logo

༄༅། །ཏུན་ཧོང་ཡིག་ཆའི་ནང་གི་ཕ་གཤེན་རབ་མི་བོའི་སྐོར་གླེང་བ།

རྩོམ་པ་པོ།:ཀུན་དཔལ་ཚེ་རིང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2022-07-05 ཀློག་གྲངས།:
༄༅། །ཏུན་ཧོང་ཡིག་ཆའི་ནང་གི་ཕ་གཤེན་རབ་མི་བོའི་སྐོར་གླེང་བ།
ཀུན་དཔལ་ཚེ་རིང་།

[ནང་དོན་གནད་བསྡུས] བོན་གྱི་ཡིག་ཆར་ཕ་གཤེན་རབ་མི་བོ་དང་སྟོན་པ་གཤེན་རབ་མི་བོ་ཞེས་འབྲི་སྟངས་གཉིས་མཆིས། ཕ་གཤེན་རབ་མི་བོ་ཞེས་གཙོ་བོར་ཏུན་ཧོང་བོད་ཀྱི་ཡིག་ཆ་དང་གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་ནས་རྙེད་པའི་ཡིག་ཆ་སྟེ། དུས་རབས་བཅུ་པའི་སྔོན་གྱི་ཡིག་ཆར་གསལ། སྟོན་པ་གཤེན་རབ་མི་བོ་ནི་དུས་རབས་བཅུ་པའི་རྗེས་སུ་བྱུང་བའི་བོན་གྱི་ཡིག་ཆར་གསལ། འདིར་ཏུན་ཧོང་ཤོག་དྲིལP.T.1068པ་དང་། P.T.1134པ། P.T.1136པ། P.T.1194པ། P.T.1289པ། IOL Tib J 731པ་བཅས་སུ་བཀོད་པའི་ཕ་གཤེན་རབ་མི་བོ་ཞེས་པ་གཙོ་བོར་བཟུང་སྟེ། ཁོང་གིས་ཆོ་ག་སྤེལ་བའི་ཡུལ་དང་དད་ལྡན་གྱི་རིགས་རུས། ཁོང་དང་མཉམ་དུ་བཀོད་པའི་གཤེན་པོ་གཞན་དང་སྟོན་པ་གཤེན་རབ་བར་གྱི་ཁྱད་པར་བཅས་བྲིས་ཡོད། སྔོན་གྱི་ཡིག་ཆ་ཁག་ཕན་ཚུན་བསྡུར་ཚེ། ཤོག་དྲིལ་དེ་ཚོར་གསལ་བའི་ཡུལ་མིང་དང་རྒྱལ་ཕྲན། རྗེ་བོ། སྐུ་གཤེན་ཕལ་ཆེ་བ་ནི་དབུས་གཙང་ཕྱོགས་སུ་མཆིས་ཚུལ་འཁོད་ལ། ཕ་གཤེན་རབ་མི་བོ་གཙོས་ཏེ་སྐུ་གཤེན་ལ་ལ་ནི་དངོས་བྱུང་གི་མི་སྣ་ཞིག་ལས་འདས་ཏེ་མཐུ་དང་རྫུ་འཕྲུལ་ལྡན། གཞན་ཞང་ཞུང་དང་སྟག་གཟིག་འོལ་མོ་ལུང་རིང་སོགས་ཀྱི་སྐོར་མི་གསལ།
[གནད་ཚིག] ཏུན་ཧོང་ཡིག་ཆ། བོན། ཕ་གཤེན་རབ་མི་བོ། སྟོན་པ་གཤེན་རབ།

        ཏུན་ཧོང་ཤོག་དྲིལP.T.1068པ་དང་། P.T.1134པ། P.T.1136པ། P.T.1194པ། P.T.1289པ། IOL Tib J 731པ་བཅས་སུ་ཕ་གཤེན་རབ་མི་བོ་ཞེས་ཐེངས་བཅུར་བྱུང་།[1] ཡིག་ཆ་དེ་དག་ཆོ་གའི་གྱེར་ཚིག་དང་གཟུངས་སྔགས་ལྟ་བུ་མིན་པར། ཡུལ་དང་མི་སྣ་ཆེ་གེ་མོ་ཞིག་ལ་སྐྱིད་སྡུག་བྱུང་བར་ཆོ་ག་བཏང་ཚུལ་གྱི་སྔོན་རབས་ཡིན། འདི་འདྲའི་གཏམ་རྒྱུད་ཁ་ཤས་ཤིག་གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་ནས་གསར་རྙེད་བྱུང་བའི་བོན་གྱི་གནའ་དཔེ[2]འགར་ཡང་གསལ། ཡིག་ཆ་དེ་དག་ལས་ཕ་གཤེན་རབ་མི་བོའི་མེས་པོ་དང་ཁྱིམ་རྒྱུད། འཁྲུངས་ཡུལ་སོགས་བྲིས་མེད་པར། མི་རྣམས་ཀྱི་དད་ཡུལ་དུ་གྱུར་པའི་ལྷའམ་གཤེན་པོ་ཞིག་གི་རྣམ་པ་མཚོན། ཡིག་ཆ་དེ་ཚོ་བསྡུར་ཚེ། ཕ་གཤེན་རབ་མི་བོས་ཆོ་ག་སྤེལ་བའི་ཡུལ་དང་དད་འབངས་ཕལ་ཆེ་བ་དབུས་གཙང་ཕྱོགས་སུ་མཆིས་ལ། སྟོན་པ་གཤེན་རབ་ཀྱི་རྣམ་ཐར[3]ནང་བྱུང་བའི་ཁོང་གི་རིགས་རུས་དང་འོལ་མོ་ལུང་རིང་། ཞང་ཞུང་། གངས་ཏི་སེ་སོགས་ཀྱི་སྐོར་དེར་འཁོད་མེད་པས་ཅུང་ཙམ་ཞུ་བར་བྱ།
དང་པོ། ཕ་གཤེན་རབ་མི་བོ་ཞེས་བྲིས་པའི་ཏུན་ཧོང་ཡིག་ཆའི་སྐོར།
        གཅིག །P.T.1068པའི་སྐོར།
        ཤོག་དྲིལ་འདི«ལྷེའུ་བཙན་པའི་གཏམ་རྒྱུད»(P.T.1068.001060)དང་། «དྲལ་པོ་སྐྱི་པྱུག་གི་འཇོན་པ་དང་ལྖམ་མོ་སྐྱི་ནམ་ཉག་ཅིག་མ་གཉིས་ཀྱི་རབས»(P.T.1068.061131)བཅས་གཏམ་རྒྱུད་གཉིས་ཀྱིས་གྲུབ་ཅིང་བསྡོམས་པས་ཐིག་ཕྲེང131ཡོད་པ་ལས། དབུའི་ཐིག་ཕྲེང1ནས60ཡི་བར་རལ་ནས་གཏམ་རྒྱུད་ཆ་ཚང་མིན། ཐིག་ཕྲེང61ནས131བར་གྱི་གཏམ་རྒྱུད་དེ་རྗེ་བགྲ(བཀྲ)པོ་བགྲ་རྒྱལ་དང་སྣམ་བཙུན་མོ་ཁྱོ་ཤུག་གཉིས་ལ་བསྟན་ཚུལ་གསལ་ཞིང་། མཇུག་ཏུ“སྲིན་རབས་གྱི་མཛོ་མོ་དྲང་མ་འདི་ཡང་། གནའ། ཕན་ན་ད་ཡང་ཕན། གནའ། བསོད(གསོལ)ན་ད་ཡང་བསོད”ཅེས་བྲིས་ཡོད།
        དོན་ནི་ཡུལ་སྐྱི་རོ་ལྗང་སྔོན[4]ན་བུ་སྐྱི་ཕྱུག་འཇོན་པ་དང་བུ་མོ་སྐྱི་ནམ་ཉག་ཅིག་ཅེས་པའི་ལྕམ་སྲིང་གཉིས་ཡོད། དེ་གཉིས་གཞོན་དུས་ནས་མ་གྲོངས་ཏེ་ཕས་མ་ཡར་ཞིག་ བླངས་པ་ཡིས་ལྕམ་སྲིང་གཉིས་ལ་མི་གཅེས་པས་མིང་པོ་བྱང་ཀ་སྣམ་བཞི[5]རུ་རྔོན་ལ་སོང་། སྲིང་མོས་གཞན་གྱི་ཕག་ཁྱུ་འཚོས་ཏེ་ཕག་བྲུན་ནང་ནས་གྲོངས། ཕྱིས་མིང་པོས་བཙལ་བས་ཡུལ་གྱི་མ་མདའི་ཕག་བྲུན་ནང་ནས་དབུ་སྐྲ་གནམ་དུ་ཡེར། སྲོ་ཤིག་པང་ལ་ལྷུང་སྟེ་གྲོངས་པ་རྙེད། མིང་པོའི་ཐུགས་ཆད་ནས་བེམ་པོ་བསྡུས་ཏེ་འབྲི་བརྒྱ་སྲལ་བརྒྱ་དང་ལུག་བརྒྱ་གཡང་བརྒྱའི་ཞོ་བཞོས་མར་དྲུམས་ཏེ་དབུ་ལ་བསྐུས། རི་དྭགས་ཆོ་མ་ཆོ་དགུའི་རྒང[6]གིས་ཤད་ཀྱང་སྔར་ལྟར་འདུག་པས། ཕ་གཤེན་རབ་མི་བོ་དང་དུར་གཤེན་རྨ་ད། གཤེན་ཚ་ལུང་སྒྲ་གསུམ་གཉེར་ཏེ[7]ཞུས། གཤེན་གསུམ་གྱིས་སྲིན་རབས་ཀྱི་མཛོ་མོ་དྲང་མའི་ཞོ་བཞོས་མར་དྲུམས་ཏེ་སྐུས་གསུངས། དེ་ནས་མིང་པོ་ཡུལ་རྒོད་ཁྱེར་དུ་བྱོན་ནས་མཛོ་མོ་དྲང་མ་བཟུང་སྟེ་ཡུལ་སྐྱི་རོ་ལྗང་སྔོན་དུ་ཁྲིད་ཅིང་། ཞོ་བཞོས་མར་དྲུམས་ཏེ་དབུ་ལ་བསྐུས་ནས་ཤད་ན་དབུ་སྐྲ་གནམ་ལ་ཡེར་བ་ཞུས་ཤིང་སྲོ་ཤིག་ས་ལ་ལྷུང་བ་བྱེར་ཚུལ་སོགས་གསལ།
