༄༅། །གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱི་ལོ་ཚིགས་ལས་སློབ་དཔོན་པདྨའི་ལོ་རྒྱུས་ཤིག་ཁ་གསལ་བ།
རྩོམ་པ་པོ།:ཡུལ་ཤུལ་ཚེ་དབང་བཀྲ་ཤིས།
ཡོང་ཁུངས།:འོད་འཛིན་རྩོམ་སྟེགས།
དུས་ཚོད།:2022-02-24
ཀློག་གྲངས།:
༄༅། །གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱི་ལོ་ཚིགས་ལས་སློབ་དཔོན་པདྨའི་ལོ་རྒྱུས་ཤིག་ཁ་གསལ་བ།
ཡུལ་ཤུལ་ཚེ་དབང་བཀྲ་ཤིས།
གནུབས་ཆེན་སངས་རྒྱས་ཡེ་ཤེས(784-866)ནི། ཁོང་གི་རང་རྣམ་གནུབས་ཀྱི་བཀའ་ཤོག་ཆེན་མོ་ལས། ལོ་ཡི་དང་པོ་ཤིང་ཕོ་བྱི་བའི་ལོ། །ཟླ་བའི་དང་པོ་དཔྱིད་ཟླ་ར་བ་ལ། །བདག་ཉིད་མ་ཡི་རུམ་ནས་བཙས་སོ་སྐད། །ཅེས་པ་ལྟར་སྤྱི་ལོ784སྟེ་ལོ་ཡི་དང་པོ་ཤིང་ཕོ་བྱི་བའི་ལོ་ལ་སྐུ་འཁྲུངས། སྐབས་དེར་ཁྲི་སྲོང་ལྡེ་བཙན་དགུང་གྲངས42དང་ཁོང་གི་ཁྲི་ལོ30པ་ཡིན།
བཙན་པོ་ཁྲི་སྲོང་ལྡེ་བཙན།
ཁྲི་སྲོང་ལྡེ་བཙན་གྱི་འཁྲུངས་ལོ་ནི742དང་། སྲིད་ལོ་དང་པོ་ནི754པ། འདས་ལོ་ནི798བཅས་ཡིན་པ་ནི་ཏུན་ཧོང་ཡིག་ཚང་དང་རྡོ་རིང་ཡི་གེ་རྒྱའི་ཐང་ཡིག་སོགས་ལ་ཞིབ་དཔྱད་བྱས་ནས་ཐོབ་པའི་ལོ་ཚིགས་ཡིན་པས་འཁྲུལ་མི་སྲིད་ལ། དེའི་ཕྱིར་ད་ལྟ་བོད་ཀྱི་ལོ་རྒྱུས་ལས་རིགས་སྡེ་ཁག་ནས་མཐུན་སྣང་དུ་ཁས་ལེན་པའི་ལོ་ཚིགས་ཡིན།
གནུབས་ཆེན་གྱི་འཁྲུངས་ལོ་དེ་སྤྱི་ལོ832པའི་ཆུ་བྱི་ལ་འདོད་པའང་ཡོད་མོད། དེ་ལྟ་ན་བཙན་པོ་ཁྲི་རལ་གྱི་སྲིད་ལོ17པ་ལ་ཁེལ་ཡོད་པས། ཁོང་གི་རང་རྣམ་ལས། ལོ་དགུ་ལོན་ནས་དཔལ་གྱི་བསམ་ཡས་སུ། །རྒྱ་གར་ཡུལ་ནས་བ་སུ་དྷ་ར་བྱོན། །རྒྱལ་པོ་མངའ་ཐང་ཆེ་བས་ལོ་གསུམ་ཆོས་ཀྱི་འཁོར་ལོ་བསྐོར། །ཞེས་གསུངས་པ་དང་འགལ་ཏེ། དེ་ལྟ་ན་ཁོང་གི་ལོ་དགུ་པ་དེ་སྤྱི་ལོ841ལ་ཁེལ་ཞིང་། ལོ་དེ་ནི་ཁྲི་རལ་འདས་ཟིན་ནས་དར་མ་བཙན་པོའི་སྲིད་ལོའི་བསྟན་སྣུབ་ལ་ཁེལ་བ་དང་། དེ་རྗེས་ཀྱི་ལོ་གསུམ་ནི། རྒྱལ་པོ་མངའ་ཐང་ཆེ་བས་ལོ་གསུམ་ཆོས་ཀྱི་འཁོར་ལོ་བསྐོར། །ཞེས་པའི་གནས་མེད་པར་འོད་སྲུང་དང་ཡུམ་བརྟན་ཕྱོགས་ཁག་བར་དུ་རྒྱལ་སྲིད་བརྩད་དེ་བཙན་པོའི་ཕོ་བྲང་ཟིང་ལོང་དུ་གྱུར་ཅིང་བསྟན་པ་ཉམས་ནུབ་ཀྱི་ལོ་དུས་ལ་ཁེལ་ནས་ཡོད་དོ། །
གནུབས་ཆེན་སངས་རྒྱས་ཡེ་ཤེས།
དཀྱུས་ལྟར་བྱས་ཚེ། ཁོང་གི་ལོ་དགུ་པ་དེ་སྤྱི་ལོ793ལ་ཁེལ་ཞིང་། དེ་རྗེས་ཀྱི་ལོ་གསུམ་ནི་སྤྱི་ལོ794-795-796གསུམ་ཡིན་ལ། ཁྲི་སྲོང་ལྡེ་བཙན་གྱི་ཁྲི་ལོ་ཧྲིལ་བོ44ལས། ཁྲི་ལོ40པ། 41པ། 42པ་བཅས་ཡིན་པས་བཙན་པོའི་མངའ་ཐང་དར་ཞིང་བོད་ཡུལ་ཞི་བདེའི་དུས་སྐབས་ལ་བབ་པས། རྒྱལ་པོ་མངའ་ཐང་ཆེ་བས་ལོ་གསུམ་ཆོས་ཀྱི་འཁོར་ལོ་བསྐོར། །ཞེས་པ་དེ་ཧ་ཅང་འགྲིགས་པར་གྱུར་ཡོད་དོ། །
དེ་བཞིན། རང་རྣམ་དེ་ལས། དེ་ནས་དྲུག་ཅུ་རེ་གཅིག་བྱི་ལོ་ལ། །བདག་གི་ཀག་ལ་བབས་ནས་ཁེང་ལོག་བར་པ་བྱུང་། །སྒྲགས་སུ་མ་ཆགས་གནུབས་ཡུལ་རོང་ལ་བྲོས། །ཞེས་ཁོང་རང་ལོ61ལོན་སྐབས་སུ་འབངས་གྱེན་ལོག་ཐེངས་གཉིས་པ་བྱུང་བར་གསུངས་པ་འདི་སྤྱི་ལོ845ལོ་ལ་ཁེལ་ཞིང་། སྐབས་དེར་དར་མ་བཙན་པོ་ཡང་འདས་ཟིན་ཏེ་བོད་དབུས་སུ་རྒྱལ་བློན་འབངས་གསུམ་ཟིང་འཁྲུག་ནང་དུ་ཚུད་པའི་སྐབས་དང་ཏག་ཏག་འགྲིགས་ནས་ཡོད་དོ། །
དེ་ལྟར་ཁོང་གི་འཁྲུངས་ལོ་ངེས་གཏན་ཁེལ་རྗེས། མུ་མཐུད་དཔྱད་བྱ་གཙོ་བོ་ལ་འཇུག་པར་བྱ་སྟེ། ཁོང་གི་རང་རྣམ་ལས། ངོ་མཐོང་བཅུ་གསུམ་མེ་ཕོ་བྱི་བའི་ལོ་ལ་བར་པོར་ཕྱིན། །ཞེས་པ་ལྟར་དགུང་གྲངས་ལོ་ངོ་བཅུ་གསུམ་དང་ཧྲིལ་ལོ་བཅུ་གཉིས་པ་མེ་ཕོ་བྱི་བའི་ལོར་ཁོང་བླ་མ་བ་སུ་དྷ་རའི་བཀའ་བཞིན་བར་པོར་ཕེབས་ཤིང་། ཁོང་གི་རང་རྣམ་ལས། རྒྱ་དང་བལ་པོའི་ཡུལ་དུ་ལན་བདུན་མཆི། །ཞེས་པ་ལྟར་ཁོང་སྔ་ཕྱིར་རྒྱ་གར་དང་བལ་ཡུལ་དུ་ལན་བདུན་ཕྱིན་པའི་ཐོག་མ་དེ་འདི་ཡིན། མེ་ཕོ་བྱི་བའི་ལོ་དེ་ནི་སྤྱི་ལོ796ལོ་ཡིན་ལ། སྐབས་དེར་ཁྲི་སྲོང་དགུང་གྲངས54དང་ཁོང་གི་ཁྲི་ལོ42པ་ཡིན། དེ་ནས་ལོ2འདས་རྗེས་ཁྲི་སྲོང་ལྡེ་བཙན་སྐུ་འདས་ཏེ་མུ་ནེ་བཙན་པོ་ཁྲི་ལ་འཁོད་པ་རེད།
སློབ་དཔོན་པདྨ་འབྱུང་གནས།
ཡང་ཁོང་གི་རང་རྣམ་ལས། དེ་ནས་རྒྱ་གར་བལ་ཡུལ་རུ་མཚམས་ཀྱི། །སློབ་དཔོན་པདྨ་རྒྱལ་པོའི་སྤྱན་སྔར་མཆིས། །སློབ་དཔོན་པདྨ་འབྱུང་གནས་ཀྱིས། །རྒྱ་གར་བལ་ཡུལ་རུ་མཚམས་ཀྱི། །རྡོ་རྗེ་རྩེ་ལྔ་དགྲ་འདུན་བྲག་ཕུག་ཏུ། །ཡང་དག་ཐུགས་ཀྱི་གཏེར་སྒོ་ཕྱེས། །ཞེས་སོགས་གསུངས་པ་ལྟར་གནུབས་ཆེན་ཁོང་རྒྱ་གར་གྱི་གནས་མང་པོར་བྱོན་ནས་བླ་མ་མང་པོ་ལས་གདམས་པ་གསན་རྗེས་རྒྱ་གར་དང་བལ་ཡུལ་གྱི་རུ་མཚམས་ནས་སློབ་དཔོན་པདྨ་དང་མཇལ་ནས་མན་ངག་རྒྱ་ཆེན་པོ་ཞུས།སློབ་དཔོན་པདྨ་དང་མཇལ་བ་འདི་བྱོན་ཐེངས་བདུན་གྱི་གང་ཡིན་མི་གསལ་ཡང་། བྱོན་ཐེངས་དང་པོའི་སྐབས་ཡིན་པའི་དབང་དུ་བཏང་ཡང་ཁྲི་སྲོང་གི་དགུང་གྲངས54དང་ཁྲི་ལོ42པ་ལ་ཁེལ་ཡོད། གནད་འདིས་སློབ་དཔོན་རིན་པོ་ཆེ་བོད་དུ་ཡུན་རིང་བཞུགས་མ་ཐུབ་པར་ཕྱིར་བསྐྱལ་བའི་སྐབས་བལ་བོད་ཀྱི་སོ་མཚམས་སུ་གཤེད་མས་བཀྲོང་པར་འདོད་པ་དེ་སུན་འབྱིན་བྱས་ཡོད་དོ། །
སློབ་དཔོན་པདྨ་བོད་དུ་ཕེབས་པའི་ལོ་ཚིགས་ལ་དཔྱད་པར་བྱ་བ་ཡོད་མོད། ཁྲི་སྲོང་དགུང་ལོ20པར་སྔར་ཞང་བློན་ཚོས་བཞག་པའི་ཆོས་འགོག་གི་ཁྲིམས་མེད་པར་བྱས་ཚུལ་བཀའ་གཙིགས་ལས། དེ་ནས་བཙན་པོ་ཞལ་སྔ་ནས་ལོ་ཉི་ཤུ་བཞེས་པ་ན། ཐོག་མ་ནི་ཕྱག་སྦྲིད་དང་ལྟས་ཤིག་ངན་ཏེ་ཆོ་ག་ཅི་མཛད་པས་བཤད་ཀྱང་། དགུང་ཟླ་དུ་མར་ཕྱག་སྦྲིད་དང་ལྟས་ངན་ནས། སངས་རྒྱས་ཀྱི་ཆོས་བགྱིད་དུ་མི་གནང་བའི་བཀའ་ཁྲིམས་ཀྱང་ཁྲིམས་སུ་མི་བགྱི་བར་དོར། དཀོན་ཅོག་གསུམ་གྱི་མཆོད་པ་ཡང་བགྱི་ཞེས་བགྱིས་ན་གཟོད་བཟང་པོར་གྱུར་ཏོ། །ཞེས་ཧ་ཅང་གསལ་ལ། ཁྲི་སྲོང་གི་རང་ལོ20པ་ནི་སྤྱི་ལོ762ལོ་ཡིན་པ་ཏུན་ཧོང་ཡིག་རྙིང་དང་རྒྱའི་ཐང་ཡིག་ལས་གསལ་བས་ཐག་ཆོད་དོ། །
ཁྲི་སྲོང་གིས་ཆོས་འགོག་གི་ཁྲིམས་མེད་པར་བྱས་རྗེས་ཡུན་མི་རིང་བར་མཁན་པོ་ཞི་བ་འཚོ་དང་སློབ་དཔོན་པདྨ་གཉིས་བོད་དུ་སྤྱན་དྲངས་ཏེ་ནང་བསྟན་དར་སྤེལ་གྱི་མགོ་བརྩམས་ཡོད། དེས་ན་སྤྱི་ལོ762ནས772བར་གྱི་ལོ་སྐོར་གཅིག་ནང་དུ་མཁན་སློབ་གདན་དྲངས་པ། བསམ་ཡས་བཞེངས་དབུ་བཙུགས་པ། ཁྲན་ཨན་ལ་དམག་དྲངས་པ། སད་མི་རབ་ཏུ་བྱུང་བ། བསམ་ཡས་ཀྱི་རྟེན་འཛུགས་གནའ་གཙིགས་བཞག་པ། བོན་ལུགས་བསྣུབས་པ་སོགས་བྱུང་ཡོད། གོང་དུ་བཤད་པ་ལྟར་གནུབས་ཆེན་གྱིས་སློབ་དཔོན་རིན་པོ་ཆེ་རྒྱ་བལ་རུ་མཚམས་ནས་མཇལ་བ་དེ་གནུབས་ཆེན་རྒྱ་བལ་དུ་བྱོན་ཐེངས་བདུན་གྱི་ཆེས་ཐོག་མའི་མེ་ཕོ་བྱི་བའི་ལོ་དེ་ཡིན་པའི་དབང་དུ་བྱས་ཀྱང་སྤྱི་ལོ794ལོ་ཡིན་དགོས་པས་སྐབས་དེར་སློབ་དཔོན་བོད་དུ་ཐོག་མར་བྱོན་པའི་ལོ་ནས་ཆེས་ཉུང་ན་ཡང་ལོ20ཐལ་ཟིན་ཡོད་ལ། གལ་ཏེ་བྱོན་ཐེབས་རྗེས་མ་རྣམས་ཀྱི་སྐབས་ཡིན་ན་དེ་ལས་ཀྱང་ལོ་མང་དུ་སོང་ཡོད་པ་ཤེས་པར་སླའོ། །
གནུབས་ཆེན་བྱོན་ཐེབས་དང་པོའི་སྐབས་ཀྱི་ལོ2པ་སྤྱི་ལོ798ལོར་ཁྲི་སྲོང་འདས་ཏེ་མུ་ནེ་ཁྲིར་འཁོད། དེའི་ཕྱི་ལོར་མུ་ནེ་འདས་ཏེ་ཁྲི་ལྡེ་སྲོང་བཙན(ཁྲི་ལོ800-815)ཁྲིར་འཁོད་པ་བཅས་ནི་ཏུན་ཧོང་ཡིག་རྙིང་དང་རྒྱའི་ཐང་ཡིག་ལས་དངོས་དང་ཤུགས་ཀྱིས་གསལ་བས་དོགས་གཞི་ཅི་ཡང་མེད་དོ། །
དེ་ལྟར་ལོ་རྒྱུས་དོན་ཆེན་རྣམས་ཀྱི་གནད་བསྒྲིགས་ན་གནུབས་ཆེན་གྱི་ལོ་ཚིགས་འདིས་སློབ་དཔོན་པདྨ་ཁོང་ཁྲི་སྲོང་ལྡེ་བཙན་དང་མུ་ནེ་བཙན་པོ་ཁྲི་ལྡེ་སྲོང་བཙན་ཏེ་བཙན་པོ་གསུམ་ཆར་གྱི་ཁྲི་ལོའི་ནང་མཐུན་སྣང་ངང་སྤྱིར་མི་ཡུལ་དུ་སྐུ་འཚོ་བཞུགས་གནང་ཡོད་པ་དེ་གསལ་བོར་ཤེས་ཐུབ།
ཡང་ཆོས་འབྱུང་མཁས་པའི་དགའ་སྟོན་སོགས་ལས། ཀ་ཤི་དང་ཧ་ཤང་རྩོད་པའི་ཡར་སྔོན་ཁྲི་སྲོང་གི་སྐུ་དུས་ནས་སློབ་དཔོན་པདྨ་བོད་ནས་སྲིན་ཡུལ་དུ་ཕེབས་པར་གསུངས་པ་དེ་ལ་ཡང་ལོ་ཚིགས་འདིས་རྒྱབ་སྐྱོབ་བྱེད་ཀྱི་ཡོད་ལ། སྟོན་རྩེན་གྱི་རྩོད་སྙོག་ནི་སྤྲེལ་ལོ་ནས་ཕག་ལོའི་བར་ལོ་ངོ་བཞིའི་རིང་བྱུང་བ་ཏུན་ཧོང་ཡིག་ཚང་ནས་ཐོན་པའི་ཅིག་ཅར་འཇུག་པ་ཐེག་པ་ཆེན་པོ་རིགས་ཡང་དག་པར་ངེས་པ་ཞེས་པའི་ཧྭ་ཤང་གི་ཡིག་ཆ་ལས་གསལ་ཞིང་། ཁྲི་སྲོང་གི་སྲིད་ལོའི་ནང་མེ་སྤྲེལ756པ། ས་སྤྲེལ768པ། ལྕགས་སྤྲེལ780པ། ཆུ་སྤྲེལ792པ་བཅས་བཞི་བྱུང་བ་ལས། དང་པོ་གཉིས་ཡིན་མི་སྲིད་པས། ཕྱི་མ་གཉིས་ལས་གང་རུང་ཡིན་ངེས།
དེས་ན་སློབ་དཔོན་པདྨ་བོད་ནས་སྲིན་ཡུལ་དུ་ཕེབས་པ་དེ་ཆེས་འཕྱི་བའི་དབང་དུ་བཏང་ཡང་ལྕགས་སྤྲེལ780དང་། ཆུ་སྤྲེལ792གང་རུང་གི་སྔོན་ཡིན་དགོས་པར་གྱུར་ཡོད་པས། ཉང་རལ་བའི་གཏེར་མ་བཀའ་ཐང་ཟངས་གླིང་མ་སོགས་སློབ་པདྨའི་རྣམ་ཐར་ཆེ་ཁག་ལས། སློབ་དཔོན་པདྨ་ཁྲི་སྲོང་ལྡེ་བཙན་དང་། མུ་ནེ་བཙན་པོ། ཁྲི་ལྡེ་སྲོང་བཙན་ཏེ་བཙན་པོ་གསུམ་རིང་བོད་ཡུལ་དུ་སྐུ་བཞུགས་པ་དང་། ཁྲི་ལྡེ་སྲོང་བཙན་གྱི་སྐུ་དུས་སུ་རྒྱལ་བློན་རྣམས་ལ་ཆོས་རྒྱ་ཆེར་གསུངས་གྲུབ་རྗེས་སྲིན་ཡུལ་དུ་བྱོན་ཚུལ་བཤད་པ་དེ་འགྲིག་དཀའ་བ་དཔྱད་ན་ཤེས་སོ། །
དཔྱད་གཞི་ཡིག་ཆ།
ཏུན་ཧོང་ཡིག་ཚང་གི་བཙན་པོའི་རྒྱལ་རབས།
ཁྲི་སྲོང་གི་རྡོ་རིང་།
རྒྱའི་ཐང་ཡིག
ཏུན་ཧོང་ཡིག་ཚང་གི་ཧྭ་ཤང་ཡིག་ཆ།
གནུབས་ཀྱི་རང་རྣམ།
ཆོས་འབྱུང་མཁས་དགའ།
བཀའ་ཐང་ཟངས་གླིང་མ།
འབྲེལ་ཡོད་འོས་སྦྱོར།