ཀྱི་ཚ་མོ་ཀོང་ཇོ་ཞིག་བག་མར་སྤྲད་ཀྱང་ཐབས་ལ་མཁས་པས་དང་དུ་མ་བླངས་ཤིང༌། གོང་མས་སླར་ཡང་བློན་པོ་མགར་ལ་ཡང་གཡིའུ་གཡུ་ཐའི་ཅང་ཇུན་གཡས་རུའི་སྐུ་སྲུང་དམག་སྤྱི་ཆེན་པོ་ཞེས་པ་གོ་གནས་སྤྲད། རྒྱལ་པོ་སྲོང་བཙན་སྒམ་པོ་འདས་རྗེས་སུའང་མང་སྲོང་མང་བཙན་གྱིས་སྲིད་དབང་བཟུང་བའི་ལོ་བཅོ་ལྔའི་རིང་རོགས་རམ་བྱས་ཤིང༌། ཚེ་སྨད་དུ་འ་ཞའི་ཡུལ་དུ་སྔ་རྗེས་བསྡོམས་ལོ་དྲུག་དང་གྲུ་གུའི་ཡུལ་དུ་ལོ་གཅིག་བཅས་མཐའ་སྲུང་བློན་ཆེན་གྱི་ལས་འགན་ཁུར། ཐང་ཀའོ་ཙུང་གི་ཆེན་ཧྥེང་ཁྲི་ལོ་གཉིས་པ་མེ་ཡོས(༦༦༧)ལོར་འ་ཞའི་ཡུལ་ནས་བོད་ས་གནས་སུ་ཕྱིར་ལོག་བྱས་པའི་ལམ་བར་ཟིང་མདའ་ཟེར་བའི་ས་ཆར་སླེབས་སྐབས་གཉེན་འབྲས་ཀྱི་ན་ཚ་བྱུང་ནས་འདས། བོད་ཀྱི་དམངས་ཁྲོད་ཤོད་རྒྱུན་དུ་བློན་པོ་མགར་ཡང་ཚེ་མཇུག་ལ་རྒྱལ་པོ་སྲོང་བཙན་སྒམ་པོས་བཙོན་ཁང་ནང་བཅུག་ཐོག་མིག་བཏོན་ནས་བསད་པར་བཤད་པ་ནི། བློན་པོ་མགར་གྱི་སྤུན་མཆེད་མགར་བཙན་ཉེན་གུང་སྟོན་ཟེར་བ་ཞིག་ཡོད་པ་དེ་རྒྱལ་པོ་འདུས་སྲོང་མང་པོ་རྗེའི་བློན་པོ་ཡིན་པ་རྗེས་སུ་རྒྱལ་པོ་ལ་བློ་ལོག་པ་རྒྱལ་པོས་ཤེས་ནས་ཤིང་ལུག(༦༩༥)ལོ་ལ་ཁྲིམས་ཀྱི་ཆད་པ་བཅད་དེ་སྲོག་ཐོག་བཏང་བའི་སྐོར་ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཤོག་དྲིལ་ནང་གསལ་བ་དེ་འདྲ་ཞིག་ལ་གོ་ནོར་ཐེབས་པ་ཡིན་ཚོད་ལས། བློན་པོ་མགར་སྟོང་བཙན་བཙོན་འཇུག་དང་ཁྲིམས་གཅོད་བྱས་པའི་ལོ་རྒྱུས་ཁུངས་བཙན་གང་ཡང་མེད། བློན་པོ་མགར་ལ་བུ་ལྔ་ཡོད(མགར་བཙན་སྙ་ལྡོམ་བུ། མགར་ཁྲི་འབྲིང༌། མགར་བཙན་བྲོད། བློན་ཟི་མདོ་ཡི། བློན་འབལ་ལོན)པ་ལས་བུ་ཆེ་བ་བཙན་སྙས་ཕ་འདས་རྗེས་ལོ་ངོ་དྲུག་སོང་བ་ཆུ་སྤྲེལ(༦༧༢)ལོ་ནས་བློན་ཆེན་གྱིས་གོ་གནས་བཟུང་ཞིང༌། བུ་གཞན་གསུམ་གྱིས་དམག་དཔོན་བྱས། ཤིང་བྱ(༦༨༥)ལོར་བློན་མང་ཉེན་སྟག་ཚབ་དང་མ་མཐུན་པར་ནང་དམེ་བྱུང་སྟེ་མང་ཉེན་སྟག་ཚབ་ཀྱིས་བསད། དེ་རྗེས་དེའི་ཚབ་ཏུ་བུ་གཉིས་པ་ཁྲི་འབྲིང་གིས་བློན་ཆེན་བྱས། དེ་ནས་ལོ་ངོ་བཅུ་བཞི་སོང་བ་ས་ཁྱི(༦༩༨)ལོར་རྒྱལ་པོ་འདུས་སྲོང་མང་པོ་རྗེ་དང་མ་མཐུན་པར་རྒྱལ་པོས་ཁྲི་འབྲིང་ལ་དམག་དྲངས་ཏེ་ཁྲི་འབྲིང་རང་སྲོག་བཅད། བཙན་བྲོད་དང་སྤུན་མཆེད་གཞན་རྣམས་ཀྱིས་རང་གི་འཁོར་གཡོག་ཁྲིད་དེ་ཐང་རྒྱལ་རབས་ལ་མགོ་བཏགས་ཞུ་བར་སོང༌། སྐབས་དེར་ཐང་གི་གོང་མ་ནི་བཙུན་མོ་འུ་ཙི་ཐིའན(]]武则天)ཡིན་པས་སྐུ་སྲུང་དམག་བཏང་ནས་བསུ་བ་བྱས་ཏེ། བཙན་བྲོད་ལ་ཐེའུ་ཙིན་དང༌། ཧྥུ་གོ་དམག་དཔོན་ཆེན་པོ་ཀོས་དེ་ཇུན་ཝང་ཞེས་པའི་ཆོ་ལོ་དང༌། མང་པོ་རྗེ་ལ་ཙོའུ་ལིང་ཏའི་ཇང་གུན་ཨན་གུའི་གུང(གཡོན་རུའི་དམག་སྤྱི་ཆེན་པོ)ཞེས་པའི་ཆོ་ལོ་སྤྲད་དེ་ཐང་གི་བློན་པོའི་གྲས་སུ་བཞག
འབྲེལ་ཡོད་འོས་སྦྱོར།