logo

༄༅། །ཁྲི་དར་མ་དཔལ་གྱི་རྡོ་རྗེས་བཀྲོངས་པའི་དཔང་རྟགས་མི་འདུག

རྩོམ་པ་པོ།:གྲལ་ཟུར་དགུ་རོང་སྤུན་གྲོལ། ཡོང་ཁུངས།:ལུག་ཚང་དཔལ་ཡོན་འཕྲིན་སྟེགས། དུས་ཚོད།:2021-10-27 ཀློག་གྲངས།:
༄༅། །ཁྲི་དར་མ་དཔལ་གྱི་རྡོ་རྗེས་བཀྲོངས་པའི་དཔང་རྟགས་མི་འདུག
གྲལ་ཟུར་དགུ་རོང་སྤུན་གྲོལ།

ཚལ་བ་ཀྲིའི་ཡུལ་གྱི་སྟག་སྒྲ་ཀླུ་ཁོང་གི་བང་སོ།
སྔོན་གླེང་སྤྱི་བཤད།
        ངེད་ནི་ལོ་རྒྱུས་ཡིག་ཚང་ཞིབ་འཇུག་གི་ཆེད་མཁས་པ་ཞིག་མིན་མོད། གཞོན་དུས་ནས་ལོ་རྒྱུས་བཀླགས་མྱོང་ཡོད། ཚེ་ཏན་ཞབས་དྲུང་གིས་མཛད་པའི«གངས་ཅན་གྱི་སྒྲ་རིག་པའི་བསྟན་བཅོས་ལས་ཡི་གེའི་ཐོབ་ཐང་བཤད་པ་བློ་གསལ་སྦྲང་རྩིའི་དགའ་སྟོན་ཞེས་བྱ་བ་བཞུགས་སོ»ཞེས་པ་སློབ་སྦྱོང་བྱེད་སྐབས། དགེ་རྒན་གྱིས་གླང་དར་མས་སུམ་རྟགས་ཀྱི་གཞུང་དུ་མ་རྩ་བརླག་བཏང་ཚུལ་དང་། ཆོས་བསྣུབས་ཚུལ་ལ་སོགས་པ་མང་པོ་ཞིག་བཤད་བྱུང་། དུས་དེ་ནས་རྒྱལ་པོ་གླང་དར་མ་ལྷ་ལུང་དཔལ་རྡོར་གྱིས་མདའ་ཡིས་གཞུས་ཏེ་བཀྲོངས་པའི་ལོ་རྒྱུས་ཐོས་འཛིན་གྱི་བུ་གར་བརྒྱུད་འགོ་ཚུགས། ཡིན་ནའང་། དོགས་པ་དང་ཐེ་ཚོམ་གྱིས་འཇུག་པའི་བསླབ་པ་སློབ་གཉེར་བྱེད་སྐབས་ལྷ་ལུང་དཔལ་རྡོར་གྱིས་རྒྱལ་པོ་གླང་དར་མ་བཀྲོངས་པའི་ཐད་ནས་དོགས་གཞི་མང་པོ་ཞིག་བྱུང་མོད། 2018དབར་འབྲི་བའི་གོ་སྐབས་མ་བྱུང་། བདག་གིས2018ལོར་བྲིས་པའི«བཙན་པོའི་རྒྱལ་རབས་འཇིག་རྐྱེན་ནི་འབངས་གྱེན་ལོག་ཅེས་པའི་ནང་འཁྲུག་དེ་རེད་སྙམ»ཞེས་པའི་དྲ་རྩོམ་དེ་ལ་དྲ་དམངས་ཁྲི13ལྷག་གིས་དོ་སྣང་བྱུང་འདུག ཡིན་ནའང་། བདག་གིས་འབངས་གྱེན་ལོག་ཇི་ལྟར་དང་ཅིའི་ཕྱིར་བྱུང་པའི་གནད་ནི་གཏིང་ཟབ་ཀྱིས་བཀྲལ་ཐུབ་མེད། དེ་བས། གནད་དེ་ནི་ནམ་ཞར་ངའི་སེམས་ནད་ལྟ་བུ་ཞིག་ཏུ་གྱུར་པས། ད་ལོའི་ཟླ་བཅུ་པའི་ནང་ལྷ་སའི་སྟོད་ལུང་བདེ་ཆེན་ཚ་ཐོག་བྲག་རྒན་གྱི་གནའ་ཤུལ་ལ་ཡུལ་དངོས་རྟོག་དཔྱོད་ཆེད་ཕྱིན་པའི་སྐབས་སུ་ཚལ་བ་ཀྲིའི་ཡུལ་གྱི་བློན་སྟག་ཀླུ་ཁོང་གི་བང་སོའི