        དེའི་ཐིག་ཕྲེང87པ་དང90པའི་ནང་དུ་ཕ་གཤེན་རབ་མྱི་བོ་དང་གཤེན་རབ་མྱི་པོ་ཞེས་ཐེངས་གཉིས་གསལ། གཞན་དུར་ཤེན་གྱི་རྨ་ད་དང་ཕ་དུར་གཤེན་རྨ་ད། གཤེན་ཚ་ལུང་སྒྲ་ཞེས་ཐེངས་རེར་གསལ། དེ་ལ་ཐོག་མར་ཕ་གཤེན་རབ་མྱི་བོ་དང་དུར་ཤེན་རྨ་ད་ཞེས་འབྱུང་། རྗེས་སུ་ཕ་དུར་ཤེན་རྨ་ད་དང་གཤེན་རབ་མྱི་པོ་ཞེས་བྲིས་པས། ཕ་ཞེས་པའི་ཐ་སྙད་དེ་སྔ་མའི་སྐབས་བསྡུས་ཏེ་ཕྱི་མའི་སྐབས་མ་བྲིས་པ་ཙམ་ལས། ཕ་གཤེན་མྱི་བོ་ཞེས་འབོད་པ་ཤེས་སྙམ། སྐྱིད་ཕྱུག་འཇོན་པོའི་སྐོར་གྱི་གཏམ་རྒྱུད་གཞན་ཞིག་དགའ་ཐང་འབུམ་པ་ཆེ་ནས་རྙེད་པའི་ཡིག་ཆ“རྣེལ་དྲྀ་འདུལ་བའི་ཐབས”[8]བྱ་བའི་ཚན་པར་གསལ་བ་ལྟར་གཞན་དུའང་མཆིས་སོ། །
        གཉིས། P.T.1134པའི་སྐོར།
        ཤོག་དྲིལ་འདི་ལ་ཐིག་ཕྲེང297མཆིས་ཤིང་། «ཤེ:ཟ:ལ:རོ:སྨན»(P.T.1134.001010)དང་། «མགོན:ཚུན:པྭ འི།སྲས»(P.T.1134.1122) «གདགས:དྲེའུ:རྗེ:བཚན»(P.T.1134.022039) «བཤོས:གྱི:རབས»(P.T. 1134.039067) «ལྷེའུ་ཡང་ཀའ་རྗེའི་རབས»(P.T. 1134.067297)སོགས་གཏམ་རྒྱུད་མི་འདྲ་བ་མང་པོ་བསྡུས་ཡོད། གཏམ་རྒྱུད་རེ་རེ་ནས་མིང་དང་དབྱེ་མཚམས་གསལ་པོ་མིན། དེའི་ཐིག་ཕྲེང39ནས67པའི་བར་ནི་ཕ་གཤེན་རབ་མི་བོ་དང་དུར་གཤེན་རྨ་དའི་སྐོར་གྱི་གཏམ་རྒྱུད་ཅིག་ཡིན། ཕ་གཤེན་རབ་མི་བོ་ཞེས་ཐིག་ཕྲེང61པ་དང65པར་ཐེངས་གཉིས་གསལ། དོན་ནི་མི་རབ་འགྲེང་རུ་ཆོ་ཡིས་ཁབ་འགྱམ་མོ་ཚེའི་བུ་མོ་འགྱམ་ཟ་ཏིང་གུག་བླངས་པ་ན། བདུད་ཀྱིས་ཕྲ་མ་བགྱིས་ནས་ཕྱྭ་ལ་བཀྱོན་ཕབ་སྟེ་མི་རབ་འགྲེང་རུ་ཆོ་གྲོངས་པས། མི་ཤི་ཤུལ་ན་མི་མེད་ལ། སླར་གསོན་པའི་བོན་མེད་པས་གནམ་གྱི་ཕ་མཐའ་དགུང་གི་ཕ་འགྲུམ་ན་ལྷའི་བུ་དང་སྲིན་གྱི་ཚ་བོ་སྟེ་དུར་གཤེན་རྨ་ད་དང་གླེན་གཤེན་དྲིལ་བུ། ལྡེའུ་གཤེན་རྨུན་བུ[9]བཅས་ལ་ཞུས་ནས་གཏོ་བཅོས་དཔྱད་བགྱིས། ཤིད་བཏང་རྨང་བཙུགས། ཆ་གར་ཆེ་རུ་བརྩིགས། ལར་རྒྱལ་སྒོས་ལུང་ལ་སེ་བཅོས་ཏེ། སེ་གྲུ་བཞི་ལ་ཤིང་ཏང་བཞི་བཙུགས་པ་སོགས་ཆོ་ག་བྱས་མཐར། ཕ་དུར་གཤེན་རྨ་ད་དང་། གཤེན་རབ་མི་བོ། སྐར་གཤེན་ཐུའུ་བཅས་ལ་ཞུས། ཕ་དུར་གཤེན་རྨ་ད་དང་གཤེན་རབ་མི་བོས་སེ་མོ་གྲུ་བཞི་བཙུགས་ཚུལ་སོགས་བསྟན།
        ཡིག་ཆ་འདིའི་ནང་གི་གཏམ་རྒྱུད་གཞན་དུའང་ཕ་དུར་གཤེན་རྨ་ད[10]ཞེས་ཐེངས་མང་གསལ། ཡིག་ཆའི་མགོ་ནས་ཆད་པའམ་མི་གསལ་ལ་གཞུང་དངོས་བརྡ་རྙིང་གིས་སྤྲོས་ཆེ་སྟབས་ངེས་དཀའ། “གནམ་གྱི་ཕ་མཐའ་དགུང་གི་ཕ་འགྲུམ་ན་ལྷའི་བུ་དང་སྲིན་གྱི་ཚ་བོ་སྟེ་དུར་གཤེན་རྨ་ད”ཞེས་པས། ཕ་གཤེན་རབ་མི་བོ་སོགས་ལུང་བསྟན་ཞུ་ཡུལ་གྱི་ལྷ་ཡིན་ཤས་ཆེའོ། །
        གསུམ། P.T.1136པའི་སྐོར།
        ཤོག་དྲིལ་འདི«རྒྱལ་དུ་གཤེགས་རབས»(P.T.1136.0106)དང་། «སྨྲ་མྱི་སྟེ་བཙུན་པོ་དང་རྨ་མྱི་དེ་བཙུན་པོ»(P.T.1136.0729) «རྩང་ཧོ་དེ་འི་ཧོས་བདག་དང་གཤེན་ཟའྀ་གྱི(སྐྱི)མྱེད་མ»(P.T.1136.3060)ཡི་སྐོར་ཏེ། གཏམ་རྒྱུད་གསུམ་གྱིས་གྲུབ་ཅིང་ཐིག་ཕྲེང60ཡོད། དེ་ལས་ཐིག་ཕྲེང30ནས60ཡི་བར་གཏམ་རྒྱུད་ལ་ནང་གསེས་དོན་ཚན་གཉིས་གསལ། དོན་ནི་རྩང་ཧོ་དེའི་ཧོས་བདག[11]དང་གཤེན་ཟ་གྱི(སྐྱི)མེད་མ་གཉིས་ལ་བུ་སྨྲ་བོན་ཟིང་བ་ཟིང་སྐྱེས[12]དང་བུ་མོ་ལྷོ་རྒྱལ[13] བྱང་མོ་བཙུན་ཞེས་མིང་སྲིང་གཉིས་མཆིས། ནམ་ཞིག་སྲིང་མོ་ལྷོ་རྒྱལ་བྱང་བཙུན་ནི་ཞང་ཞུང་གུ་གེ་རྗེ་ལ་བཙུན་མོར་འབུལ་རྒྱུའི་ཆེད་གཉེན་འདུམ་མམ་ཉེ་བོ་སྐྱ་མི་བརྒྱ་སློང་དུ་ཡོང་། ལྕམ་ལྷོ་རྒྱལ་བྱང་བཙུན་འགྲོ་མ་འདོད་པར་རྩིད་ཐག་ནག་པོ་ཞིག་གིས་སྐེ་བསྒགས་ནས་གྲོངས་པས། ཕ་རྩང་ཧོ་དེའི་ཧོས་བདག་དང་མིང་པོ་སྨྲ་བོན་ཟིང་བ་ཟིང་སྐྱེས་གཉིས་ཀྱིས་ཕ་གཤེན་རབ་མི་བོར་ཞུས། གཤེན་རབ་མི་བོས་རྩིད་ཐག་ནག་པོ་བཀྲོལ་བར་བྱ་གཤེན་འཇོན་མོ་ཞུ་དགོས་པར་བསྟན། བྱ་གཤེན་འཇོན་མོས་འགེག་ལུག་ནག་པོ་དང་འགེག་ར་རྒྱ་བོ་གཉིས་ཆོ་གའི་ནང་བཞག་སྟེ་ནུབ་གསུམ་ལ་བོན་གྱེར་བས། འགེག་ལུག་དང་འགེག་ར་རྒྱ་བོ་ལ་བདུད་དགུ་བབས་ཤིང་། སྲིང་མོ་ལྷོ་རྒྱལ་བྱང་བཙུན་གྱི་སྐེ་ནས་རྩིད་ཐག་ནག་པོ་དེ་བཀྲོལ། དེ་ནས་ཡབ་རྩང་ཧོ་དེའི་ཧོས་བདག་གིས་ལ་ལ་རྒྱལ་ཐག་བརྒྱད་དང་ལུང་ལ་སེ་གྲུ་བཞི་བརྩིགས། འབྲང་དུ་གཟུགས་བཅོས་ཏེ་ཤིད་བཏང་ཚུལ་གསལ། སྤྱིའི་ཐིག་ཕྲེང51པ་དང52པ་བཅས་སུ་ཕ་གཤེན་རབ་མྱི་བོ་ཞེས་ཐེངས་གཉིས་གསལ།
        གཏམ་རྒྱུད་ཕྱི་མ་འདི་གང་ནས་བྱུང་མིན་མི་གསལ་ཡང་རྩང་ཧོ་དེའི་ཧོས་བདག་ཅེས་བཀོད་པར་བརྟགས་ཚེ་གཙང་གི་ཡུལ་ཕྱོགས་ཤིག་ཡིན་ཤས་ཆེ། ཡིག་ཆ་འདི་གཏམ་རྒྱུད་ཕྱོགས་སྒྲིག་བྱས་པ་ཞིག་སྟེ། དབུའི་ཐིག་ཕྲེང1པོ་ནས6པའི་བར་གཏམ་རྒྱུད་ཅིག་གི་མཇུག་དང་། ཐིག་ཕྲེང7པ་ནས29ཡི་བར་དུ་ཡུལ་དགའ(དགས)ཡུལ་བྱང་རྣམས་ནས་བྱུང་བའི་གཏམ་རྒྱུད་ཅིག་བྲིས་ཡོད། མཇུག་ཏུ“གནའ་ཕན་ད་ཡང་ཕན་གནའ་བསོད་ད་ཡང་བསོད”ཅེས་གསལ། དེ་ལས་དགས་ཡུལ་ནི་དྭགས་པོ་ལ་གོ་ཞིང་། ཤོག་དྲིལP.T.1287པ་ལས་སེང་གོ་མི་ཆེན་གྱིས་དགས་པོ་འབངས་སུ་བཀུག་ཚུལ་གསལ་ཏོ། །
