logo

༄༅། །བཙན་པོ་དོན་གྲུབ་རྒྱ་མཚོས་མདོ་སྨད་བྱང་རྒྱུད་དུ་རྒྱལ་བསྟན་དར་སྤེལ་མཛད་ཚུལ་གླེང་བ།

རྩོམ་པ་པོ།:གླིང་ཚ་སྙིང་རྒྱལ་འབུམ། ཡོང་ཁུངས།:2019ལོའི་རྩེར་སྙེག་དེབ་གསུམ་པ། དུས་ཚོད།:2021-11-24 ཀློག་གྲངས།:
༄༅། །བཙན་པོ་དོན་གྲུབ་རྒྱ་མཚོས་མདོ་སྨད་བྱང་རྒྱུད་དུ་རྒྱལ་བསྟན་དར་སྤེལ་མཛད་ཚུལ་གླེང་བ།
གླིང་ཚ་སྙིང་རྒྱལ་འབུམ།

ནང་དོན་གནད་བསྡུས། རྩོམ་འདིར་བཙན་པོ་དོན་གྲུབ་རྒྱ་མཚོའི་མཚན་ཟུར་གྱི་བཙན་པོ་ཞེས་པའི་ཐོགས་དོན་ལས་འཕྲོས་ཏེ། ཁོང་རྒྱལ་དབང་མཆོག་གི་བཀས་མདོ་སྨད་དུ་ཕེབས་ནས་སེམས་ཉིད་དང་། སྐུ་འབུམ་དང་། དགོན་ལུང་བཅས་ཀྱི་ཚོགས་ཆེན་ཁྲི་ལ་བཞུགས་ཤིང་། སྒོས་སུ་འབྲུ་གུ་དང་། གསེར་ཁོག་གམ་བཙན་པོ་དགོན་གཉིས་ཕྱག་བཏབ་སྟེ། རྨ་ཙོང་ཆུ་བོའི་བྱང་རྒྱུད་དུ་རྒྱལ་བའི་བསྟན་པ་དར་སྤེལ་མཛད་ཚུལ་ལ་ལོ་རྒྱུས་ཡིག་ཚང་དག་གུང་བསྒྲིགས་ནས་དབྱེ་ཞིབ་རགས་ཙམ་བགྱིས་ཡོད།
བརྡ་ཆད་གཙོ་བོ། བཙན་པོ་དོན་གྲུབ་རྒྱ་མཚོ། རྒྱལ་བསྟན། མཛད་རྗེས།

        དེ་ཡང་རྒྱལ་དབང་གསུམ་པ་བསོད་ནམས་རྒྱ་མཚོ་མཆོག་སོག་པོ་ཨན་ཐལ་རྒྱལ་པོས་མདོ་སྨད་དུ་གདན་དྲངས་ཏེ་མཆོད་ཡོན་གྱི་འབྲེལ་བ་བྱུང་ཞིང་། རྒྱལ་དབང་མཆོག་ནས་ཁོང་གི་སྐུ་ཚབ་ཏུ་སྟོང་འཁོར་བ་ཡོན་ཏན་རྒྱ་མཚོ་སོག་ཡུལ་དུ་མངགས་པ་ནས་རི་བོ་དགེ་ལུགས་པའི་གྲུབ་མཐའ་སོག་པོའི་ཡུལ་དུ་དར་འགོ་ཚུགས་ཤིང་། ཡུལ་མདོ་སྨད་དུ་བསྟན་པ་འཛིན་པའི་སྐྱེས་ཆེན་དམ་པ་མང་དུ་བྱོན་ལ། མདོ་སྔགས་གཉིས་ཀྱིས་བསྡུས་པའི་བཤད་གྲྭའང་མང་པོ་ཆགས། ཁྱད་པར་དུ་དུས་རབས་བཅུ་དྲུག་པ་ནི་བོད་སོག་མི་རིགས་བར་གྱི་འབྲེལ་བ་ཤིན་ཏུ་ཟབ་པའི་དུས་སྐབས་གལ་ཆེན་ཞིག་ཡིན་ལ། རྒྱལ་དབང་ལྔ་བ་དང་། སྨིན་གྲོལ་ནོ་མོ་ཧན། ལ་མོ་གསེར་ཁྲི་སོགས་སྐྱེས་ཆེན་དམ་པ་མང་པོ་མདོ་སྨད་དུ་ཕེབས་ཏེ། བསྟན་པ་དང་འགྲོ་བའི་དོན་མཛད་པ་ལས། འདིར་བཙན་པོ་དོན་གྲུབ་རྒྱ་མཚོ་མཆོག་གིས་མདོ་སྨད་བྱང་རྒྱུད་དུ་བསྟན་པ་སྤེལ་བའི་ཕྱག་རྗེས་ཅུང་ཟད་ཅིག་ཞུ་བར་འདོད་པ་ལ།
གཅིག གང་དུ་འཁྲུངས་པའི་ཡུལ་དང་མཚན་གྱི་ཐོགས་ཚུལ། 
        བཙན་པོ་དོན་གྲུབ་རྒྱ་མཚོ་གང་དུ་འཁྲུངས་པའི་ཡུལ་ལ་བཞེད་པ་མི་མཐུན་པ་གཉིས་མཆིས་ཏེ། དབལ་མང་པཎྜི་ཏ་དཀོན་མཆོག་རྒྱལ་མཚན་གྱི«བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་རབས་ལྷའི་རྔ་ཆེན»ལས། “གདན་རབས་བཅོ་ལྔ་བ་སྨྲ་བའི་ཁྱུ་མཆོག་འགྲན་ཟླ་མེད་པ་བསོད་ནམས་དབང་རྒྱལ་ནི་སྔོན་བཙན་པོ་དོན་གྲུབ་རྒྱ་མཚོ་སྐུ་འཁྲུངས་པའི་ཡུལ་བཙན་མོ་སྣ་ཞེས་པ་ཆོས་འཁོར་དང་ཉེ་བའི་སར་མང་ངེ་ཞེས་པའི་རུས་སུ་རབ་བྱུང་བཅུ་གཉིས་པའི་མེ་རྟ་ལ་འཁྲུངས”[1]ཞེས«རྭ་སྟོད་བསྡུས་གྲྭ»མཛད་པ་པོ་རྭ་བསོད་ནམས་དབང་རྒྱལ་གྱི་འཁྲུངས་ཡུལ་གསུངས་དུས་ཚིག་ཟུར་ལས་བཙན་པོ་དོན་གྲུབ་རྒྱ་མཚོ་བཙན་མོ་སྣ་རུ་འཁྲུངས་པར་གླེང་ནའང་། དབལ་མང་པཎྜི་ཏའི་ཐུགས་སྲས་བྲག་དགོན་པའི«མདོ་སྨད་ཆོས་འབྱུང»དང་། སུམ་པ་པཎྜི་ཏའི«ཆོས་འབྱུང་དཔག་བསམ་ལྗོན་བཟང»སོགས་སུ་བཙན་པོ་དོན་གྲུབ་རྒྱ་མཚོ་ནི་ཡུལ་དབུས་དགའ་བ་གདོང་དུ་སྐུ་འཁྲུངས་པར་ཞལ་མཐུན་པས། བཞེད་པ་གཉིས་ལས་སྔ་མ་ནི་བྱང་གི་དགོན་ཆེན་བཞིའི་ཡ་གྱལ་གསེར་ཁོག་གམ་བཙན་པོ་དགོན་ཐོག་མར་འདེབས་མཁན་བཙན་པོ་དོན་གྲུབ་རྒྱ་མཚོ་དང་ཧོར་སྨིན་གྲོལ་ནོ་མོ་ཧན་འཕྲིན་ལས་ལྷུན་གྲུབ་གཉིས་ཀྱི་འཁྲུངས་ཡུལ་ནོར་བ་ཡིན་ཏེ། བྲག་དགོན་པའི«མདོ་སྨད་ཆོས་འབྱུང»ལས་ཧོར་སྨིན་གྲོལ་ཆོས་ཀྱི་རྒྱལ་པོ་འཕྲིན་ལས་ལྷུན་གྲུབ་ནི། “མདོ་སྨད་ལྷོ་རྒྱུད་ཆོས་འཁོར་དང་ཉེ་བའི་བཙན་མོ་སྣར་ཡབ་ཧོར་ཉ་ཤུལ་སྐྱག་གེ་དང་། ཡུམ་མལ་བཟའ་ཆོས་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བའི་ཆུ་ཁྱི(1622ལོལའཁྲུངས”[2]ཞེས་གསུངས་པ་དང་། དབུས་སུ་ཕེབས་ནས་འབྲས་སྤུངས་སྒོ་མང་གི་མཁན་ཁྲིར་བཞུགས་ཤིང་། དགུང་ལོ་ཞེ་བཞི་བ་ཤིང་སྦྲུལ་ལ་མེ་རྒན་ཧོང་ཐའེ་ཇིས་ཞུས་པ་བཞིན། གཞུང་གིས་སྨིན་གྲོལ་ནོ་མོ་ཧན་གྱི་ཆོ་ལོ་གནང་སྟེ་མདོ་སྨད་བཙན་པོ་དགོན་དུ་ཕེབས། གྲྭ་རྒྱུན་མང་དུ་བསྡུས་ནས་མཚན་ཉིད་གསར་འཛུགས་གནང་ཞིང«བསྡུས་གྲྭ་རིག་གནས་ལེགས་བཤད་བང་མཛོད»མཛད་དེ་བུ་སློབ་མང་དུ་བསྐྱངས། ཧོར་སྨིན་གྲོལ་ནོ་མོ་ཧན་གྱི་སྐྱེ་ཕྲེང་ན་རིམ་གྱིས་བཙན་པོ་དགོན་གྱི་མཁན་པོ་མཛད་རྐྱེན། སྨིན་གྲོལ་ནོ་མོ་ཧན་སྐུ་ཕྲེང་དང་པོ་འཕྲིན་ལས་ལྷུན་འགྲུབ་པས་མཛད་པའི་བསྡུས་གྲྭ་ལ་ཡོངས་གྲགས་སུ«བཙན་པོ་བསྡུས་གྲྭ»ཞེས་དང་། «འཛམ་གླིང་རྒྱས་བཤད»མཛད་པ་པོ་སྨིན་གྲོལ་ནོ་མོ་ཧན་སྐུ་ཕྲེང་བཞི་བ་འཇམ་དཔལ་ཆོས་ཀྱི་བསྟན་འཛིན་འཕྲིན་ལས་ལའང་བཙན་པོ་སྐུ་ཕྲེང་བཞི་བ་ཞེས་འདོགས་གནང་མཛད་པས། བཙན་པོ་དོན་གྲུབ་རྒྱ་མཚོ་དང་འཁྲུལ་བ་མངོན་སུམ་གྱིས་གྲུབ་བོ། །དེས་ན་བཙན་པོ་དོན་གྲུབ་རྒྱ་མཚོ་ནི། 1613ལོར་ཡུལ་དབུས་དགའ་བ་གདོང་སྟེ་དེང་གི་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་རྫོང་གི་ཁོངས་གཏོགས་སུ་སྐུ་འཁྲུངས་ཤིང་། གཞོན་ནུའི་དུས་ནས་རབ་ཏུ་བྱུང་སྟེ། འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞུགས་ནས་འདན་མ་གྲུབ་ཆེན་ཚུལ་ཁྲིམས་རྒྱ་མཚོའི་ཉེ་གནས་གནང་ཞིང་། གུང་རུ་སངས་རྒྱས་བཀྲ་ཤིས་སློབ་དཔོན་དུ་བསྟེན་ནས་གཞུང་ལུགས་