་གནས་དང་། བདག་གིས་སྙིང་ནས་བཀུར་པའི་རྔོག་ལོ་ཆེན་པོའི་གདན་ས་གསང་ཕུ་དང་བྱ་འདུལ་པའི་འདུལ་གྲྭ་ཟུར་ཕུ་བཅས་ལ་གནས་སྐོར་བྱས་པ་དང་བསྟུན་ནས། འུ་དུམ་བཙན་ལྷ་ལུང་དཔལ་རྡོར་གྱིས་བཀྲོངས་ཚུལ་ཐད་ནས་བསམ་གཞིག་གི་འཕྲོས་རྟོགས་གསར་མ་ཞིག་སྐྱེས་བྱུང་། འུ་དུམ་བཙན་ལྷ་ལུང་དཔལ་རྡོར་གྱིས་བཀྲོངས་ཚུལ་འགྲེལ་མཁན་གྱི་ཡིག་ཚང་ཐོག་མའམ་སྔ་ཤོས་གང་ཡིན་མིན་དང་། བསྟན་པ་ཕྱི་དར་གྱི་སྐབས་སུ་དབུས་གཙང་གི་ཕྱོགས་ནས་ས་ཐག་ཉེ་བའི་མངའ་རིས་ཀྱི་སྟོད་འདུལ་གཙོ་གནད་དུ་མ་བཟུང་ནས་ས་ཐག་ཆེ་ཆེར་རིང་པའི་མདོ་སྨད་ཀྱི་སྨད་འདུལ་གཙོ་གནད་དུ་འཛིན་དགོས་དོན་ཅི་ཡིན་ནམ། དུས་རབས་བཅུ་པའི་རྗེས་ཀྱི་ཆོས་འབྱུང་ཁག་ཏུ་འབངས་གྱེན་ལོག་གི་ཉེས་དམིགས་གསལ་འདོན་མ་བྱས་པར་དེ་དག་གི་ཉེས་སྐྱོན་འུ་དུམ་བཙན་གྱི་བྱས་འབྲས་སུ་སྦྱར་པ་ཡིན་ནམ་ཅི། དེས་ན། ཆོས་འབྱུང་ཁག་ཏུ་འབངས་གྱེན་ལོག་གི་ཉེས་སྐྱོན་གསལ་པོར་ཅིའི་ཕྱིར་བཀྲལ་མ་ཐུབ་པ་ཡིན་ནམ་ལ་སོགས་པའི་དོགས་གནད་མང་དག་ཅིག་སྐྱེས་བྱུང་པས་གཤམ་ནས་དོགས་གནད་དེ་དག་དང་སྦྲགས་ནས་འཆད་པར་བྱ།
1.འུ་དུམ་བཙན་དཔལ་གྱི་རྡོ་རྗེས་བཀྲོངས་པའི་འགྲེལ་ཚུལ་གྱི་ཡིག་ཚང་སྔ་ཤོས་གང་ཡིན་ནམ།
        འུ་དུམ་བཙན་ལྷ་ལུང་དཔལ་རྡོར་གྱིས་བཀྲོངས་པའི་གནས་ཚུལ་དུས་རབས་བཅུ་པའི་སྔོན་གྱི་བྲག་བརྐོས་ཡི་གེ་དང་། ཏུན་ཧོང་གཏེར་ཡིག་བཅས་སུ་མངོན་མེད། ཐ་ན། དུས་རབས་བཅུ་གཅིག་པའི་སྟོད་ཀྱི་ལོ་ཆེན་རིན་བཟང་གི་རྣམ་ཐར་དང་། ལྷ་བླ་མ་ཡེ་ཤེས་འོད་ཀྱི་རྣམ་ཐར་བཅས་སུ་ཡང་མངོན་མེད་པས། དུས་རབས་བཅུ་གཉིས་པའི་དུས་སྟོད་ལ་གཏོགས་པའི«དབའ་བཞེད»ཀྱི་ནང་ཐོག་མར་བྱུང་བ་ཡིན་པ་འདྲ། «དབའ་བཞེད»ལྕགས་དཔར་མའི་ཤོག་ངོས247-248མཚམས་སུ། ཉལ་བའི་རྨི་ལམ་དུ་བྱུང་བ་སྐད་བྱས་པས། ཉེ་བ་རྣམས་ཀྱིས་ཆོས་བསྣུབས་པའི་གླེང་ལེངས་ཞིབ་ཏུ་གླེང་པས། དཔལ་གྱི་རྡོ་རྗེ་སྙིང་རྗེ་སྐྱེས་ནས། དེ་ལ་ཐབས་བསམས། དུས་འཁོར་དང་རྟེན་འབྲེལ་རྩིས་ཏེ་རྟ་དཀར་པོ་ལ་སོལ་བ་བྱུགས། བེར་ནང་དཀར་ལ་ཕྱི་ནག་པ་གོན། ལྕགས་དམའ་ལྕགས་གཞི་འཁྱེར་ནས་ལྷ་སར་ཕྱིན་པའི་དུས་ན། བཙན་པོ་ན་རེ། ཁམས་གཅིག་མ་བདེ། མདང་རྨི་ལམ་ངན་པ་ཞིག་ཀྱང་རྨིས། སྙིང་ཞིག་ཀྱང་མ་དགའ་ཟེར་ཞིང་རྡོ་རིང་གི་ཡི་གེ་ཀློག དཔལ་གྱི་རྡོ་རྗེ་མི་གཅིག་དང་འཕྲད་པས། ཇོ་བོ་མི་ནག་རྟ་ནག་ཅན་གར་འགྲོ་ཟེར། ང་བཙན་པོ་ལ་ཕྱག་བྱེད་པ་ཡིན་ཏེ། རྗེ་ག་ན་བཞུགས་བྱས་པས། རྡོ་རིང་གི་ཡི་གེ་ལ་བལྟ་འདུག་གོ་ཟེར། བཙན་པོས་དཔལ་གྱི་རྡོ་རྗེ་བྱུང་བ་མཐོང་བས། མགོན་པོ་ནག་པོའང་བྱུང་ཟེར་ནས། གཙུག་ལག་ཁང་དང་དགའ་ལྡན་བར་གྱི་མཆོད་རྟེན་ལ་སྐུ་རྟེན་བྱས་ནས་བཞུགས་པའི་མདུན་དུ། དཔལ་གྱི་རྡོ་རྗེ་རྟ་བབས་ནས་སྤུས་མོ་ལ་བརྟེན་ནས་གཞུ་བརྡུངས་པས། བཙན་པོར་ཕྱག་བྱེད་པར་གོ་ནས་ཞེ་སུ་ཕུལ་ཟེར་ཕྱག་དང་པོ་བྱེད་ཙ་ན་གཞུ་བརྡུངས། གཉིས་པ་བྱེད་ཙ་ན་མདའ་ལྟོང་། ཕྱག་ཟིན་རལ་པ་རྒྱབ་ཏུ་བསྐྱུར་ཙ་ན་མཐེབ་གྲོལ་བ་མདའ་དཔྲལ་དུ་བརྒྱབ། རྒྱལ་པོ་སྡུག་ཅན་དེ་ལྟར་གསོད། ཅེས་འཁོད་འདུག དེ་བཞིན་དུས་རབས་བཅུ་གཉིས་པའི་སྨད་དུ་བརྩམས་པའི་མྱང་ཉི་མ་འོད་ཟེར་གྱི་ཆོས་འབྱུང་གི་ཤོག་ངོས406མཚམས་སུ་ཚིག་དོན་ཇི་བཞིན་འཁོད་ཡོད། འདིའི་ཁུངས་ནི་ཕལ་ཆེར«དབའ་བཞེད»ལས་བྱུང་བར་སྙམ། ཡིན་ནའང་། དུས་རབས་བཅུ་གཉིས་པའི་དུས་དཀྱིལ་ལ་བརྩམས་པར་གྲགས་པའི«རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ»ཞེས་པའི་ཤོག་ངོས348མཚམས་སུ། རྒྱལ་པོའི་སྐེ་རལ་གྲིས་བཅད་དོ་་་ ཞེས་འཁོད་འདུག་པས། དུས་རབས་བཅུ་གཉིས་པའི་ནང་བྱུང་པར་གྲགས་པའི་གོང་འཁོད་ཀྱི་ཆོས་འབྱུང་དེ་གསུམ་གྱི་འགྲེལ་ཚུལ་མ་མཐུན་པར་གྱུར་འདུག
2.དབའ་བཞེད་ནང་འཁོད་ཀྱི་འགྲེལ་ཚུལ་ལ་དཔྱད་པའི་བསམ་གཞིག་གི་འཕྲོས་རྟོགས།