        བཞི། P.T.1194པའི་སྐོར།
        ཤོག་དྲིལ་འདི་ལ་ཐིག་ཕྲེང77མཆིས་ཤིང་ཕ་གཤེན་རབ་མྱི་བོ་དང་དུར་གཤེན་རྨ་ད། སྒལ[14]གཤེན་ཐོའུ[15]ཡུག་གསུམ་གྱི་སྐོར་གསལ་ཡང་ཡིག་ཆའི་དབུ་མི་གསལ་བས་ཞིབ་ཏུ་ངེས་དཀའ། ནང་དུ་ལུག་བུད་མེད་དང་བུ་ཐེ་ཞོན་ནེ་ཞོན། བུ་མ་མེད། མ་བུ་མེད། ཡབ་དགའ(དགས)ཟིན་ཆེན་པོ། སྨན་ཐང་ཐང་། སྲིན་ཨག་ས་རྒྱལ་པ། གཡང་ངོ་རྩ། བུ་སྤྱང་ཁུ། འོལ་ལྷ་གསས་ཞེས་པའི་མིང་གསལ། གཤིན་ཡུལ་དང་གཤིན་ཐན། སེ་གྲུ་བཞི། རྒྱལ་ཐག་བརྒྱད་བཅས་གཤིན་པོར་འབྲེལ་བའི་ཐ་སྙད་མང་བས་འདས་མཆོད་ཀྱི་ཡིག་ཆ་ཞིག་རེད་སྙམ། དུར་གཤེན་རྨ་ད་ཞེས་ཐེངས་བཞི་དང་སྤྱིའི་ཐིག་ཕྲེང5པ་དང16པར་ཕ་གཤེན་རབ་མྱི་བོ་ཞེས་ཐེངས་གཉིས་གསལ་ཏོ། །ཐིག་ཕྲེང17པ་ནས67པའི་བར་གྱི་ནང་དོན་གོང་དང་མི་འདྲ་ལ། ཕ་གཤེན་རབ་མི་བོའི་སྐོར་ཡང་མི་གསལ་བས་གཏམ་རྒྱུད་གཞན་ཞིག་ཏུ་སྙམ། ཐིག་ཕྲེང68པར་ཡུལ་དག་ཡུལ་བྱང་རྣམས[16]ན་ཕ་དང་ཡབ་ཀྱི་མཚན་དགའ་ཟིན་ཏེའི་ཆེན་པོ[17]ཞེས་གཏམ་རྒྱུད་གཞན་ཞིག་བསྟན་ཅིང་། དྭགས་པོར་འབྲེལ་བའི་གཏམ་རྒྱུད་ཅིག་ཏུ་མངོན།
        ལྔ། P.T.1289པའི་སྐོར།
        ཤོག་དྲིལ་འདིའི་དབུ་རུ«མཛོ་མོའི་རབས»ཞེས་བཀོད་ཅིང་བསྡོམས་པས་ཐིག་ཕྲེང71ལྷག་མཆིས། དོན་ནི་ཡུལ་དབྱེ་བཀྲའི[18]རྗེ་དང་དང་དངས་དང་ཇོ་མོ་སྣམ་ཟ་སྣམ་ཁྲིད་ལ་འབྲེལ་བའི་གཏམ་རྒྱུད་མི་འདྲ་བ་འགའ་ཡིན་མོད། མིང་དང་དབྱེ་མཚམས་གསལ་པོ་མིན། དེའི་ཐིག་ཕྲེང70པའི་སྟེང་གཤེན་རབས་མྱི་བོ་ཞེས་ཐེངས་གཅིག་གསལ་ཏོ། །དོན་ནི་ཐིག་ཕྲེང48པ་ནས71པའི་བར་བསྟན་ཏེ། ཡུལ་དབྱེ་བཀྲ་བྱ་བ་ན་རྗེ་དང་དང་དངས་དང་ཇོ་མོ་སྣམ་ཟ་སྣམ་ཁྲིད་བྱ་བ་ཡོད། ནམ་ཞིག་དང་དང་དངས་རྗེ་བྱང་ཀ་སྣམ་བརྒྱད་དུ་ཤྭ་དང་དགོ་རྔོན་དུ་འགྲོ་སྐབས། བཙུན་མོ་སྣམ་ཟ་སྣམ་ཁྲིད་མས་མ་འགྲོ་ཞེས་ཐབས་མང་པོས་བཀག་ཀྱང་མ་ཁོགས་པར། རྟ་ར་གུ་དུ་རོན་ཞོན་ནས་སྲིན་གྱི་ཤྭ་བ་བསད་པས་སྲིན་ཞ་དགུ་ལྕོགས་མ་ཁྲོས་ནས་རྗེ་དང་དང་དངས་བཀྲོངས། རྟ་ར་གུ་དུ་རོན་གྱིས་ཞག་མང་པོར་བསྒུགས་ཀྱང་རྗེ་དང་དང་དངས་ཀྱི་སྤུར་ལས་གསོན་དུ་རེ་བ་ཆད་དེ་སྤུར་ཁུར་ནས་ཡུལ་དབྱེ་བཀྲར་སླེབས། ཇོ་མོ་སྣམ་ཟ་སྣམ་ཁྲིད་མས་དེའི་དོན་དུ་ཆོ་ག་སྣ་ཚོགས་བྱས་ཤིང་ཕ་གཤེན་རབ་མི་བོ་ལ་ཞུས་སོ། །
        དྲུག །IOL Tib J 731པའི་སྐོར།
        འདི་ལ«རྟ་རྐྱང་དབྱེ་བའི་རབས»ཞེས་བཀོད་པའང་མཆིས། བསྡོམས་པས་ཐིག་ཕྲེང93གསལ། དེར་ཡུལ་རྫི་ལུང་དང་པ་ན་ཕུ་བོ་ཡིད་ཀྱི་གདང་པྱམ་དང་ནུ་བོ་འབྲིང་པ་རྐྱང་རོན་རྔོག་བཀྲ། ཐ་ཆུང་ཁུག་རོན་རྨང་དར་ལས། ཕུ་བོ་ཡིད་ཀྱི་གདང་པྱམ་བྱང་ཀ་སྣམ་བརྒྱད་དུ་གཤེགས་ཏེ་འབྲོག་གཡག་སྐར་བ་དང་རྩྭ་ཆུ་བརྩད་ནས་བཀྲོངས་པས། ནུ་བོ་ཁུག་རོན་རྨང་དར་གྱིས་མི་རྨ་བུ་ལྡམ་ཤར་ལ་སྐྱབས་བཅོལ་ཏེ་ཕུ་བོའི་ཤ་འཁོན་བླངས། ནམ་ཞིག་མི་རྨ་བུ་ལྡམ་ཤར་གྲོངས་པས་ཕ་གཤེན་རབ་མི་བོ་དང་དུར་གཤེན་རྨ་དས་དོ་མ་སྙིང་དགས་སུ་རྟ་ཁུག་རོན་རྨང་དར་བཏང་ནས་ཤིད་བཏང་ཚུལ་གསལ། ཐིག་ཕྲེང87པར་ཕ་གཤེན་རབས་མྱི་བོ་དང་དུར་གཤེན་རྨ་དད་ཅེས་ཐེངས་རེར་བྱུང་། འདིར་ལྷ་ཡུལ་གུང་ཐང་དང་ས་ཁྱིམ་ཁང་མོ། རྫི་ལུང་དང་བ། བྱང་ཀ་སྣམ་བརྒྱད། ཕྱི་འབྲོག་བརྒྱད་གོང་། འབྲོག་ཕྱི་ལྡང་གསུམ། མི་ཡུལ་སྐྱི་ཐང་། སྨྲ་ཡུལ་ཐག་བརྒྱད་སོགས་དབུས་གཙང་ས་ཆའི་ཉེ་འབྲེལ་གྱི་ས་མིང་འགའ་ཡིན། བྱང་ཀ་སྣམ་བརྒྱད་ནི་བྱང་ཐང་ཞེས་འབོད་པའི་ཡུལ་ཕྱོགས་དེའོ། །
གཉིས་པ། ཕ་གཤེན་རབ་མི་བོ་ཞེས་བྲིས་པའི་ཡིག་ཆ་བསྡུར་བ།
        གཅིག །ཏུན་ཧོང་ཡིག་ཆའི་དབྱེ་ཞིབ།
        1.ཕ་གཤེན་རབ་མི་བོའི་སྐོར། གོང་དུ་ཞུས་པའི་ཡིག་ཆ་ཁག་ཏུ་ཕ་གཤེན་རབ་མི་བོར་འབྲེལ་བའི་གཏམ་རྒྱུད་དྲུག་མཆིས། དེ་ལསP.T.1068པའི་ནང་ཡུལ་སྐྱི་རོ་ལྗང་སྔོན་དང་། P.T.1134པའི་ནང་འགྱམ་ཡུལ། P.T.1136པའི་ནང་གཙང་། P.T.1194པའི་ནང་དག་ཡུལ་བྱང་རྣམ། P.T.1289པའི་ནང་ཡུལ་དབྱེ་བཀྲ། IOL Tib J 731པའི་རྫི་ལུང་དང་བ་ཞེས་ས་ཆ་མི་འདྲ་བ་མང་པོ་མཚོན་པས། སྔོན་ཚེ་ཡུལ་མང་པོར་ཕ་གཤེན་རབ་མི་བོར་དད་པ་དང་གཏམ་རྒྱུད་ཡོད་ཤས་ཆེ། འདི་དག་ནི་ཕ་གཤེན་རབ་མི་བོའི་རྣམ་ཐར་མིན་ལ། ཕལ་ཆེར་གྱི་ནང་དུ་སྐྱིད་སྡུག་ཅི་ཞིག་བྱུང་བའི་ཡུལ་དང་མི་སྣ། ལྷ་བཅས་ཀྱི་མཚན་གསལ། ལྷའམ་མི་སྣ་ལ་ལ་ཡིག་ཆ་གཞན་དུའང་ཐེངས་མང་འབྱུང་། ཤོག་བུའི་བཟོ་དབྱིབས་དང་ཁ་དོག །ཡིག་གཟུགས། ནང་དོན་བཅས་ཀྱི་ངོས་ནས་མི་སྣ་གཅིག་གིས་བྲིས་ཚུལ་མི་གསལ། ཕལ་ཆེར་གྱི་མཇུག་ཏུ་གནའ་སྲོལ་ཞིག་ཡིན་པར་བསྟན་པས། གཤེན་རབ་མི་བོ་ཞེས་པའང་དུས་རབས་བདུན་པ་ནས་བཅུ་པའི་བར་བྱུང་བའི་མི་སྣ་ཞིག་མིན་པར་སྙམ།