ཀུན་ལ་མཁས་པར་སྦྱངས། དྭགས་པོ་གྲྭ་ཚང་དུ་ཡང་བཞུགས། ལྷ་ལྡན་དུ་རབ་འབྱམས་པ་ཚུགས་པའི་ཕྱི་ལོར་སྨོན་ལམ་གྲྭ་སྐོར་མཛད་ཅིང་། ཐུགས་ངར་ཆེ་ཞིང་ཞལ་ཚ་བ་ཀུན་གཟིགས་ལྔ་བ་ཆེན་མོར་འབྲས་སྤུངས་དམ་བཅའ་ལ་བཞེངས་ནས་མཛེས་ལམ་ཅུང་ཟད་ཀྱང་མ་མཛད་པར་བགྲོ་གླེང་ཚ་བོ་བཏང་བས། སྡེ་སྲིད་བསོད་ནམས་ཆོས་འཕེལ་གྱི་དགོངས་ཕོག་ཡོད་ཀྱང་རྒྱལ་དབང་མཆོག་ནས་རབ་འབྱམས་པ་དོན་གྲུབ་རྒྱ་མཚོས་བསྟན་པའི་གད་བདར་ཡག་པོ་བྱས་སོང་ཞེས་དགྱེས་གཟིགས་ཆེ་བར་མཛད། སྡེ་པ་གཞུང་ནས་པོ་ཏ་ལར་བཀའ་འགྱུར་ཚར་ཕུད་ལ་མངགས་པས་ཐོས་དོན་ལ་ལུང་གི་ངེས་པ་རྙེད་དེ་བཀའ་གནང་སྐོར་ཤོག་དྲིལ་དུ་བཏབ། ཐམས་ཅད་མཁྱེན་པ་རྒྱལ་དབང་མཆོག་ནས་སྐལ་ལྡན་གྱི་གདུལ་བྱ་མདོ་སྨད་དུ་ཡོད་པའི་ལུང་བསྟན་བཞིན་དྲེའུ་བཞི་སོགས་གསོལ་རས་དང་བཅས་བསྟན་པ་སྤེལ་བར་མངགས།  
        ཁོང་གི་མཚན་གྱི་ཐོགས་སྟངས་ལ། ཐུའུ་བཀྭན་ཆོས་ཀྱི་ཉི་མའི«དགོན་ལུང་དཀར་ཆག»ཏུ། “འདི་དུས་སེམས་ཉིད་ཀྱི་འབྲོག་པ་ཕལ་ཆེར་རྐུན་ཇག་སོགས་མི་འཚམ་པ་འབའ་ཞིག་བྱེད་པའི་དམུ་རྒོད་དང་། བླ་མ་འདི་ཡང་ཐུགས་ཤིན་ཏུ་གཏུམ་པའི་རྣམ་པ་ཅན་གཉིས་ཀ་ཟུང་དུ་འབྲེལ་བས་བསྟན་པའི་བྱ་བ་དགོངས་པའི་བླ་མཆོད་ཁ་འཐབ་ལག་འཐབ་ཀྱིས་དུས་འདས། སེམས་ཉིད་རྒད་པོ་ཞིག་གིས་བླ་མ་འདི་ཁ་བཙན་པོ་སྒོག་པ་འདྲ་བ་ཟེར་ཁ་བཏང་བས་བླ་མ་བཙན་པོ་པ་ཞེས་གྲགས”[3]གསུངས་ཤིང་། དོན་ཡོད་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་བརྩམས་པའི«གྲྭ་ས་ཆེན་པོ་བཙན་དགོན་དགའ་ལྡན་དམ་ཆོས་གླིང་གི་གདན་རབས་དཀར་ཆག་མཐོང་བ་དོན་ལྡན»དུ། “གནས་ཡུལ་འདི་ཁྱད་དུ་འཕགས་པར་མཁྱེན་ནས་ཕྱག་ཕེབས། དེའི་སྐབས་སུ་འབྲོག་མི་ཞིག་འདིར་ཡོད་པ་ལ་འབྲོག་པ་དེ་ལ་ཁྱོད་རང་གནས་གཞན་དུ་སྤོར། ངས་དགོན་པ་འདེབས་རྒྱུ་ཡིན་གསུངས་པས། འབྲོག་མི་དེས་བླ་མ་བཙན་དྲག་ཚ་བ་ཞིག་འདུག་ཅེས་བཤད་པས། བླ་མའི་ཐུགས་མཉེས་ཏེ་རྟེན་འབྲེལ་ལེགས་པར་འགྲིགས། ཕྱིས་སུ་བཙན་པོ་དགོན་ཞེས་གྲགས་པ་ཆེན་པོ་འབྱུང་བ་ཡིན་གསུངས་ནས་མི་དེ་ལ་བདག་རྐྱེན་གནང་སྟེ་ས་བསླང་བའི་ཚུལ་དུ་བཞེས”[4]ཞེས་དང་། «མདོ་སྨད་ཆོས་འབྱུང»ལས། ཁོང་གིས“དུས་རྒྱུན་ཕྱག་འབེབ། མཚང་འབྲུ། ཞལ་མནའ་དང་དམ་བསྒྲགས་པ་སོགས་ཞལ་ཤིན་ཏུ་ཚ་བས་བླ་མ་བཙན་པོ་མར་ཐོགས”[5]གསུངས་པ་བཅས་དམ་པ་ཁོང་གི་མཚན་གྱི་ཐོགས་སྟངས་ལ་བཞེད་ཚུལ་མི་མཐུན་པ་རེ་གཉིས་མཆིས་མོད། བཞེད་ཚུལ་དག་མདོར་བསྡུས་ན་བཙན་པོ་དོན་གྲུབ་རྒྱ་མཚོ་ནི་ཐུགས་གཤིས་ཅུང་ཚ་བའི་ཆ་ནས་བླ་མ་བཙན་པོ་ཞེས་ཐོགས་པར་ཤེས་ཐུབ་སྟེ། བཙན་པོ་དོན་གྲུབ་རྒྱ་མཚོའི་བླ་མ«འདན་མ་གྲུབ་ཆེན་གྱི་རྣམ་ཐར»ཏུའང“ཁོང་ཞལ་ཤིན་ཏུ་རྩིང་བས་ཆེ་ཆུང་ཐམས་ཅད་ལ་ཕོག་ཐུག་ཏུ་འགྲོ་བའི་གཏམ་རྒྱུན་དུ་ཐོན་པས་གཞན་མི་ཐམས་ཅད་དང་འགྲས་པ་ཞིག་ཡིན་ཀྱང་། ངེད་གཉིས་ལྷན་དུ་འདུག་རིང་མཐུན་པོ་བྱུང”[6]ཞེས་གསུངས་པ་ལས་ཀྱང་བཙན་པོ་དོན་གྲུབ་རྒྱ་མཚོའི་མཚན་གྱི་ཐོགས་དོན་ཡང་གསལ་བོར་ཤེས་ནུས་སོ། །