        «དབའ་བཞེད»ནི་དུས་རབས་བཅུ་གཉིས་པའི་སྟོད་མཚམས་སུ་བྱུང་པས། «དབའ་བཞེད»བྱུང་པའི་དུས་དང་འུ་དུམ་བཙན་བཀྲོངས་པའི་དུས་གཉིས་ཀྱི་དབར་ལོ་ཉིས་བརྒྱ་ལྷག་གིས་ཆོད་ཡོད་པས། «དབའ་བཞེད»ཀྱི་ནང་འཁོད་པའི་འགྲེལ་ཚུལ་དེ་དག་ལའང་ཡོང་ཁུངས་ཤིག་ཡོད་དགོས། གལ་ཏེ། «དབའ་བཞེད»ནི་ཁྲི་སྲོང་ལྡེ་བཙན་སྐབས་ཀྱི་གཏེར་མ་ཡིན་ཚེ། འུ་དུམ་བཙན་ནི་ཁྲི་སྲོང་ལྡེ་བཙན་འཁྲུངས་ནས་མི་ལོ་བདུན་ཅུ་ལྷག་གི་རྗེས་སུ་འཁྲུངས་ཏེ། ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་འུ་དུམ་བཙན་འཁྲུངས་མེད་པས་ཁོང་བཀྲོངས་པའི་གནས་ཚུལ་འགྲེལ་ཐབས་ཡེ་ནས་མེད། དེར་བརྟེན། «དབའ་བཞེད»ཀྱི་ནང་འཁོད་པའི་འགྲེལ་ཚུལ་དེ་ནི་དུས་རབས་བཅུ་གཉིས་པའི་ནང་བྱུང་བ་ཞིག་རེད་ལ། འུ་དུམ་བཙན་དཔལ་གྱི་རྡོ་རྗེས་བཀྲོངས་པའི་གནས་ཚུལ་དེ་ཡང་དུས་རབས་བཅུ་གཉིས་པའི་ནང་བྱུང་བ་ཞིག་རེད། «དབའ་བཞེད»དམ་ཡང་ན་«ཞབས་བཏགས་མ»ཞེས་པའི་དེབ་ཀྱི་ནང་ལྷ་བླ་མ་ཡེ་ཤེས་འོད་དང་བྱང་ཆུབ་འོད་དང་ལོ་ཆེན་རིན་བཟང་བཅས་ཀྱི་མིང་ཐོན་ཡོད་པས་མཁར་རྨེའུ་བསམ་གཏན་ལགས་ཀྱིས་དེ་ནི་དུས་རབས་བཅུ་གཅིག་པའི་ནང་བྱུང་ཡོད་ཚུལ་བཞེད། གང་ལྟར། དུས་རབས་དགུ་པའི་མཇུག་ནས་དུས་རབས་བཅུ་གཉིས་པའི་སྔོན་དབར་གྱི་ཡིག་ཚང་ད་ལྟར་མཐོང་རེག་སུ་གྱུར་པ་དག་གི་ནང་ལ་དེ་འདྲ་ཅིའི་ཕྱིར་མ་བྱུང་བ་ཡིན་ནམ། འུ་དུམ་བཙན་བཀྲོངས་ནས་མི་ལོ་ཉིས་བརྒྱ་ལྷག་གི་རྗེས་སུ་མ་གཏོགས་ཁོང་ཉིད་བཀྲོངས་པའི་གནས་ཚུལ་ཡིག་ཐོག་ཏུ་མ་བཀོད་པའི་རྒྱུ་མཚན་ཅི་ཡིན་ནམ། མི་ལོ་ཉིས་བརྒྱའི་རྗེས་སུ་དེ་འབྲེལ་གྱི་གནས་ཚུལ«དབའ་བཞེད»ཀྱི་ནང་ཐོག་མར་མངོན་པའི་འགག་རྩ་ཅི་ཡིན་ནམ།
        གཅིག་ནས། «དབའ་བཞེད»ཀྱི་ནང་ལྷ་ལུང་དཔལ་རྡོར་གྱི་རྨི་ལམ་དུ་ཉེ་བ་རྣམས་ཀྱིས་ཆོས་བསྣུབས་པའི་སྐོར་གླེངས་པ་རྨིས་ཏེ་སྙིང་རྗེ་སྐྱེས་ནས་རྒྱལ་པོ་བཀྲོངས་པའི་རྩིས་བརྒྱབ་ནས་ལྷ་སར་ཆས་ཚུལ་འཁོད་པ་ལྟར་བྱས་ན། འུ་དུམ་བཙན་གྱིས་བསམ་ཡས་གཙུག་ལག་ཁང་གི་བན་སྔགས་རྣམས་ཀྱི་འཚོ་བ་བླ་ནས་སྦྱོར་པའི་རྒྱུན་བཅད་པ་དང་། བན་སྔགས་དེ་དག་གི་མཆོད་གཞིས་སུ་ཁས་འཆེས་པ་རྣམས་ཕྱིར་བླངས་པ་དང་། ལོ་གཞོན་རྣམས་བན་སྔགས་བྱེད་པར་བཀག་པ་ལ་སོགས་པའི་བཅོས་སྒྱུར་ཆེན་མོ་ནི་ཕྱི་ལོ831ལོར་བྱུང་པར་ལོ་རྒྱུས་སྨྲ་བ་དག་གིས་གཏན་ལ་འཁེལ་ཡོད་པས། གལ་ཏེ། ལྷ་ལུང་དཔལ་རྡོར་གྱི་རྨི་ལམ་དུ་ཆོས་བསྣུབས་པའི་སྐོར་རྨིས་ཏེ་སྙིང་རྗེའི་དབང་དུ་གྱུར་ནས་རྒྱལ་པོ་བཀྲོངས་པའི་རྩིས་རྒྱག་ན། ཕྱི་ལོ831,832,833བཅས་སུ་རྩིས་བརྒྱབ་ནས་རྒྱལ་པོ་བཀྲོངས་ན་མི་ཆོག་གམ། ཡིན་གཅིག་མིན་གཉིས་འུ་དུམ་བཙན་གྱིས་བཅོས་སྒྱུར་ཆེན་མོ་བྱུང་སྟེ་ལོ་བཅུའི་རྗེས་སུ་རྒྱལ་པོ་བཀྲོངས་དགོས་པའི་རྒྱུ་མཚན་ཅི། ལོ་བཅུའི་རིང་ལ་འུ་དུམ་བཙན་གྱིས“ཆོས་བསྣུབས་པ”ལྷ་ལུང་དཔལ་རྡོར་གྱི་རྨི་ལམ་དུ་ཅིའི་ཕྱིར་མ་འཁོར་བ་ཡིན་ནམ། གལ་ཏེ། ལྷ་ལུང་དཔལ་རྡོར་སྙིང་རྗེ་སྐྱེས་ཡོད་ན། ལོ་བཅུའི་རིང་ལ་ཁོང་ཉིད་ཀྱི་སྙིང་རྗེའི་མིག་ཟུང་ཟུམ་པར་གྱུར་དོན་ཅི་ཡིན་ནམ། འགྲེལ་ཚུལ་དེ་ནི་ལྷ་སྒྲུང་གཏམ་རྒྱུད་ཀྱི་ཆ་ཤོས་ཆེ་བ་ལས་མི་དོན་ལྐོག་གསོད་ཀྱི་ཐབས་ཇུས་དང་འབྲེལ་ཡོད་པའི་རྟགས་མཚན་མི་འདུག  
        གཉིས་ནས། «དབའ་བཞེད»ཀྱི་ནང་ལྷ་ལུང་དཔལ་རྡོར་གྱི་རྨི་ལམ་དུ་ཆོས་བསྣུབས་པའི་སྐོར་གླེངས་པ་རྨིས་ཏེ་ལྷ་སར་ཆས་པ་དང་། འུ་དུམ་བཙན་གྱི་རྨི་ལམ་འཁྲུག་སྟེ་གཙུག་ལག་ཁང་གི་མདུན་གྱི་རྡོ་རིང་ལ་བལྟ་བའི་སེམས་འདུན་སྐྱེས་པ་གཉིས་ཧ་ལམ་དུས་མཉམ་ཡིན་པར་བཀྲལ་ཡོད། འདི་ནི་དངོས་གནས་མཚར་པོ་རེད། ལྷ་ལུང་དཔལ་རྡོར་ལྷ་སར་སླེབས་ནས་བཙན་པོ་ག་བར་བཞུགས་ཞེས་དྲིས་པའི་སྐབས་དང་། འུ་དུམ་བཙན་གྱིས་རྡོ་རིང་ལ་བལྟ་བའི་སྐབས་གཉིས་དུས་གཅིག་ལ་འཁེལ་པ་ནི་རྟོག་སྒྲུང་གི་ནང་དུ་མ་གཏོགས་དེ་འདྲ་ཡོང་ཐབས་མེད། ད་དུང་། རྒྱལ་པོ་སྡིག་ཅན་དང་རྨི་ལམ་དང་སྙིང་རྗེ་བཅས་ཀྱི་གནད་ཚིག་མངོན་ཡོད་པ་དང་། རྒྱལ་པོ་བཀྲོངས་རྗེས་རྫུ་འཕྲུལ་ལྟ་བུའི་ཚུལ་གྱིས་བྲོས་ནས་གར་སོང་ཆ་མ་འཚལ་པའི་འགྲེལ་ཚུལ་དེ་དག་ནི་ལྷ་སྒྲུང་གཏམ་རྒྱུད་ཀྱི་ཤན་ཆེན་པོར་ཐེབས་འདུག་སྙམ། འུ་དུམ་བཙན་གྱི་རྨི་ལམ་འཁྲུག་ན་རྡོ་རིང་ལ་བལྟ་བར་འགྲོ་དགོས་པའི་རྒྱུ་མཚན་ཅི།