        ཡིག་ཆ་འདི་ཚོར་མཁར་རྨེའུ་བསམ་གཏན་གྱིས་གཟིགས་རྗེས་ཏུན་ཧོང་ཡིག་རྙིང་ཁྲོད་དུ་གཤེན་རབ་མི་བོ་ནི་མི་སྣ་གལ་ཆེན་ཞིག་ཡིན་ཚུལ་བཀོད་མེད་ཀྱང་། ཆོ་གའི་ཁྲོད་མེད་དུ་མི་རུང་བའི་གཤེན་པོ་ཞིག་དང་། ཤི་གསོན་གཉིས་ཀྱི་དོན་བྱེད་པའི་མཆོད་གནས་ཤིག་ཡིན་པས། གཤེན་རབ་མི་བོ་ཆེ་ཞེས་པ་ཞིག་དུས་རབས་བདུན་པའི་གོང་ཙམ་དུ་བྱུང་མྱོང་བར་བཞེད།[19] དེར་ཧྲི་ཐེ་ཨན་གྱིས་དགག་པ་མཛད་ཡོད། གང་ལྟར་མི་སྣ་གཅིག་ལ་གཏམ་རྒྱུད་སྣ་ཚོགས་བྱུང་ཚུལ་འདིས་གང་ཉིད་དངོས་བྱུང་གི་མི་སྣ་ཞིག་མིན་ཡང་། དེའི་དད་མོས་བྱུང་སྔ་ཞིང་མི་རྣམས་ཀྱིས་གཏམ་རྒྱུད་དང་ཆོ་གའི་ཁྲོད་ཀྱི་མི་སྣ་གཙོ་བོར་བཞག་པ་མཚོན་པས། དེ་འབྲེལ་གྱི་གཏམ་རྒྱུད་ལའང་ངག་རྒྱུན་གྱི་རང་བཞིན་ཆེ་བར་སྙམ། ལྷག་པར་གཏམ་རྒྱུད་ཕལ་ཆེར་ནི་གཤིན་མཆོད་ལ་འབྲེལ་ཞིང་ནང་དུ་རྒྱལ་བསྒོས་དང་སེ་བཙུགས། སེ་འབུམ། སེ་མོ་གྲུ་བཞི། རྒྱལ་ཐག་བརྒྱད་སོགས་ཀྱི་ཆོ་ག་དང་སྲོག་ཆགས་ཀྱི་སྐོར་གསལ། སྲོག་ཆགས་ནི་ཚེ་འདས་ཀྱི་གཤེགས་རྐྱེན་དང་འདས་ཚུལ་གྱི་རྣམ་པ་ལ་དམིགས་ཏེ་གདན་འདྲེན་དགོས་ལ། ཕན་ཚུན་གཅིག་གྱུར་མིན་པར་རྟ་དྲེལ་དང་ར་ལུག །འབྲི་གཡག །བྱ་བྱེའུ་སོགས་ཡོད། སྲོག་ཆགས་དེ་དག་གི་ལུས་སུ་དར་དང་མགོ་ལ་བྱ་རུ། རྭ་ལ་གསེར་དངུལ་གྱི་རྒྱན་སོགས་གསོལ། འདིའི་ཐད་གནའ་སྲོལ་ཞིག་དང་གཅིག་གྱུར་གྱི་རྣམ་པ་ཞིག་མཚོན་ནོ། །
        2.བོན་གཤེན་གཞན་གྱི་སྐོར། ཕ་གཤེན་རབ་མི་བོ་ཞེས་བྲིས་པའི་གཏམ་རྒྱུད་དྲུག་པོ་ནི། གཏམ་རྒྱུད་ཆེན་པོ་གཞན་གྱི་བྱེ་བྲག་རེ་རེ་ཡིན། དེ་ལས་མི་བོ་ཞེས་པའི་མིང་མཐར“ཆེ”ཡིག་སྦྱར་མེད། ཕལ་ཆེ་བར་ཕ་གཤེན་རབ་མི་བོ་དང་མཉམ་དུ་དུར་གཤེན་གྱི་རྨ་ད་དང་གཤེན་ཚ་ལུང་སྒྲ། སྐར་ཤེན་ཐེའུ། བྱ་གཤེན་འཇོན་མོ། སྒ་གཤེན་ཐེའུ་ཡུག་སོགས་གཤེན་གཞན་གསལ། ཁོ་ཚོས་ཀྱང་ཕ་གཤེན་རབ་མི་བོ་ལྟར་ཆོ་གའི་ཁྲོད་མཐུ་ནུས་བཏོན་ལ། མཆོག་དམན་དང་རིགས་རུས་སོགས་ཤིན་ཏུ་ངེས་དཀའོ། །ཏུན་ཧོང་ནས་བྱུང་བའི་བོན་གྱི་ཡིག་ཆར་བལྟས་ན། གཤེན་ལ་སྐུ་གཤེན་དང་གཤེན་དྲག །གཤེན་པོ། བོན་གཤེན། གསས་དྲག་ཕོ་དང་མོ་སོགས་ཀྱི་དབྱེ་བ་མཆིས་ལ། སྐུ་གཤེན་ནི་ཡུལ་དང་རིགས་རུས། རྒྱལ་ཕྲན་ག་གེ་མོའི་ཆོ་ག་སྒྲུབ་མཁན་ཡིན། གཤེན་ནམ་བོན་གཞན་ལ་རིགས་རུས་དང་ཡུལ། རྒྱལ་ཕྲན་སོགས་ཆེད་གཏད་ཀྱི་ངེས་བཟུང་མེད་དོ། །ཏུན་ཧོང་བོན་གྱི་ཡིག་ཆ་གཞན་དུའང་མཐུ་ནུས་ཀྱིས་ཕྱུག་པའི་གཤེན་པོ་མང་པོ་གསལ། དཔེར་ན། ཤོག་དྲིལP.T.1042(5860)པ་ལས། “དེ་ནས་ནམ་ཚབ་ཚུབ་ན། སྙུན་བོན་པོ། སྨག་བོན་པོ། འཇོལ་བོན་པོ་རྣམས་ཀྱང། ས་སར། གྱེར་ལ་མཆི། ཆི་ག་ནར་མ་ལ་ཐོ་རམ་དང་པོ་དུང་བུས་པ་དང། སྐུ་གཤེན་ཕངས་བོན་པོ་དང། རླད་བོན་པོ་དང། རིང་མཁན་དང། བཞེས་པའྀ་ཕྱག་གཙང་གཉིས”ཞེས་པ་ལྟར། སྙུན་བོན་པོ་དང༌། སྨག་བོན་པོ། འཇོལ་བོན་པོ། སྐུ་གཤེན་ཕངས་བོན་པོ། རླད་བོན་པོ། རིང་མཁན། ཕྱག་གཙང་བཅས་གཤེན་པོའམ་བོན་པོའི་རིགས་མང་པོ་གསལ། ཤོག་དྲིལP.T.1285པ་ལས་སྐུ་གཤེན་གྱི་རིགས་མང་པོ་འཁོད། དེ་དག་གིས་ལས་སུ་མོ་འདེབས་པ་དང༌། གཏོ་འཕེན་པ། དཔྱད་འདེབས་པ། ཤིད་གཏོང་བ། གླུད་གཏོང་བ། ལྷ་ལ་གཙང་སེལ་དང་མཆོད་པ་འབུལ། འདྲེ་སྲིན་གྱི་རིགས་འདུལ་བ་སོགས་བྱེད། དེ་དག་ནི་ཆོ་ག་སྒྲུབ་མཁན་གྱི་གཤེན་པོ་ལས་སྐུ་གཤེན་མིན། ཞིབ་ཏུ་བརྟགས་ན་ཕ་གཤེན་མི་བོ་དང་དུར་གཤེན་རྨ་ད་སོགས་ཀྱང་ཡུལ་དང་རིགས་རུས། རྒྱལ་ཕྲན་ཞིག་གི་སྐུ་གཤེན་མིན་ནོ། །དུས་རབས་བཅུ་གཅིག་པའི་ཕྱིས་སུ་བྱུང་བའི་བོན་གྱི་ཡིག་ཆར་ཡང་དེ་ཚོའི་རང་བཞིན་སྔར་ལྟར་གནས་མོད། ཕ་གཤེན་རབ་མི་བོ་ལ་སྟོན་པ་གཤེན་རབ་མི་བོ་ཞེས་སྦྱར་བའམ་མི་སྣ་གསར་བ་ཞིག་བྱུང་ཡོད།
        ཤོག་དྲིལP.T.1134པ་ལས་ཕ་གཤེན་རབ་དང་མཉམ་དུ་ཐོན་པའི་ཕ་དུར་གཤེན་རྨ་ད་ལ“གནམ་གྱི་ཕ་མཐའ་དགུང་གི་ཕ་འགྲུམ་ན་ལྷའི་བུ་དང་སྲིན་གྱི་ཚ་བོ་སྟེ”ཞེས་ལྷ་ཡི་རྣམ་པར་སྣང་། དེའི་ངོས་ནས་ཕ་གཤེན་རབ་མི་བོའང་མི་སྣ་དངོས་ཤིག་མིན་པར་སྣང་། ཕ་ཞེས་པའང་གཤེན་རབ་མི་བོ་གཅིག་པུའི་ཆོ་ལོ་མིན་ཏེ། དཔེར་ན། ཕ་མགོན་བཙུན་ཕྱྭ་དང་ཕ་དུར་གཤེན་རྨ་ད་ལྟ་བུའོ། །
        ཏུན་ཧོང་ཤོག་དྲིལ་དྲུག་པོ་དེར་ཕ་གཤེན་རབ་མི་བོ་ཞེས་ཐེངས་བཅུ་དང་ཕ་དུར་གཤེན་རྨ་ད་ཞེས་ཐེངས་བརྒྱད་བྱུང་། ཡིག་ཆ་དེ་ཚོ་ཁོ་ནར་བལྟས་ན། ཕ་གཤེན་རབ་མི་བོ་ཞེས་གཤེན་པོ་གཞན་ལས་ཐེངས་མང་བྱུང་ཡང་། ཕ་དུར་གཤེན་རྨ་ད[20]དང་ཕ་མགོན་བཙུན་ཕྱྭ། ཡབ་བླ་བདལ་དྲུག་སོགས་ཏུན་ཧོང་ཡིག་ཆ་གཞན་དུའང་ཐེངས་མང་བྱུང་བས། ཐ་སྙད་ཀྱི་ཁ་གྲངས་ཙམ་གྱིས་གཤེན་པོ་གང་གི་ལྷ་རིམ་དང་མཆོག་དམན་ཞུ་དཀའོ། །
        གཉིས། ཡིག་ཆ་གཞན་དག་དང་བསྡུར་བ།