གཉིས། བསྟན་པའི་གཞི་མ་དགོན་པ་ལེགས་པར་བཏབ་ཚུལ།
        བཙན་པོ་དོན་གྲུབ་རྒྱ་མཚོ་སྐུ་འབུམ་བྱམས་པ་གླིང་གི་ཁྲི་ཆེན་ལ་བཞུགས་རིང་འབྲུ་གུའི་ས་ཆར་ཕེབས་ནས་སེམས་ཅན་ལ་ཆོས་ཀྱི་སྣང་བ་བསྩལ་ཅིང་། ཡུལ་དེའི་དད་ལྡན་མང་པོས་གནས་འདིར་ཆོས་སྡེ་ཞིག་འདེབས་པར་གསོལ་བ་ཡང་ཡང་བཏབ་པར་བརྟེན། བེ་ཤོས་དཔོན་པོ་དང་སེམས་ཉིད་དཔོན་པོ་གཙོས་པའི་དད་ལྡན་སྦྱིན་བདག་རྣམས་ཀྱིས་དང་དུ་བླངས་ཏེ། སེམས་ཉིད་གནས་བརྟན་པ་དང་། དོ་ལོན་སྒོམ་པ། བཱ་ཟ་སྒོམ་པ་སོགས་འབྲུ་གུའི་རི་ཁྲོད་ན་ཡོད་པ་རྣམས་ལ་གྲྭ་རྒྱུན་བསྡུར་བཅུག་ནས་རབ་བྱུང་བཅུ་གཅིག་པའི་ཤིང་ཕོ་སྤྲེལ(1644ལོལོར་ནགས་གཟབ་རུས་རྐོང་འགག་ཞེས་པའི་སར་འབྲུ་གུ་དགོན་དགའ་ལྡན་ཆོས་འཁོར་གླིང་བཏབ། སུམ་པ་པཎྜི་ཏའི«ཆོས་འབྱུང་དཔག་བསམ་ལྗོན་བཟང»ལས་རབ་བྱུང་བཅུ་གཅིག་པའི་ལྕགས་ཕོ་འབྲུག་ལོར་བཏབ་པར་བཞེད། ཕྱིས་དོ་ལོན་སྒོམ་པ་སྐུ་ཚབ་ཏུ་བསྐོ་གཞག་བྱས་ཤིང་། དགོན་པའི་སྒྲིག་ལམ་དང་ཆོས་འཆད་ཉན་ཐད་ལ་ཐུགས་བཀོད་ཞིབ་རྒྱས་བསྩལ། བྲག་དགོན་པའི«མདོ་སྨད་ཆོས་འབྱུང»དུ་བཙན་པོ་དོན་གྲུབ་རྒྱ་མཚོ་ནས་བློ་བཟང་ཐུབ་བསྟན་རབ་རྒྱས་བར་ཁྲི་རབས་ཞེ་བདུན་བགྲང་འདུག་ཀྱང་ཁྲི་རབས་རེ་རེའི་ལོ་རྒྱུས་འབྲི་བར་རྔོ་མ་ཐོགས་སོ། །གཞན་འབྲུ་གུའི་དགོན་ནི་བཙན་པོ་དོན་གྲུབ་རྒྱ་མཚོས་བཙན་དགོན་དགའ་ལྡན་དམ་ཆོས་གླིང་གི་སྔོན་དུ་བཏབ་པས་མ་དགོན་ཡིན་པར་བཞེད་མཁན་ཡང་ཡོད། སྟག་གི་ལོར(1650ལོདགོན་ལུང་གི་ཁྲི་ཁུར་བཞག་ནས་སེ་ཆེན་ཧུང་ཐའི་ཇི་དང་ཨེརྟི་ནི་ཏའི་ཆིང་གཉིས་ཀྱིས་སྦྱིན་བདག་མཛད་ཅིང་། གསེར་ལྡན་ཆེ་ཆུང་གི་ཁོག་དེ་རྒྱབ་རི་མཛེས་ཤིང་ལྷུན་ཆགས་པ་ནོར་བུ་བརྩེགས་པ་ལྟ་བུ། མདུན་རི་གཡུ་འབྲུག་སྔོན་མོ་ཉལ་བ་འདྲ་བ་ལ་ནགས་ཚལ་དང་འབྲུ་བཟང་པོ་དུ་མས་བརྒྱན་པ། ཤོད་དུ་ཡན་ལག་བརྒྱད་དང་ལྡན་པའི་གསེར་ཆུ་ཞེས་པའི་ཆུ་ཀླུང་དལ་གྱིས་འབབ་པའི་གནས་ཁྱད་དུ་འཕགས་པར་གཟིགས་པས་རྒྱའི་བོན་པོ་ཨུའུ་ཤན་ཞིན་གྱིས་གནས་ཀྱི་དཔྱད་བརྟགས་པ་དང་གནས་འདུལ་སོགས་བྱས་ནས་གསེར་ཁོག་དགོན་བཏབ་ཅིང་། ལོ་དེར་བཙན་པོ་སྒར་བ་དང་། འདུ་ཁང་ཆུང་བ་བཞེངས་འགྲུབ་ཀྱིས་དགེ་འདུན་པ་སུམ་ཅུ་ཞལ་གྲངས་འདུས། དགོན་པའི་མཚན་ལ་གསེར་ཁོག་ཏུ་འབོད་པ་དགོན་པ་ཆགས་སའི་གནས་ཀྱི་ཆ་ནས་བཏགས་པ་དང་། བཙན་དགོན་ཞེས་དགོན་པ་འདེབས་མཁན་བཙན་པོ་དོན་གྲུབ་རྒྱ་མཚོའི་མཚན་ཟུར་ནས་ཐོན་པ་གསལ་བོར་ཤེས་ཐུབ། དེ་ལྟར་དགོན་པ་གསར་འདེབས་མཛད་ནས་ལོ་གསུམ་པ་སྟེ། ཆུ་འབྲུག་ལོར་རྒྱལ་མཆོག་ལྔ་བ་ཆེན་མོ་རྒྱ་ནག་གོང་མ་ཧྲུན་ཊིའམ་ཐབས་སྐྱོང་རྒྱལ་པོས་སྤྱན་དྲངས་ཏེ། རྒྱལ་ཁབ་ཆེན་པོར་བསྐྱོད་ནས་ཕྱིར་བོད་དུ་ཆིབས་ཁ་བསྒྱུར་དུས་བཙན་པོ་དོན་གྲུབ་རྒྱ་མཚོས་གདན་ཞུས་ལྟར་ཕེབས་ཤིང་། གདན་ས་རང་དུ་དཀོན་བརྩེགས་དབུ་ནས་ཤོག་ལྡེབ་གསུམ་བཞི་ཙམ་གྱི་བཀླག་ལུང་དང་། བཙན་པོ་དོན་གྲུབ་རྒྱ་མཚོ་དཔོན་གཡོག་བཅུ་གསུམ་ལ་ཕྱག་དྲུག་པའི་དབང་སོགས་བཀའ་ཆོས་མང་དུ་གནང་། དགོན་པར་དགའ་ལྡན་དམ་ཆོས་གླིང་ཞེས་མཚན་བསྩལ་ཏེ་གླིང་བཅུ་གསུམ་གྱི་གྲལ་དུ་བཞག བཙན་པོ་དོན་གྲུབ་རྒྱ་མཚོས“བྱམས་ཆེན་ཆོས་རྗེའི་དུས་ཀྱི་བཀའ་འགྱུར་མཚལ་པར་མ་གླེགས་ཐག་རྒྱ་ལུགས་དངོས་གཙང་བ་ཆ་ཚང་གིས་ཐོག་དྲངས་གོས་དར་ཇ་རྟ་སོགས་ཀྱི”[7]འབུལ་ཆེན་བཏེག ཕྱིས་རྒྱལ་མཆོག་ལྔ་བས་བཀའ་འགྱུར་གྱི་ལུང་ཡང་མཚལ་པར་མ་དེའི་སྟེང་ནས་གསན་པར་རྒྱལ་དབང་རྣམ་ཐར་རང་དུ་གསུངས། དེ་ལྟར་བཙན་པོ་དོན་གྲུབ་རྒྱ་མཚོའི་བགྲང་བྱ་བཅུ་དྲུག་གི་རིང་གསེར་ཁོག་དགོན་པའི་དགོན་བདག་དང་མཁན་ཁྲི་བསྐྱངས་མུར། 1665ལོར་གདན་ས་རང་དུ་སྐུ་གཤེགས། ལོ་འདིར་མཚོ་སྔོན་ནས་མེར་གན་ཧོང་ཐའེ་ཇི་ནས་གདན་འདྲེན་ཞུས་པ་བཞིན། སྒོ་མང་བླ་མ་འཕྲིན་ལས་ལྷུན་གྲུབ་མཆོག་ལ་རྒྱལ་དབང་ལྔ་བས་སྨིན་གྲོལ་ནོ་མོན་ཧན་གྱི་ལས་ཐོབ་ཐམ་ཀ་དང་བཅས་གནང་ནས་མདོ་སྨད་བཙན་པོ་དགོན་དུ་ཕེབས་ཏེ་མཚན་ཉིད་བཙུགས་ཤིང་། བསྡུས་གྲྭ་རིག་གནས་ལེགས་བཤད་བང་མཛོད་གསར་རྩོམ་མཛད་དེ་བློ་གསལ་མང་དུ་བསྐྱངས། ཕྱིས1723ལོར་མཚོ་སྔོན་བསྟན་འཛིན་ཝང་གིས་འཁྲུག་པ་བསླངས་ཏེ། གོང་ནས་ཉན་ཀུང་ཡེ་དམག་དཔོན་དུ་བསྐོས་ཏེ་དམག་ཆེན་འོངས་ནས་བློ་བཟང་བསྟན་འཛིན་དང་འབྲེལ་བའོ་དོགས་གཞིར་བཟུང་ནས་དགོན་འདི་ཉིད་གཏོར་བཤིག་བཏང་། སྨིན་གྲོལ་ནོ་མོན་ཧན་གྱི་མཆོག་སྤྲུལ་བློ་བཟང་བསྟན་འཛིན་རྒྱ་མཚོས་ཐམས་ཅད་མཁྱེན་པ་སྐལ་བཟང་རྒྱ་མཚོ་མཆོག་ལ་རྟེན་སྐལ་གནང་བར་ཞུས་པ་ལྟར། སྟག་རྩེ་ཇོ་བོ་དང་། ནང་རྫོང་ལ་འཕགས་པ་འཇའ་མ་ལི་བཅས་བཀའ་བསྟན་སོགས་ཀྱི་བདག་རྐྱེན་མང་དུ་གནང་སྟེ། མདོ་སྨད་ཀྱི་ཇོ་ཆེན་བཞིའི་ཡ་གྱལ་སྟག་རྩེ་ཇོ་ཁང་གསར་དུ་བཞེངས། གྲྭ་ཚང་གོང་ལ་ལུང་རིགས་རྒྱ་མཚོ་གླིང་དང་། གྲྭ་ཚང་འོག་མ་ལ་མཁས་བཙུན་དར་རྒྱས་གླིང་ཞེས་སྔགས་གྲྭའི་དབྱེ་བ་ཕྱེ་ནས་སོ་སོར་བཅའ་ཡིག་ཀྱང་གནང་བ་སོགས་དགོན་འདི་ལུགས་གཉིས་ཀྱི་སྒོ་ནས་བསྐྱངས་པ་ནས་སྨིན་གྲོལ་ནོ་མོན་ཧནས་སྐུ་ཚེ་ཕྲེང་བརྒྱུད་ཀྱི་གདན་སར་གྱུར་ནས་ད་ལྟའི་བར་བཞུགས་སོ། །