3.«དབའ་བཞེད»ཀྱི་ནང་འཁོད་འགྲེལ་ཚུལ་དེའི་ཡོང་ཁུངས་གང་ཡིན་ནམ། 
        བདག་གིས་ལྷ་ལུང་དཔལ་རྡོར་སྙིང་རྗེའི་དབང་དུ་གྱུར་ནས“རྒྱལ་པོ་སྡིག་ཅན་གླང་དར་མ”མདའ་ཡིས་གཞུས་ཏེ་བཀྲོངས་པའི་ཚུལ«དབའ་བཞེད»ཀྱི་ནང་འཁོད་པ་དང་། «འཕགས་པ་རྒྱ་ཆེར་རོལ་པའི་མདོ་ལས་བདུད་བཏུལ་པའི་ལེའུ་ཉི་ཤུ་རྩ་གཅིག་པ»ཡི་ནང་འཁོད་པ་གཉིས་ལ་འདྲ་ས་མང་པོ་འདུག་པའི་རྟགས་མཚན་རྙེད། «འཕགས་པ་རྒྱ་ཆེར་རོལ་པའི་མདོ»ཡི་ནང་བདུད་སྡིག་ཅན་གྱིས་རྨི་ལམ་རྣམ་པ་སུམ་ཅུ་རྩ་གཉིས་རྨིས་ཏེ་ཡིད་མ་བདེ་བའི་ཚུལ་དང་། འུ་དུམ་བཙན་སྡིག་ཅན་གྱི་རྣམ་པར་བཞེངས་ཐོག་རྨི་ལམ་འཁྲུག་སྟེ་ཡིད་མ་བདེ་ནས་རྡོ་རིང་ལ་བལྟ་བར་འགྲོ་བའི་འགྲེལ་ཚུལ་གཉིས་འདྲ་བོ་འདུག «འཕགས་པ་རྒྱ་ཆེར་རོལ་པའི་མདོ་ཡི་ལེའུ་ཉེར་གཅིག»གི་ནང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་དགྲ་བཅོམ་པ་རྣམས་བདུད་སྡིག་ཅན་གྱིས་མདའ་དང་མདུང་ཐོག་པའི་ཡན་ལག་བཞི་ལྡན་གྱི་དཔུང་སྟོབས་བསྒྲིགས་པའི་གནོད་འཚེ་ལ་སྙིང་རྗེ་སྐྱེས་ནས་བདུད་སྡིག་ཅན་བཏུལ་པའི་ཚུལ་དང་། ལྷ་ལུང་དཔལ་རྡོར་ནི་འུ་དུམ་བཙན་གྱིས་ཆོས་བསྣུབས་པའི་གནོད་འཚེ་ལ་སྙིང་རྗེ་སྐྱེས་ནས“རྒྱལ་པོ་སྡིག་ཅན”འུ་དུམ་བཙན་བཀྲོངས་པའི་འགྲེལ་ཚུལ་གཉིས་འདྲ་བོ་འདུག «འཕགས་པ་རྒྱ་ཆེར་རོལ་པའི་མདོ་ཡི་ལེའུ་ཉེར་གཅིག»གི་ནང་བདུད་ཀྱི་དཔུང་ཚོགས་ཀྱི་ཁྲོད་ན་མདའ་གཞི་ཐོགས་པའི་ལུས་མདོག་སྔོ་སེར་དཀར་དམར་ཅན་ཡོད་ཚུལ་དང་། ལྷ་ལུང་དཔལ་རྡོར་ནི་བདུད་ཡ་གཞེར་ནག་པོའི་ཆས་སུ་ཞུགས་ཏེ་རྟ་དཀར་པོ་ལ་སོལ་ནག་པོ་བྱུགས་པའི་འགྲེལ་ཚུལ་གཉིས་འདྲ་བོ་འདུག དེར་བརྟེན། «དབའ་བཞེད»ནང་འཁོད་ཀྱི་འགྲེལ་ཚུལ་དེའི་ཡོང་ཁུངས་ནི«འཕགས་པ་རྒྱ་ཆེར་རོལ་པའི་མདོ་ཡི་ལེའུ་ཉེར་གཅིག་པ»ཡིན་པར་སྙམ། འཕགས་པ་རྒྱ་ཆེར་རོལ་པའི་མདོ་ནི་བན་བྷེ་ཡེ་ཤེས་སྡེ་ཡིས་བསྒྱུར་ཏེ་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་ཅེས་འཁོད་པར་གཞིགས་ན། ལེའུ་ཉེར་གཅིག་པ་དེ་ནི་དུས་རབས་བཅུ་པའི་རྗེས་སུ་བསྒྱུར་པ་ཞིག་ཡིན་པར་འདོད། གང་ལྟར། «དབའ་བཞེད»ནང་འཁོད་ཀྱི་འགྲེལ་ཚུལ་དེ་ནི་གོང་འཁོད་ཀྱི་མདོ་དེས་ཤུགས་རྐྱེན་ཐེབས་ཡོད་པ་མངོན་གསལ་རེད།