        ཏུན་ཧོང་ཡིག་ཆར་བྱུང་བའི་ཕ་གཤེན་རབ་མི་བོའི་སྐོར་གྱི་གཏམ་རྒྱུད་དེ་འདྲ«གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་ནས་གསར་རྙེད་བྱུང་བའི་བོན་གྱི་གནའ་དཔེ»[21]ལས། “བྱོལ་པོ་སྙིང་གླུད་དང་། ལྟས་ངན་དང་། བདུད་རྒྱས(དགྱེས)པའི་ལེའུ”[22](གཤམ་དུ་བྱོལ་རབས་ཞེས་བསྡུ་རྒྱུ)ཞེས་པའི་ཚན་པར་ཡང་གསལ། འདི་དང་ཏུན་ཧོང་ནས་བྱུང་བའི་གཏམ་རྒྱུད་གཉིས་ཀྱི་གཞི་རྩའི་ཁྱད་པར་ནི་འདས་མཆོད་ཡིན་མིན་ཙམ་ཡིན། ཏུན་ཧོང་ནས་བྱུང་བའི་ཡིག་ཆ་དེ་ཚོར་མི་སྣ་ག་གེ་མོ་ཞིག་འདས་རྗེས། ཕ་གཤེན་རབ་མི་བོར་གནས་ཚུལ་ཞུས་ཏེ་ཆོ་ག་སྤེལ་ཞིང་། དེ་ནས་ཁོང་གིས་ཀྱང་གཤེན་གཞན་ལ་བཅོལ་ནས་ཆོ་ག་སྤེལ་ཚུལ་ཞིག་དང་། ཡང་ཡུལ་ག་གེ་མོ་ནས་མི་སྣ་ཞིག་འདས་རྗེས་ཕ་གཤེན་རབ་མི་བོ་དང་དུར་གཤེན་རྨ་ད་སོགས་ལ་ཞུས་ནས་ཆོ་ག་སྤེལ་བའི་སྐོར་གསལ། དེ་ལས་སྔ་མར་ཕ་གཤེན་རབ་སོགས་ཀྱི་ཆོ་གས་རྔོ་མ་ཐོགས་པར་གཤེན་གཞན་ལ་ཞུས་པ་མཚོན། ཕྱི་མར་ཐད་ཀར་ཕ་གཤེན་རབ་མི་བོར་ཞུས་ཏེ་ཆོ་ག་སྤེལ་བར་སྣང་ཡང་། དེའི་སྔོན་སྐུ་གཤེན་གཞན་གྱིས་ཆོ་ག་བཏང་མིན་ངེས་དཀའ། འདིའི་ཐད་ནས་ཕ་གཤེན་རབ་མི་བོ་དང་དུར་གཤེན་རྨ་ད་སོགས་ནི་ཡུལ་དང་རྒྱལ་ཕྲན་ཞིག་གི་སྐུ་གཤེན་མིན་ཡང་། དད་ཡུལ་ལམ་ཡུལ་མང་པོ་ནས་དད་པའི་ལྷ་ཞིག་ཏུ་མཐོང་ཐུབ་བོ། །«བྱོལ་རབས»ལས་ཀྱང་། མི་ཆེ་གེ་མོས་ཕ་གཤེན་རབ་མི་བོ་ཞུས་ཏེ་ཆོ་ག་སྤེལ་རྗེས། ཁོང་གིས་ཡང་བསྐྱར་གཤེན་དང་སྐུ་བླ་གཞན་ལ་ཞུས་པ་དང་། ཡང་ན་ཐད་ཀར་ཁོང་ལ་ཞུས་ནས་ཆོ་ག་སྤེལ་ཚུལ་གསལ། སྔ་མར་རྐྱེན་གཞན་གྱི་ཆེད་གཤེན་རབ་མི་བོར་ཞུས་ནས་ཆོ་ག་སྤེལ་རྗེས། ཁོང་གིས་སྐུ་བླ་དང་གཤེན་པོ་གཞན་དྲངས་ནས་མཉམ་དུ་བཏང་ཚུལ་མཚོན། འདིས་གཤེན་རབ་མི་བོ་ལས་མཐུ་ནུས་མཐོ་བའི་སྐུ་བླ་དང་གཤེན་ཡོད་པ་ཤེས་ཐུབ་ལ། ཐམས་ཅད་མཁྱེན་པ་ཞིག་གི་ཚུལ་གྱིས་བྲིས་མེད་པ་ངེས་སོ། །
        འདིའི་སྐོར«བྱོལ་རབས»ཀྱི་ལྡེབས་མ17པ་ནས23པའི་བར་གསལ། འདིའི་ལྡེབས་ངོས19པའི་ཐིག་ཕྲེང8པ་དང་། ལྡེབས་ངོས22པའི་ཐིག་ཕྲེང3པ། ལྡེབས་ངོས23པའི་ཐིག་ཕྲེང4པ་བཅས་སུ་གཤེན་རབ་མྱི་བོ་ཞེས་བསྡོམས་པས་ཐེངས3ལ་བྱུང་། དོན་ནི་བདུད་ཀྱི་རྒྱལ་པོ་ཤེ་ལེ་རུ་ཚེ་དང་ལྟས་ངན་གྱི་རྒྱལ་པོ་གང་པར་གེ་བེར་གཉིས་ཀྱིས། ཡབ་བླ་བདལ་དྲུག་ལ་བདུད་དང་ལྟས་ངན་ཕབ་པས། གནམ་གྱི་བོན་མོ་སྡིང་ང་སྡིང་ལོམ་དང་། སའི་བོན་མོ་འབྱོ་ར་འབྱོར་འཇོང་གཉིས་ཀྱིས་ཤེལ་གྱི་མོ་རྡེའུ་བཞི་བཅུ་རྩ་གཉིས་ཀྱིས་གཏོ་དང་མོ་བགྱིས་ཚེ། བདུད་དང་ལྟས་ངན་བབས་པ་ཤེས་ཏེ། བདུད་བོན་དྲེང་ནག་ཆུ་ལྕགས་དང་། ཐར་བོན་དྲུ་སྐྱོལ། གླུད་བོན་ངག་སྙན། གཤེན་རབ་མི་བོ་བཞི་གདན་དྲངས་ཏེ་ཆོ་ག་བཞི་སྤེལ་དུ་བཅུག །དེ་ལས་གཤེན་རབ་མི་བོས་ཐར་ལུག་ཡ་གང་གི་ཁོང་ནས་སྙིང་བླངས་ཏེ་བདུད་དར་མཐིང་ནག་གིས་དྲིལ་ཞིང་། ཕྱིའི་རྒྱན་དུ་དར་དང་ཟབ། ནང་གི་རྒྱན་དུ་གསེར་དང་གཡུ་བཞག་སྟེ་བདུད་ལ་ཕུལ་བ་ན། བདུད་དགྱེས་ནས་ཡབ་བླ་བདལ་དྲུག་གི་སྙིང་དང་ལུག་སྙིང་བརྗེས་ཚུལ་སོགས་མཆིས། སྤྱིར་བཏང་གི་བཤད་སྲོལ་ལས་ཡབ་བླ་བདལ་དྲུག་དང་ཕ་གཤེན་རབ་མི་བོ་ནི་དུས་མཉམ་མིན་པས་གཏམ་རྒྱུད་ཀྱི་རང་བཞིན་ཆེ་སྙམ། འདི་ནི་ལྷ་ཡུལ་ལམ་ཕྱ་ཡུལ་གཙོ་བོར་བྱས་པའི་གཏམ་རྒྱུད་ཅིག་ཏུ་སྙམ།
        ཕ་གཤེན་རབ་མི་བོར་འབྲེལ་བའི་གཏམ་རྒྱུད་གཞན་དེ་ལྡེབས་ངོས29པ་ནས་གསལ། འདིའི་ལྡེབས་ངོས35པའི་ཐིག་ཕྲེང4པ་དང5པ། 9པ། ལྡེབས་ངོས36པའི་ཐིག་ཕྲེང3པ་དང4པ། 5པ། 10པ། ལྡེབས་ངོས37པའི་ཐིག་ཕྲེང9པ་བཅས་སུ་གཤེན་རབ་མི་བོ་ཞེས་ཐེངས8ལ་བྱུང་། དེར་སྨྲ་ཡུལ་ཐང་བརྒྱད་ནས་སྨྲ་ཐེན་བས་ཀླུ་རྗེ་བཙན་པོའི་བུ་བསད་པས། ཀླུ་རྗེ་བཙན་པས་ལྷ་སྲིན་གཉིས་ལ་ཞུས་ཤིང་། ལྷ་བཙན་པས་སྨྲ་ཐེན་བ་དང་ཀླུ་རྗེ་བཙན་པའི་བར་བྱས་ཀྱང་མ་ཕན་ཏེ། སྨྲ་ཐེན་བ་ཤ་བ་ཡུ་མོ་ལ་སྤྲུལ་ནས་བྱང་ཕྱོགས་མེ་ཉག་གི་ལྷ་རྨ་ཕོ་འབྲའི་མཁར་ནང་དུ་བྲོས། དེས་ཀྱང་མ་ཕན་པར་ནུབ་ཀྱི་བོན་ལྷ་གནམ་གསས་ཕྱི་རུམ་གྱིས་གཟི་བྱས་ཏེ་སྟོང་འཇལ་རྒྱུ་ཐག་བཅད་ཀྱང་སྨྲ་ཐེན་བས་མ་སྤྲད། དེ་ནས་ཀླུ་རྗེ་བཙན་པས་བདུད་དང་ལྟས་ངན། ཡི་དྭགས་བཅས་ཕབ་སྟེ་སྨྲ་ཐེན་བ་གུམ་ཉེ་སྐབས་གཤེན་རབ་མི་བོ་ཞུས། ཁོང་གིས་གཏོ་དང་དཔྱད། མོ་སོགས་ཆོ་ག་བྱས་མཐར་སྒམ་ལྷ་བོ་ལྷ་སྲས་ལ་ཞུས། དེས་ནང་གསུམ་གཏོ་དང་ནུབ་གསུམ་དཔྱད་བགྱིས་མཐར། གནམ་གྱི་བོན་པོ་མུས་དཔལ་ཕྲོག་རོལ་ལ་ཞུས། དེ་ཉིད་གནམ་ནས་འོལ་ཕུ་ལུང་རིང་ལ་བབས་ཏེ། སྒམ་ལྷ་བོ་ལྷ་སྲས་དང་གཤེན་རབ་མི་བོས་མཉམ་དུ་ནུབ་གསུམ་གཏོ་དང་ནང་གསུམ་དཔྱད་བགྱིས་ཏེ་སྟོང་ཚབ་ཏུ་གླུད་བཏང་ངོ་། །སྤྱིར་བཏང་སྨྲ་དང་ཀླུ་ཞེས་པའི་རུས་རྒྱུད་ཅིག་ཡོད། དེ་ལས་སྨྲ་ནི་སྨྲ་ཡུལ་ཐང་བརྒྱད་དང་ལྷ་ཡུལ་གུང་ཐང་དུ་ཡོད། ཡིག་ཆ་ལ་ལར་ལྷ་ཡུལ་གུང་ཐང་དང་མི་ཡུལ་སྐྱིད་ཐང་གཉིས་ཡུལ་འབྲེལ་ཡིན་ཅིང་ཡར་ལུང་ལ་ཉེ་བའི་ཕྱོགས་ཤིག་ཏུ་འདོད། དེ་བཞིན་ཀླུའི་རིགས་ཀོང་པོ་དང་དྭགས་པོ་སོགས་སུ་མཆིས་སྐད། «བྱོལ་རབས»[23]དང་། «མུ་ཡེ་པྲ་ཕུད་ཕྱའི་མཐར་ཐུག»[24] «ཡི་གེ་ལྷ་གྱེས་ཅན»[25]སོགས་སུ་སྒམ་ལྷ་བོ་ལྷ་སྲས་ནི་འོ་དེ་གུང་རྒྱལ་གྱི་སྲས་ཤིག་ཡིན། གཤེན་རབ་མི་བོ་ནི་ལྷ་དེ་དང་གནམ་གྱི་བོན་པོ་མུས་དཔལ་ཕྲོག་རོལ་སོགས་ལ་འབྲེལ་བའི་ངོས་ནས་དངོས་བྱུང་གི་མི་སྣ་ཞིག་ཡིན་ཅེས་ཞུ་དཀའོ། །