གསུམ། དགོན་ཆེན་ཁག་གི་ཁྲི་པར་བཞུགས་ཚུལ།
        བཙན་པོ་དོན་གྲུབ་རྒྱ་མཚོ་རྒྱལ་དབང་མཆོག་གི་བཀས་མདོ་སྨད་དུ་ཕེབས་ཤིང་། ཀྭ་རིང་དཀའ་བཅུ་ཕུན་ཚོགས་རྣམ་རྒྱལ་གྱིས་བཀུར་གཟོས་རྒྱ་ཆེར་མཛད། བྱང་རྒྱུད་ཀྱི་ཏེ་ཐུང་དགོན་དང་། མཆོད་རྟེན་ཐང་། ཐུར་ཆེན་དགོན་རྣམས་ཀྱིས་གདན་འདྲེན་ཞུས། འཇུ་ལག་ཕྱོགས་ཀྱི་འབྲོག་སྡེའི་ཁྲོད་དུ་བཞུགས་སྐབས། སེམས་ཉིད་ནང་སོས་སྡེ་པ་སྤྲུལ་སྐུ་སེམས་ཉིད་དགོན་པར་གདན་དྲངས་པར། ངེད་རང་ཡོང་མི་ཐུབ། རབ་འབྱམས་པ་དོན་གྲུབ་རྒྱ་མཚོ་ལ་ཞུས་གསུངས་པ་བཞིན་སེམས་ཉིད་དགོན་པའི་བླ་མར་གདན་དྲངས། དགོན་དེ་གའི་མཁན་རབས་གསུམ་པར་བཞུགས། དེའི་རིང་སེམས་ཉིད་དགོན་པར་བདེ་གསང་འཇིགས་གསུམ་དང་། ཀུན་རིག་གི་ཆོ་ག་དང་ཕྱག་རྒྱ། མགོན་པོའི་གཏོར་སྒྲུབ་རྣམས་བཙུགས་ནས་དགོན་པ་ཡར་རྒྱས་སུ་བཏང་། ཕྱིས་ཁོང་ཉིད་དབུས་སུ་བཞུགས་རིང་ཐུགས་འདྲིས་ཆེ་བའི་སྐུ་འབུམ་རྒྱ་ཡག་འགག་ཤིང་རབ་འབྱམས་པ་གྲགས་པ་རྒྱལ་མཚན་གྱིས་གདན་དྲངས་ནས་རབ་བྱུང་བཅུ་གཅིག་པའི་ཆུ་རྟ་ལ(1642ལོ)ལིམ་བའི་ཚལ་གཉིས་པ་སྐུ་འབུམ་བྱམས་པ་གླིང་གི་ཁྲི་ཆེན་བདུན་པར་བཞུགས། འདིའི་ཐད་ལ་སྐུ་འབུམ་གྱི་རྒྱུད་པའི་ཁྲིར་བཞུགས་ཟེར་བ་དང་། ཡང་ལ་ལས་རྒྱུད་པ་དང་ཚོགས་ཆེན་མཁན་པོ་གཉིས་ཀ་མཛད་གསུངས་ཀྱང་། གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོའི«སྐུ་འབུམ་གདན་རབས»དང་བྲག་དགོན་པའི«མདོ་སྨད་ཆོས་འབྱུང»གཉིས་ཀར་བཙན་པོ་དོན་གྲུབ་རྒྱ་མཚོ་སྐུ་འབུམ་གྱི་ཁྲི་ཆེན་ལ་བཞུགས་རིང་། ཟི་ན་ཆོས་རྗེ་ལེགས་པ་རྒྱ་མཚོས་གདན་སའི་མཁན་པོ་བཙན་པོ་ཚང་གཙོས་པའི་ལས་བྱེད་སྣེ་མོ་བ་རྣམས་ལ་དཔལ་ལྡན་གསང་སྔགས་བདེ་ཆེན་གླིང་སྟེ་ཡོངས་གྲགས་སུ་རྒྱུད་པ་གྲྭ་ཚང་དུ་འབོད་པ་འདི་ཉིད་འཛུགས་པར་གྲོས་མཐུན་མཛད་ཚུལ་ལས་བཙན་པོ་ཚང་རྒྱུད་པའི་མཁན་ཁྲིར་བཞུགས་ཚུལ་གསུངས་མེད་ཅིང་། རྒྱུད་པའི་ཁྲི་རབས་ལའང་བགྲང་མི་འདུག་པ་ལ་བརྟག་ན། བཙན་པོ་དོན་གྲུབ་རྒྱ་མཚོ་ཁྲི་ཆེན་དུ་བཞུགས་དུས་ཟི་ན་ཆོས་རྗེ་ལེགས་པ་རྒྱལ་མཚན་གྱིས་རྒྱུད་པ་གྲྭ་ཚང་གསར་དུ་བཙུགས་པ་ལས་བཙན་པོ་ཚང་རྒྱུད་པའི་ཁྲི་ལ་བཞུགས་མེད་པ་གསལ་བོར་ཤེས་ཐུབ།  དེ་ལྟར་སྐུ་འབུམ་ཁྲི་ཆེན་ལ་བཞུགས་ཏེ་རྙེད་པ་གང་བྱུང་ཐམས་ཅད་ཆོས་ཐོག་གི་ཐེབས་མཛད་ཅིང་། ཆོ་འཕྲུལ་ཆེན་མོའི་མཆོད་རྟེན་བཀོད་པ་ཕུན་སུམ་ཚོགས་པ་བཞེངས། དགེ་འདུན་འདུས་པ་རྒྱ་མཚོར་ལེགས་བཤད་ཀྱི་དགའ་སྟོན་སྤེལ། འཆད་ཉན་ལ་ཐུགས་བརྩོན་ལྷོད་མེད་གནང་སྟེ་སྐུ་འབུམ་རྒྱུད་པའི་མཁན་ཁྲི་བཞི་པ་དང་བྱ་ཁྱུང་དགོན་པའི་ཚོགས་ཆེན་གྱི་ཁྲི་ལ་བཞུགས་པའི་ཞིང་སྐྱོང་དགེ་བཤེས་གྲགས་པ་བཀྲ་ཤིས་སོགས་བུ་སློབ་མང་དུ་བསྐྱངས་མུར། ས་བྱི་ལོར(1648ལོ)ཁྲི་ཁུར་ཕོག འདི་དུས་དགོན་ལུང་གི་མཁན་རབས་བརྒྱད་པ་འདན་མ་གྲུབ་ཆེན་ལ་དགོན་ལུང་དུ་ལོག་སྒྲུབ་བྱེད་མཁན་འགའ་ཞིག་བྱུང་བས། ཁོང་ཐུགས་ཕྱུང་སྟེ་ཁྲི་ཁུར་འཇོག་པ་མཛད་ནས་བ་ཟ་དང་དཔའ་རིས་སྔོ་ཁོ་ཕྱོགས་སུ་བཞུགས། ལོག་སྒྲུབ་བྱེད་མཁན་འགའ་ཞིག་སྨྱོས་ཤིང་། འགའ་ཞིག་ཁྲག་སྐྱུག་པ་སོགས་ཐམས་ཅད་གཤིས་ངན་དུ་ཤི་བས། ཧོར་དུམ་དགེ་བསྐོས་ཟེར་བ་འཇིགས་ནས་འདན་མ་གྲུབ་ཆེན་དང་བཙན་པོ་དོན་གྲུབ་རྒྱ་མཚོ་གཉིས་བླ་སློབ་ཀྱི་འབྲེལ་བའི་ངོས་ནས་བཙན་པོ་དོན་གྲུབ་རྒྱ་མཚོ་བརྒྱུད་འདན་མ་གྲུབ་ཆེན་ལ་བཟོད་གསོལ་དང་། ཁོང་ཕྱིར་དགོན་ལུང་དུ་གདན་འདྲེན་པའི་གྲོགས་དན་བྱ་དགོས་ཚུལ་ཞུས་པར། བཙན་པོ་བས་ངེད་དགོན་ལུང་གི་མཁན་པོ་ཡིན་ན། གྲུབ་ཆེན་དགོན་ལུང་དུ་གདན་དྲངས་ནས་ཐམས་ཅད་ཀྱིས་བཤགས་པ་ཕུལ་ན་ལེགས་ཀྱང་། མཁན་པོ་གཞན་གྱིས་བྱས། ངེད་དོན་མེད་ཀྱིས་མིས་ཁོང་དགོན་པར་གདན་འདྲེན་པ་བབས་འབྲེལ་མི་མཚུངས་ཞེས་སོགས་དགོངས་གཞི་ཅན་གྱི་གསུང་དང་ཕྱི་ནང་གསང་བའི་ཕེབས་སྒོ་དང་གནང་སྦྱིན་སོགས་མང་དུ་བསྩལ། ཧོར་དུམ་དགེ་བསྐོས་དེ་དགོན་ལུང་དུ་ཁག་ཆེ་བ་ཞིག་ཡིན་པ་དང་། དཔོན་སློབ་ཆུ་བཟང་བ་རྣམ་རྒྱལ་དཔལ་འབྱོར་ཡང་བཙན་པོ་བ་ལ་དགྱེས་པ་སོགས་ཀྱིས་ས་བྱི་ལོའི(1648ལོ)ཧོར་ཟླ་དགུ་བའི་ནང་དགོན་ལུང་གི་ཧོར་དུམ་དགེ་བསྐོས་ཟེར་བས་གདན་ཞུས་བཞིན་དགོན་ལུང་བྱམས་པ་གླིང་གི་མཁན་རབས་བཅུ་བར་བཞུགས་ཤིང་། འདན་མ་གྲུབ་ཆེན་ཚུལ་ཁྲིམས་རྒྱ་མཚོ་བ་སླར་དགོན་ལུང་དུ་གདན་དྲངསཏེ། དགེ་འདུན་པའི་སྡེ་ལ་འདོད་ཆོས་ཅི་རིགས་སྩོལ་བར་མཐུན་རྐྱེན་མཛད། ཆོས་ཁྲིམས་ཤིན་ཏུ་དམ་པ་དང་། འཆད་ཉན་དམར་བར་མཛད། གླང་གི་ལོར་དགོན་ལུང་བྱམས་པ་གླིང་གི་མཆོད་གཞིའི་ཁྲོད་དུ་དགོན་པ་ཟུར་བ་འདེབས་པར་འབུལ་སྡུད་མཛད། སྟག་གི་ལོར(1650ལོཁྲི་ཁུར་ལས་དགོངས་པ་ཞུས་ཤིང་དགོན་པ་ཟུར་བ་གདབ་པའི་ལས་ལ་གཞོལ།
བཞི། མཇུག་སྡོམ།
        དུས་རབས་བཅུ་དྲུག་པ་ནི་བོད་སོག་གཉིས་ཀྱི་འབྲེལ་བ་ཤིན་ཏུ་ཟབ་འི་དུས་སྐབས་ཤིག་ཡིན་པས། བཙན་པོ་དོན་གྲུབ་རྒྱ་མཚོ་དུས་སྐབས་འདིར་རྒྱལ་དབང་མཆོག་བཀས་བསྐུལ་བ་བཞིན་མདོ་སྨད་དུ་ཕེབས་ཏེ། རྗེ་ཙོང་ཁ་བའི་འཁྲུངས་ཡུལ་སྐུ་འབུམ་བྱམས་པ་གླིང་དང་། དགོན་ལུང་དགོན་པ། སེམས་ཉིད་དགོན་བཅས་ཀྱི་ཁྲི་པར་བཞུགས་ནས་དམ་པའི་ཆོས་ཀྱི་བདུད་རྩིས་བསྟན་འཛིན་གྱི་བུ་སློབ་བགྲང་