4.མཇུག་བསྡུ་བ།
        གཅིག་ནས། «དབའ་བཞེད»ཀྱི་ནང་འཁོད་པའི་འུ་དུམ་བཙན་བཀྲོངས་ཚུལ་དེ་ནི«འཕགས་པ་རྒྱ་ཆེར་རོལ་པའི་མདོ་ཡི་ནང་གི་བདུད་བཏུལ་པའི་ལེའུ་ཉེར་གཅིག་པ»ཡི་འགྲེལ་ཚུལ་དང་འདྲ་ཆེ་བ་ལས། མི་དོན་ལྐོག་གསོད་ཀྱི་འགྲེལ་ཚུལ་དང་འདྲ་བོ་ཡེ་ནས་མི་འདུག
        གཉིས་ནས། «དབའ་བཞེད»ནང་འཁོད་ཀྱི་འགྲེལ་ཚུལ་དེ་ཡང་ཕྱི་ལོའི་དུས་རབས་བཅུ་གཉིས་པའི་དུས་སྟོད་ཡས་མས་སུ་བྱུང་འདུག་པས། འུ་དུམ་བཙན་དང་ཡུལ་དུས་གཅིག་པའི་ནང་ཚུད་ལ་བྲིས་པའི་ཡིག་ཚང་དུ་འཁོད་མེད་པས་ལྷ་ལུང་དཔལ་རྡོར་གྱིས་འུ་དུམ་བཙན་བཀྲོངས་པའི་འགྲེལ་ཚུལ་དེ་ལ་བདེན་དཔང་དང་ཁུངས་སྐྱེལ་འདི་ཡིན་ཟེར་བ་ཞིག་མི་འདུག དེས་ན་འགྲེལ་ཚུལ་དེ་འདྲ«དབའ་བཞེད»ཀྱི་ནང་དུ་ཐོག་མར་ཅིའི་ཕྱིར་བྱུང་པ་རེད་ཅེ་ན། མཁར་རྨེའུ་བསམ་གཏན་གྱི་འགྲེལ་ཚུལ་ལྟར་ན། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་ནས་དབུས་གཙང་ཕྱོགས་ཀྱི་བློན་ཆེན་གྱི་གོ་གནས་ནི་དབའ་རུས་རྒྱུད་ཀྱིས་བཟུང་ཡོད་པ་དང་། རུས་རྒྱུད་འདི་ཉིད་རྒྱ་གར་སངས་རྒྱས་ཆོས་ལུགས་ལ་དད་ཤུགས་ཆེ་བ་དང་། བསམ་ཡས་གཙུག་ལག་ཁང་བཞེངས་པ་དང་མཁན་ཆེན་ཞི་བ་འཚོ་བོད་དུ་གདན་འདྲེན་པར་ནུས་ཤུགས་འདོན་མཁན་གཙོ་གྲས་ཀྱི་རུས་རྒྱུད་གོ་གནས་མཐོ་བོ་ཡོད་མཁན་ཅིག་རེད། དུས་མཚུངས་སུ། འུ་དུམ་བཙན་བཀྲོངས་པའི་རྗེས་སུ་འོད་སྲུང་ནི་བཙན་པོའི་གདུང་རྒྱུད་མིན་ཟེར་མཁན་གྱི་རུས་རྒྱུད་གཙོ་གྲས་ཤིག་རེད། «དབའ་བཞེད»ཀྱི་ནང་བསམ་ཡས་གཙུག་ལག་དང་མཁན་ཆེན་ཞི་བ་འཚོ་ལ་སོགས་པ་གཙོར་འདོན་བྱས་ཏེ། འུ་དུམ་བཙན་གྱིས་ཆོས་བསྣུབས་ཚུལ་ཐོག་མར་འཁོད་པ་བཅས་ལ་གཞིགས་ན། འུ་དུམ་བཙན་བཀྲོངས་མཁན་ནི་ཕལ་ཆེར་དབའ་རུས་རྒྱུད་ལ་འབྲེལ་ཡོད་པ་ཚོད་ཀྱིས་ཐུབ་ལ། འབངས་གྱེན་ལོག་དབུས་གཙང་གི་ཕྱོགས་ནས་སྤང་ལ་མེ་མཆེད་པ་ལྟར་འབར་བ་ཡང་དབའ་རུས་རྒྱུད་ཀྱི་སྟོབས་ཤུགས་ལ་འབྲེལ་ཡོད་སྲིད། དེར་བརྟེན། འབངས་གྱེན་ལོག་གི་ཉེས་དམིགས་གཙོ་འདོན་མ་བྱས་པར་འུ་དུམ་བཙན་གྱིས་ཆོས་བསྣུབས་ཚུལ་འགྲེལ་དགོས་བྱུང་པར་སྙམ། འོད་སྲུང་གི་གདུང་རྒྱུད་ཕྱི་མ་རྣམས་དབུས་ནས་གཙང་ལ་ཕུད་ཅིང་གཙང་ནས་མངའ་རིས་ནུབ་མཐའ་ལ་འདེད་པའི་དཔུང་ཤུགས་ཀྱང་དབའ་རུས་རྒྱུད་ལ་འབྲེལ་ཡོད་པར་སྙམ། བསྟན་པ་ཕྱི་དར་གྱི་སྐབས་སུ་དབུས་གཙང་གི་མི་བཅུ་མདོ་སྨད་དུ་ཡོང་ནས་མཁན་ཆེན་ཞི་བ་འཚོ་ཡི་སྡོམ་རྒྱུད་བླངས་ཏེ་སྨད་འདུལ་གཙོ་བོར་བཟུང་བ་ཡང་དབའ་རུས་རྒྱུད་ཀྱི་དམིགས་འདུན་ལ་འབྲེལ་ཡོད་སྲིད། བོད་ཀྱི་ཆོས་འབྱུང་ལོ་རྒྱུས་འབྲི་མཁན་རྣམས་ཀྱང་དབའ་རུས་རྒྱུད་དང་འདྲ་བར་མཁན་ཆེན་ཞི་བ་འཚོ་ཡིས་སྤེལ་པའི་རྒྱ་གར་སངས་རྒྱས་ཆོས་ལུགས་ལ་དད་མཁན་རྐྱང་རྐྱང་རེད་པས། ཁོང་ཅག་གིས«དབའ་བཞེད»ནང་འཁོད་ལྟར་གཅིག་རྗེས་གཉིས་ཀྱིས་བྲིས་ཏེ། འུ་དུམ་བཙན་ནི«འཕགས་པ་རྒྱ་ཆེར་རོལ་པའི་མདོ»ཡི་ནང་འཁོད་ཀྱི་བདུད་སྡིག་ཅན་ལྟར་བྲིས་ཡོད། ད་ལྟའི་ལོ་རྒྱུས་ཡིག་ཚང་ཞིབ་འཇུག་པ་དག་གིས་ཀྱང་དེ་དེ་བཞིན་གྱིས་བྲིས་པས། འུ་དུམ་བཙན་བཀྲོངས་པའི་འགྲེལ་ཚུལ་ལ་མི་དོན་ལྐོག་གསོད་ཀྱི་ཐབས་ཇུས་དང་སྦྱར་ནས་དཔྱད་པ་བཏང་ཡོད་པ་བདག་གིས་མཐོང་མ་མྱོང་། ལོ་རྒྱུས་ཞིབ་འཇུག་པ་དག་གིས་མི་དོན་ལྐོག་གསོད་ཀྱི་ཐབས་ཇུས་དང་སྦྱར་ནས་འུ་དུམ་བཙན་བཀྲོངས་པའི་འགྲེལ་ཚུལ་ལ་ཞིབ་འཇུག་བྱས་ན་དགེ་མཚན་ཆེ་བར་སྙམ་ལ། འབངས་གྱེན་ལོག་གི་རྒྱབ་ལོགས་སུ་དབའ་རུས་རྒྱུད་ཡོད་མེད་དང་། འབངས་གྱེན་ལོག་གི་ཉེས་པ་འུ་དུམ་བཙན་གྱི་སྟེང་ལ་སྦྱར་ཡོད་མེད་དང་། བཙན་པོའི་རྒྱལ་རབས་འཐོར་ཞིག་ཏུ་གྱུར་ནས་ཤུལ་མེད་དུ་འགྲོ་བའི་རྐྱེན་རྩ་དབའ་རུས་རྒྱུད་ལ་འབྲེལ་ཡོད་མེད་བཅས་ལ་ཞིབ་འཇུག་བྱས་བཏུབ་ན་དགེ་མཚན་དེ་བས་ཀྱང་ཆེ་བར་སྙམ་མོ། །
2021.10.25
འབྲེལ་ཡོད་འོས་སྦྱོར།