        ལྡེབས་ངོས39པའི་ཐིག་ཕྲེང5པ་ནས་ལྡེབས་ངོས42པའི་ཐིག་ཕྲེང43པའི་བར་གཏམ་རྒྱུད་དེའི་མཇུག་གསལ། ནང་དུ་ལྟས་ངན་དང་བདུད། ཡི་དྭགས་སྣ་ཚོགས་ཀྱིས་སྨྲ་ཐེན་བ་ལ་ལྟས་ངན་ཕབ་པས། ཕ་མུས་དཔལ་ཕྲོག་རོལ་དང་གཤེན་རབ་མི་བོས་བྱོལ་བཏང་བའི་སྐོར་མཆིས། དེའི་ལྡེབས་ངོས40པའི་ཐིག་ཕྲེང8པར་གཤེན་རབ་མི་བོ་ཞེས་ཐེངས1བྱུང་། གཏམ་རྒྱུད་འདིའི་ནང་དུའང་མུས་དཔལ་ཕྲོག་རོལ་ནི་གཤེན་རབ་མི་བོ་ལས་མཐུ་ནུས་ཆེ་བ་མཚོན། གཞན་ཏུན་ཧོང་ཡིག་ཆ་ལྟར། ཕ་ཞེས་པའི་ཐ་སྙད་འདི་གཤེན་རབ་མི་བོ་ཁོ་ནར་སྦྱར་མེད། དཔེར་ན། ཕ་མུས་དཔལ་ཕྲོག་རོལ་ཞེས་པ་ལྟར་རོ། །གཤེན་རབ་མི་བོ་དང་འབྲེལ་བ་མེད་པའི་གཏམ་རྒྱུད་ཀྱང་གཞན་མང་པོ་མཆིས། ཆེ་ཞེས་པའི་མིང་མཐའ་ཡང་སྤྱད་མེད། ཕ་གཤེན་རབ་མི་བོ་ཞེས་བྲིས་པའི་ཡིག་ཆའི་ངོས་ནས་ཁོང་ཉིད་མི་སྣའམ་ལྷ་གཙོ་བོ་ཞིག་ཡིན་ནའང་། གཏམ་རྒྱུད་གཞན་གྱི་ནང་དུ་ལྷ་དང་གཤེན་པོ་གཞན་གྱི་སྐོར་མཆིས།
        ཏུན་ཧོང་དང་དགའ་ཐང་འབུམ་པ་ཆེ་ནས་རྙེད་པའི་ཡིག་ཆའི་ཁྲོད་གསལ་བའི་ལྷ་དང་མི་སྣ། ཆོ་ག་ལ་ལའི་མིང«མདོ་འདུས»སོགས་སུའང་གསལ་བས། དེ་ཚོའི་བར་དཔེ་རྒྱུན་གྱི་འབྲེལ་བ་ཞིག་མཆིས་སྙམ་མོ། །
གསུམ་པ། ཕ་གཤེན་རབ་དང་སྟོན་པ་གཤེན་རབ་ཅེས་པའི་བསྡུར་བ།
        ཏུན་ཧོང་དང་དགའ་ཐང་འབུམ་པ་ཆེ་ནས་རྙེད་པའི་ཡིག་ཆར་ཕ་གཤེན་རབ་མི་བོ་ཞེས་གཏམ་རྒྱུད་དགུའི་ནང་གསལ། རེ་རེ་ནས་ཡུལ་དང་མི་སྣ། བྱུང་རྐྱེན་སོགས་དང་། མཇུག་ཏུ“གནའ་ཕན་དེ་ལྟར་ཕན་ནོ”[26]དང་། “གནའ་དེ་ལྟར་བྱོལ་ལོ”[27]“གནའ་ཕན་དེ་ལྟར་ཕན་དེ་བསོད་དོ། །”ཞེས་གནའ་སྲོལ་དུ་བསྟན་པས་བོན་སྤེལ་ཆེད་གཏམ་རྒྱུད་ཕྱོགས་བསྡུས་མཛད་སྙམ། འདིས་གཅིག་ནས་ནང་ཆོས་ལྟར་བོན་སྤེལ་ཆེད་དང་། གཉིས་ནས་དུས་རབས་བཅུ་པའི་སྔོན་ནས་བོན་གྱི་ཆོ་གའི་སྐོར་ཕྱོགས་སྒྲིག་གི་དབུ་ཚུགས་པ་ཤེས་སོ། །
        དེ་ལས་ཡུལ་སྐྱི་རོ་ལྗང་སྔོན་དང་། འགྱམ་ཡུལ། གཙང་། དབྱེ་བཀྲ། སྨྲ་ཡུལ་ཐང་བརྒྱད། ཕྱ་ཡུལ། འོལ་ཕུ་ལུང་རིང་། བྱང་ཀ་སྣམ་བཞི། བྱང་ཀ་སྣམ་བརྒྱད། ཡུལ་རྫི་ལུང་དང་པ། ལྷ་ཡུལ་གུང་ཐང་། ཕྱི་འབྲོག་བརྒྱད་གོང་། འབྲོག་ཕྱི་ལྡང་གསུམ། མི་ཡུལ་སྐྱི་ཐང་སོགས་ཡུལ་མིང་ཕལ་ཆེ་བ་ཞིག་དབུས་གཙང་གི་ས་མིང་ཡིན་ཅིང་ལ་ལ་རྒྱལ་ཕྲན་སིལ་མའི་གྲས་སུ་གསལ། སྐྱིད་ཕྱུག་འཇོན་པ་དང་རྩང་ཧོ་དེའི་ཧོས་བདག ། ལྷོ་རྒྱལ་བྱང་བཙུན། རྗེ་དང་དང་དངས་སོགས་རྒྱལ་ཕྲན་གྱི་རྗེ་བོར་གོ། །ཆོ་གའི་གཏམ་རྒྱུད་དེ་དག་སྔོན་གྱི་ཡུལ་དང་རྒྱལ་ཕྲན་གྱི་རྗེ་འབངས་ལ་སྦྱར་ཡོད། འདི་ལྟར་ཏུན་ཧོང་ཤོག་དྲིལ་ཁག་ཏུ་བྱུང་བའི་རྒྱལ་ཕྲན་གྱི་སྐོར་ནི་ལོ་རྒྱུས་ཀྱི་བྱུང་རབས་མིན་པར་ཆོ་གའི་གཏམ་རྒྱུད་དང་འབྲེལ་ལོ། །
        ཡང་ལྡེའུ་གཤེན་དང་རྨུན་བུ་བོན་གཤིན། སྨྲ་བོན་ཟིང་བ་ཟིང་སྐྱེས། སྒ་གཤེན་ཐོའུ་ཡུག་སོགས་ནི་རྒྱལ་ཕྲན་རྣམས་ཀྱི་སྐུ་གཤེན་དང་། ཡབ་བླ་བདལ་དྲུག་དང་སྒམ་ལྷ་བོ་ལྷ་སྲས་ནི་རྒྱལ་ཕྲན་རྣམས་ཀྱི་སྐུ་བླ་ཡིན། འདིའི་སྐོར་ཏུན་ཧོང་བོན་གྱི་ཡིག་ཆ་གཞན་ལས་ཤིན་ཏུ་མང་ཡང་རེ་ཞིག་བཞག །རྒྱལ་ཕྲན་གྱི་ཡུལ་མིང་དང་རྗེ་མིང་། སྐུ་གཤེན་གྱི་རུས་མིང་གཅིག་གོ། །ཕ་གཤེན་རབ་མི་བོ་དང་དུར་གཤེན་རྨ་ད། བདུད་བོན་དྲེང་ནག་ཆུ་ལྕགས། ཐར་བོན་དྲུ་སྐྱོལ། གླུད་བོན་ངག་སྙན། གཤེན་ཚ་ལུང་སྒྲ། གླན་གཤེན་དྲིལ་བུ། སྐར་གཤེན་ཐུའུ། བྱ་གཤེན་འཇོན་མོ། སྙུན་བོན་པོ་དང་༌། སྨག་བོན་པོ། འཇོལ་བོན་པོ། སྐུ་གཤེན་ཕངས་བོན་པོ། རླད་བོན་པོ་སོགས་ནི་རིགས་རུས་དང་རྒྱལ་ཕྲན་ཞིག་གི་སྐུ་གཤེན་མིན་པར། ཆོ་ག་བྱེ་བྲག་ཅིག་གཙོ་བོར་སྤེལ་བའི་བོན་དང་གཤེན་པོ་ཡིན། རྒྱལ་ཕྲན་སོ་སོའི་རྗེ་འབངས་ཀྱིས་ཆོ་ག་སྤེལ་སྐབས་གཙོ་བོར་རང་དང་རིགས་རུས་གཅིག་པའི་སྐུ་གཤེན་ཞུ་ཤིང་། དེས་ཆོ་ག་སྤེལ་ནས་སྐུ་བླ་གསོལ་ལ། རྔོ་མ་ཐོགས་ཚེ་གཤེན་གཞན་ཞུ། དེ་ལྟར་ཏུན་ཧོང་དང་དགའ་ཐང་འབུམ་པ་ཆེ་ནས་རྙེད་པའི་བོན་གྱི་ཡིག་ཆ་ཁག་ཅིག་གི་ནང་དོན་ནི་ཡུལ་དང་རྒྱལ་ཕྲན་ཞིག་གིས་སོ་སོའི་སྐུ་གཤེན་བསྟེན་ཏེ་ཆོ་ག་བསྒྲུབས་རྗེས་སྐུ་བླ་གསོལ་བའི་སྐོར་ཡིན་མོད། ཆོ་ག་ལ་ལར་སྐུ་གཤེན་གྱིས་ཕ་གཤེན་རབ་མི་བོ་དང་དུར་གཤེན་རྨ་དར་ཞུས་པ་དང་། ཡང་ན་ཐད་ཀར་ཕ་གཤེན་རབ་མི་བོ་དང་དུར་གཤེན་རྨ་དར་ཞུས་ཤིང་། དེས་ཆོ་ག་སྤེལ་ནས་མ་ཕན་ཚེ་སྐུ་བླ་ གཞན་ཞུས་པའི་སྐོར་བཀོད། དེ་བས་ཕ་གཤེན་རབ་མི་བོ་དང་དུར་གཤེན་རྨ་ད། མུས་དཔལ་ཕྲོག་རོལ་ལྟ་བུའི་གཤེན་ལ་ལ་ཡུལ་དང་རྒྱལ་ཕྲན་གྱི་དབྱེ་བ་མེད་པར་ཆོ་ག་དང་གཏམ་རྒྱུད་སྣ་ཚོགས་ནང་ཐོན་བཞིན་ཡོད། ཡུལ་ག་གེ་མོའི་སྐུ་གཤེན་རྣམས་དེ་ལྟར་ཐོན་མེད་དོ། །