ལས་འདས་པ་བསྐྱངས་ཤིང་། གསེར་ཁོག་དགོན་པ་དང་། འབྲུ་གུ་དགོན་པ་གཉིས་བཏབ་ནས་ཡུལ་འདིར་བསྟན་པའི་ཉི་འོད་ཀྱིས་ཁྱབ་པར་མཛད་ཅིང་། ཁྱད་པར་དུ་གསེར་ཁོག་དགོན་པ་ལས་བན་རྒུད་དགོན་དང་། རྒྱ་རྡོག་དགོན། བྱ་རྒོད་རྩེའི་རི་ཁྲོད་སོགས་བུ་དགོན་དགུ་ལྷག་འཕེལ་ཏེ། རྨ་ཙོང་ཆུ་བོའི་བྱང་རྒྱུད་དུ་བསྟན་པ་ཡུན་རིང་དུ་གནས་པ་འདིའང་བཙན་པོ་དོན་གྲུབ་རྒྱ་མཚོ་མཆོག་གི་མཛད་རྗེས་ལས་འཕྲོས་པ་ནི་བསྙོན་དུ་མེད་དོ། །
ཟུར་བཀོད། བཙན་པོ་དོན་གྲུབ་རྒྱ་མཚོའི་སྤྲུལ་རྒྱུན་གསལ་བཀོད་རེའུ་མིག
སྐུ་ཕྲེང་རིམ་བྱོན།     མཚན། ཁྲི་པར་བཞུགས་ཚུལ། ཁྲིར་བཞུགས་པའི་ལོ།
སྐུ་ཕྲེང་དང་པོ། བཙན་པོ་དོན་གྲུབ་རྒྱ་མཚོ། སེམས་ཉིད་ཁྲི་ཆེན་གསུམ་པ།
སྐུ་འབུམ་ཁྲི་ཆེན་བདུན་པ།
འབྲུ་གུ་ཁྲི་ཆེན་དང་པོ།
དགོན་ལུང་ཁྲི་ཆེན་བཅུ་པ།
གསེར་ཁོག་ཁྲི་ཆེན་དང་པོ།
1640ཙམ།
1642ལོ།
1644ལོ།
1648ལོ།
1650ལོ།
སྐུ་ཕྲེང་གཉིས་པ། རྒྱ་རྡོག་བློ་བཟང་དོན་གྲུབ། དགོན་ལུང་དགོན་པའི་ཁྲི་ཆེན་སོ་གཅིག་པ། 1743ལོ།
སྐུ་ཕྲེང་གསུམ་པ། བློ་བཟང་བསམ་འགྲུབ། དགོན་ལུང་དགོན་པའི་ཁྲི་ཆེན་ལྔ་བཅུ་བ། 1802ལོ།
སྐུ་ཕྲེང་བཞི་པ།  འཇམ་དཔལ་རྒྱ་མཚོ། དགོན་ལུང་དགོན་པའི་ཁྲི་ཆེན་རེ་བདུན་དང་བདུན་ཅུ་བ། 1846ལོ་ནས1856ལོ།
སྐུ་ཕྲེང་ལྔ་པ། སངས་རྒྱས་རྒྱ་མཚོ།  དགོན་ལུང་དགོན་པའི་ཁྲི་ཆེན་གོ་གསུམ་པ། 1896ལོ།
སྐུ་ཕྲེང་དྲུག་པ། བློ་བཟང་དམ་ཆོས་རྒྱ་མཚོ། དགོན་ལུང་དགོན་པའི་ཁྲི་ཆེན་ལ་སྔ་ཕྱིར་ཐེངས་གཉིས་ལ་བཞུགས། 1931ཙམ།

མཆན་འགྲེལ། 
[1] དབལ་མང་པཎྜི་ཏ་དཀོན་དཀོན་མཆོག་རྒྱལ་མཚན། བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་རབས་ལྷའི་རྔ་ཆེན། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1987:409
[2][5] བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས། མདོ་སྨད་ཆོས་འབྱུང་། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1982:97,113
[3][6] ཐུའུ་བཀྭན་ཆོས་ཀྱི་ཉི་མ། དགོན་ལུང་བྱམས་པ་གླིང་གི་དཀར་ཆག ཐུའུ་བཀྭན་ཆོས་ཀྱི་ཉི་མའི་གསུང་འབུམ། པོད་གཉིས་པ། [M] ཞོལ་པར་མ། 1969:700,699
[4] དོན་ཡོད་བསྟན་འཛིན་རྡོ་རྗེ། གྲྭ་ས་ཆེན་པོ་བཙན་དགོན་དགའ་ལྡན་དམ་ཆོས་གླིང་གི་གདན་རབས་དཀར་ཆག་མཐོང་བ་དོན་ལྡན།  སྦྲང་ཆར། [J] 1996.2: 79
[7] ངག་དབང་བློ་བཟང་རྒྱ་མཚོ། རྒྱལ་དབང་ལྔ་བའི་རང་རྣམ་དུ་ཀཱུ་ལའི་གོས་བཟང་། གླེགས་བམ་དང་པོ། [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2012:380
འབྲེལ་ཡོད་འོས་སྦྱོར།