        ཏུན་ཧོང་དང་དགའ་ཐང་འབུམ་པ་ཆེ་ནས་རྙེད་པའི་བོན་གྱི་ཡིག་ཆའི་ནང་གི་སྐུ་གཤེན་དང་གཤེན་པོའི་དབྱེ་བ་འདི་ལྟར་གྱེས་ཡོད་ཅིང་། དུས་རབས་བཅུ་གཅིག་པའི་ཕྱིས་ཀྱི་ཡིག་ཆར་རྩ་བའི་ཆར་དབྱེ་བ་དེ་འགྱུར་མེད། ལྷག་པར་མཁས་པའི་ཕྱག་སོར་མ་བརྒྱུད་པའི་ཡིག་ཆ་ཐོར་བུ་རྣམས་སུ་སྔར་ལྟར་སྣང་ཡང་། གཏེར་མར་གྲགས་པའི་ཡིག་ཆ་རྣམས་སུ་སྟོན་པ་གཤེན་རབ་ཀྱི་སྐོར་ཐོན་ཞིང། དེ་ཉིད་ཞང་ཞུང་འོལ་མོ་ལུང་རིང་ནས་འཁྲུངས་ཚུལ་བསྟན། དེ་ལྟར་ཡང་ཏུན་ཧོང་དང་དགའ་ཐང་འབུམ་པ་ཆེ་ནས་རྙེད་པའི་ཡིག་ཆར་ཁོང་གི་མཚན་དངོས་དང་རིགས་རུས། ཡབ་ཡུམ། ཁྱིམ་རྒྱུད། འོལ་མོ་ལུང་རིང་སོགས་ཀྱི་གནས་ཚུལ་བསྟན་མེད་ལ། ཐ་ན་ཁོང་ཉིད་ཞང་ཞུང་དུ་ཕེབས་ཚུལ་ཙམ་ཡང་ཞུས་མེད་དོ། །དགའ་ཐང་འབུམ་པ་ཆེ་ནས་རྙེད་པའི་ཡིག་ཆའི་ནང་ཁོང་གི་སྣང་བརྙན་ཞིག་བྲིས་པར། 
         [ལྡེབས་མ35པའི་ཐིག་ཕྲེང9] ....གཤེན་རབ་མྱི་བོའི་
        [ལྡེབས་མ35པའི་ཐིག་ཕྲེང10] གསས་རྟ་དྲོ་བཞུར་ནྀ་སྒས་བསྟད་དེ། །དར་གྱི་རལ་ག་རྀང་ལ་གསོལ། །རྔ་དྀང་ཆེན་དྀང་དྲགས་རྒྱབ་ལ་ཁུར། །
        [ལྡེབས་མ36པའི་ཐིག་ཕྲེང1] གཤང་ཁྲྀ་ལོ་སྐད་སྙན་མཆན་དུ་གསལ། །ཞེས་པ་ལྟར་རོ། །འོལ་མོ་ལུང་རིང་ཞེས་པར་མཚུངས་པའི་མཚན་གཉིས་ཀྱང་བྱུང་སྟེ། དགའ་ཐང་འབུམ་པ་ཆེ་ནས་རྙེད་པའི་ཡིག་ཆའི་ནང་འོལ་ཕུ་ལུང་རིངས་སམ་འོལ་ཕུ་གཡང་གང་ཞེས་གསལ་བར། སྒམ་ལྷ་བོ་ལྷ་སྲས་བཞུགས་ཤིང་ཕ་གཤེན་རབ་མི་བོ་དེར་ཕེབས་ནས་ཕྱག་དང་གུས་དུད་ཀྱིས་ཞུས་ཚུལ་ཏེ། “འོལ་ཕུ་གཡང་གང་ན། །འོལ་ཕུ་ལུངས་རྀངས་ན། འོལ་ཕུག་རྒ་དང་འོལ་ཀྱི་སྤང་བཟངས་ན། སྒམ་ལྷ་བོ་ལྷས་དེ་ན་བཞུགས་དེ། གཤེན་རབ་མྱི་བོས་ཕྱག་མ་དུད་ཀྱིས་བཙལ། །སླེ་བ་འོང་གྱིས་བླངས་སྟེ། །”[28]ཞེས་པའོ། །འོལ་ཕུ་ལུང་རིང་ནི་འོལ་མོ་ལུང་རིང་མིན་ལ། འོལ་ཞེས་པ་རུས་ཤིག་སྟེ་ཤོག་དྲིལP.T.1144པ་ལས“འོལ་གོད་ཡར་འབྲོག་གི་བདག་པོ”དང་། ཤོག་དྲིལP.T.1286པ་ལས“སྟག་བུ་སྙ་གཟིགས་དང་། འོལ་གོད་ཟ་སྟོང་ཙུན་འབྲོ་གར་བཤོས་པ་འྀ་སྲས།། སློན་བཙན་རླུང་ནམ།”ཞེས་རུས་གཅིག་ཡར་འབྲོག་ཏུ་ཡོད་ཅིང་། བཙན་པོ་ཚང་ལ་གཉེན་འབྲེལ་མངའ། ཡང་རུས་གཅིག་འོལ་ཕུ་དགའ་དང་དུ་མཆིས་ཏེ། ཤོག་དྲིལP.T.1285པ་ལས“འོལ་ཕུ་དགའ་དང་ནའ། འོལ་རྗེ་ཟིན་བྲང་སྙུང་། འོལ་བོན་འཇང་ཙ་མོན་ཡུག་གིས།།”ཞེས་པ་ལྟར་རོ། ། འོལ་ཕུ་ལུང་རིང་དང་འོལ་ཕུ་དགའ་དང་གཅིག་ཅིང་རྔོག་དང་དབའ་ཡི་རིགས་བློན་འབངས་ཡིན། སྒམ་ལྷ་བོ་ལྷ་སྲས་དེར་བཞུགས་ལ་ཁོང་ནི་འོལ་ལྷ་ཤ་གཟན་ནམ་འོལ་ལྡེ་གུང་རྒྱལ་གྱི་སྲས་སུ་འདོད་པས་ཡར་འབྲོག་དང་ཡར་ལུང་། འོལ་ཕུ་དགའ་ཐང་སོགས་ཀྱི་བར་རིགས་རུས་ཀྱི་འབྲེལ་བ་ཞིག་མཆིས་སོ། །གཤེན་རབ་མི་བོས་སྒམ་ལྷ་བོ་ལྷ་སྲས་ལ་གུས་ཕྱག་ཕུལ་བའི་ཆ་ནས་དེ་གཉིས་ཀྱི་མཐོ་དམན་ཞིག་ཀྱང་ཚོར་ཐུབ། སྤྱིར་བཏང་སྒམ་ལྷ་བོ་ལྷ་སྲས་ནི་འོལ་ལྡེ་གུང་རྒྱལ་གྱི་བུ་ཡིན་ཅིང་ལྷ་དགུའི་གྲས་སུ་བགྲང་། དེའི་སྐོར་ཤོག་དྲིལIOL Tib J734(ch.85.ix.4)[29]པ་ལས་ཀྱང་གསལ་ཏོ། །ལྷ་དགུ་པོ་དེ་སྔོན་ཚེ་ས་ཁུལ་དགུའི་ཡུལ་ལྷ་ཡིན་མོད། ཕྱིས་སུ་སྲིད་པ་ཆགས་པའི་ལྷ་དགུའི་གྲས་སུ་སྒམ་ལྷ་བོ་ལྷ་སྲས་དྲངས་མེད། སྒམ་ལྷ་བོ་ལྷ་སྲས་དང་ཕ་གཤེན་རབ་མི་བོ་ཆེ་གཉིས་མཉམ་དུ་བྲིས་པའི་གཏམ་རྒྱུད་ནང་གི་མི་སྣ་ཕལ་ཆེ་བར་མཐུ་དང་རྫུ་འཕྲུལ་མངའ་བས། དེ་དག་གཏམ་རྒྱུད་ལས་བྱུང་བའི་ལྷའམ་ཆོ་ག་སྤེལ་མཁན་ཞིག་ཡིན་པར་སྣང་ངོ་། །
        ཡང་དུས་རབས་བཅུ་གཅིག་པ་ཡས་མས་སུ་བྱུང་བའི«འཕགས་པ་འགྲོ་བ་ཐམས་ཅད་ཡོངས་སུ་སྐྱོབ་པར་བྱེད་པའི་ཡོངས་སུ་བསྔོ་བ»[30]ཞེས་བྱ་བའི་འགྱུར་བྱང་ཞིག་དང་། མཱ་སེའོ་ཁཱ་ཕི་སི་ཐིན(Matthew T.Kapstein)ལགས་ཀྱི«འོན་ཀེ་རུ་ལྷ་ཁང་དུ་བཞུགས་པའི་ཤེར་ཕྱིན་གྱི་ཆོས་དཔེ་སྐོར་ལ་ཐོག་མར་དཔྱད་པ»[31]ཞེས་པའི་ནང་གི་ཤེར་ཕྱིན་གྱི་ཡིག་ཆ་འགའི་མཛད་བྱང་དུ། དབུས་ཡུལ་འོན་མོ་ཀླུང་རིངས་ཞེས་པ་ཞིག་གསལ། ཡུལ་དེར་གཤེན་རབ་མི་བོ་འཁྲུངས[32]ཞེས་འཁོད་ཚུལ་བན་གྱི་ཡིག་ཆ་ཁ་ཤས་སུ་གསལ་ལ། དེའི་སྐོར་གཞན་དུ་ཞུས་པས[33]འདིར་བཞག་གོ། །གཞན་སྟོན་པ་གཤེན་རབ་ཀྱི་རྣམ་ཐར་ལས་གཤེན་ཡུལ་གྱི་རྟ་བདུན་བདུད་ཁྱབ་པ་ལག་རིང་གིས་དེད་རྗེས། སྟོན་པས་ཀོང་ཡུལ་དུ་བདུད་བཏུལ་ཚུལ་བཀོད་པ་ལྟར། དགའ་ཐང་འབུམ་པ་ཆེ་ནས་རྙེད་པའི་ཡིག་ཆ་ལས«གནག་རབས»ཀྱི་གཏམ་རྒྱུད་ཅིག་ཏུ། གཤེན་ཡུལ་གྱི་རྟ་བདུན་གཞན་གྱིས་དེད་ཚུལ་མཆིས། དེའི་ནང་གཡུང་དྲུང་གི་དཔལ་མཁར་རྩེ་དགུའི་ནང་ན། དབལ་གཤེན་ལ་བྲག་གར་བུའི་སྐྱོལ་བཞུགས་ཤིང་། དཀོར་དུ་གཤེན་གྱི་ཡིད་ཀྱི་རྟ་བདུན་མངའ། རྟ་བདུན་བོར་བའམ་གཞན་གྱིས་དེད་རྗེས། གཤེན་ཁྲི་ཐང་བརྒྱད་རྟ་རྗེས་གཅོད་དུ་སོང་སྟེ། ཕ་བོན་གྱི་ཞལ་ནས་སམ་གཤེན་གྱི་ཞལ་ནས། ཕ་ལ་རྐུ་བྱུང་ངོ་། བོན་ལ་གྲའ་དར།[34]ཞེས་པ་ལྟར། གཤེན་ཡུལ་དང་གཡུང་དྲུང་གི་དཔལ་མཁར་རྩེ་དགུ། གཤེན་གྱི་རྟ་བདུན། གཡུང་དྲུང་གཤེན་གྱི་མན་ངག་སོགས་སྟོན་པ་གཤེན་རབ་ཀྱི་རྣམ་ཐར་ལ་མཚུངས་ཆོས་མང་ངོ་། །
        འདི་ལྟར་བསྡུར་ན། སྟོན་པ་གཤེན་རབ་མི་བོ་དང་ཕ་གཤེན་རབ་མི་བོ་ཞེས་འབྲི་མཁན་གྱི་ཡིག་ཆའམ། ཡང་ན་དུས་རབས་བཅུ་པའི་སྔོན་དང་དུས་རབས་བཅུ་གཅིག་པའི་ཕྱིས་ཀྱི་ཡིག་ཆའི་དོན་ཅུང་མི་འདྲ་སྙམ། སྟོན་པ་གཤེན་རབ་མི་བོ་ཆེའི་སྐོར་གྱི་ཡིག་ཆ་ནི་དུས་རབས་བཅུ་གཅིག་པའི་རྗེས་སུ་བྱུང་ལ། ཕལ་ཆེ་བ་ཞིག་གཏེར་མར་ངོས་འཛིན་ཅིང་དཔེ་རྒྱུན་ནི་དུས་རབས་བརྒྱད་པ་དང་ཡང་ན་དེ་ལས་ཀྱང་སྔ་ཚུལ་གསུངས། ཁོང་ཉིད་གངས་ཏི་སེའི་ནུབ་བྱང་མཚམས་ཀྱི་འོལ་མོ་ལུང་རིང་ནས་ཡབ་རྒྱལ་བོན་ཐོད་དཀར་དང་ཡུམ་ཡོ་ཕྱི་རྒྱལ་བཞེད་མ་གཉིས་ཀྱི་སྲས་སུ་འཁྲུངས་ཤིང་ཡབ་མེས་ཀྱི་རིགས་རུས་དམུ་ཡིན། སྔ་རྗེས་སུ་བཙུན་མོ་བཞི་བཞེས་པའི་རུས་ནི་ཧོས་དང་དབོ། གསས། ཀོང་ཡིན་ལ་སྲས་བརྒྱད་འཁྲུངས་སོ། །དུས་རབས་བཅུ་པའི་སྔོན་གྱི་ཡིག་ཆ་དང་ལྷག་པར་ཏུན་ཧོང་ཡིག་ཆའི་ནང་དུ་ཕ་གཤེན་རབ་མི་བོ་ནི་སྐུ་གཤེན་རྣམས་ལས་རིམ་པ་མཐོ་བའི་གཤེན་ཞིག་ཡིན། གཏམ་རྒྱུད་སྣ་ཚོགས་བྱུང་བས་དངོས་བྱུང་གི་མི་སྣ་ཞིག་ལ་ཆ་འཇོག་ཞུ་དཀའ་ཡང་། ཆོ་ག་སྤེལ་བའི་ཡུལ་མིང་དང་རྗེ་བློན་ཕལ་ཆེར་ཞིག་དབུས་གཙང་ན་གནས་པ་ཤེས་ཐུབ་བོ། །
        ཏུན་ཧོང་དང་དགའ་ཐང་འབུམ་པ་ཆེ་ནས་རྙེད་པའི་ཡིག་ཆའི་དོན་ནི་གནའ་བོའི་བོན་ནམ་སྲིད་པ་རྒྱུད་ཀྱི་བོན་ལ་གཏོགས། སྲིད་བོན་ནི་རྒྱུ་བོན་བཞིས[35]བསྡུ་ཚུལ་ལྟར་ན། ཡིག་ཆ་འདི་དག་ལས་དུར་གཤེན་ལ་འབྲེལ་བ་དམ་སྙམ་སྟེ། “དུར་གཤེན་མཚོན་ཆ་ཅན་གྱིས་གསོན་གྱི་བགེགས་སེལ། གཤིན་གྱི་དུར་འདེབས། ཆུང་གི་སྲི་གནོན། གནམ་གྱི་རྒྱུ་སྐར་ལྟ། སའི་འདྲེ་བཏུལ་བ་ཡིན་ནོ།”[36]ཞེས་པ་ལྟར་གསོན་བགེགས་སེལ་ཞིང་གཤིན་དུར་འདེབས་ཚུལ་བསྟན། དུར་གཤེན་ནི་རྒྱུ་བོན་བཞི་ལས་སྲིད་གཤེན་གྱི་ཁོངས་སུ་བཞེད་ཅིང་ནང་གསེས་གཉིས་མཆིས།[37] «བྱམས་མ»ལས། འདུར་ཤེས་སྲིད་གཤེན་ཞེས་བོན་ཤེས་པ་ཅན་བཅུ་གཉིས་ཀྱི་གྲས་སུ་དྲངས་སོ། །
        སྲིད་པ་རྒྱུད་ཀྱི་བོན་ནི་གནའ་ནས་བརྒྱུད་པའི་ཆོ་གའི་སྐོར་ཡིན། ཏུན་ཧོང་དང་དགའ་ཐང་འབུམ་པ་ཆེ་ནས་རྙེད་པའི་ཡིག་ཆ་ལའང་འདི་འདྲའི་མཚུངས་ཆོས་ལྡན། དེ་ལྟར་ཡིན་ཚེ་ཕ་གཤེན་རབ་མི་བོའང་གནའ་བོའི་བོན་ནམ་སྲིད་པའི་བོན་གྱི་ལྷ་ཞིག་ཡིན་པར་ངེས། དེར་ཕ་གཤེན་རབ་མི་བོ་ཞེས་བརྗོད་པའི་ཆ་ནས། བྱས་པ་གཞན་མཚོན་པའི་གཏམ་རྒྱུད་དང་རྣམ་ཐར་མེད་ཅེས་ཞུ་དཀའ་ཡང་། ཏུན་ཧོང་དང་དགའ་ཐང་འབུམ་པ་ཆེ་ནས་རྙེད་པའི་བོན་གྱི་ཡིག་ཆའི་ནང་ཁོང་གི་མཚན་དངོས་དང་མེས་པོ། ཡབ་ཡུམ། ཁྱིམ་རྒྱུད་སོགས་ཀྱི་གནས་ཚུལ་བཀོད་མེད་དོ། །
མཇུག་སྡུད་པ།
        ཏུན་ཧོང་ཤོག་དྲིལ་ཁག་དང་དགའ་ཐང་འབུམ་པ་ཆེ་ནས་རྙེད་པའི་བོན་གྱི་ཡིག་ཆར་བཀོད་པའི་ཕ་གཤེན་རབ་མི་བོ་ནི། གཏམ་རྒྱུད་དང་ཆོ་གའི་ཡིག་ཆ་འགར་བྱུང་། གཏམ་རྒྱུད་ཁྲོད་ཀྱི་ཡུལ་མིང་ཕལ་ཆེར་དབུས་གཙང་ཕྱོགས་སུ་མཆིས། དེར་བཀོད་པའི་གཤེན་ལ་ཡུལ་དང་རིགས་རུས། རྒྱལ་ཕྲན་གྱི་སྐུ་གཤེན་དང་སྐུ་བླ། ཡུལ་དང་རིགས་རུས། རྒྱལ་ཕྲན་བཅས་ཀྱི་ངེས་བཟུང་མེད་པའི་ཆོ་ག་གཙོ་བོ་སྒྲུབ་མཁན་གྱི་གཤེན་པོ་བཅས་རིགས་གཉིས་ལས། ཕ་གཤེན་རབ་མི་བོ་དང་དུར་གཤེན་རྨ་ད་སོགས་ནི་ཕྱི་མར་གཏོགས། ཁོང་ཚོ་ཡུལ་མང་པོས་ཆོ་ག་སྤེལ་སྐབས་གདན་དྲངས་པར་མངོན་ཡང་། དངོས་བྱུང་གི་མི་སྣ་ཞིག་ལས་འདས་ཏེ་མཐུ་དང་རྫུ་འཕྲུལ་ལྡན་ནོ། །ཡིག་ཆ་ལ་ལའི་མཇུག་ཏུ་མི་སྣ་ཞིག་གིས་ཞུས་ངོར་གནའ་སྲོལ་ཞིག་བསྟན་པར་གསུངས་པས། སྔོན་གྱི་གཏམ་རྒྱུད་ལས་ཆོ་གའི་ནུས་པ་མཚོན་པའི་སྐོར་ཕྱོགས་བསྡུས་བྱས་པར་སེམས་སོ། །

དཔྱད་གཞིའི་ལུང་ཁུངས།
[1] འདི་ལ་ཧྥ་རན་སིའི་མཁས་པ་སེ་ཏན(Rolf Alfred Stein,1911-1999)དང་མཱེ་ཁི་དྷོན་ལད། (A•MacDonald,1911-1999)མཁར་རྨེའུ་བསམ་གཏན་བཅས་ཀྱིས་ཞིབ་འཇུག་གནང་ཡོད།
[2][8][21][22][23][26][27][28][34] གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་ནས་གསར་རྙེད་བྱུང་བའི་བོན་གྱི་གནའ་དཔེ་བདམས་བསྒྲིགས། [G] ལྷ་ས། བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་། 2007ཏུན་ཧོང་ཡིག་ཆའི་ནང་གི་ཕ་གཤེན་རབ་མི་བོའི་སྐོར་གླེང་བ།; 45; 13-32; 13.ཏུན་ཧོང་ཡིག་ཆའི་ནང་གི་ཕ་གཤེན་རབ་མི་བོའི་སྐོར་གླེང་བ།; 26; 16; 17. ཏུན་ཧོང་ཡིག་ཆའི་ནང་གི་ཕ་གཤེན་རབ་མི་བོའི་སྐོར་གླེང་བ།; 26; 13.
[3] འདིར་ཁོང་གི་རྣམ་ཐར་གཙོ་བོ«མདོ་འདུས»དང་། «མདོ་དྲི་མེད་གཟི་བརྗིད» «མདོ་གཟེར་མིག»སོགས་བསྟན་ལ། དུས་རབས་བཅུ་གཅིག་པའི་རྗེས་ཀྱི་ཡིག་ཆར་གཏོགས་སོ། །
[4] ཡུལ་མིང་ཞིག་སྟེ། སྐྱིད་དང་སྐྱི། ཀྱི། གྱི་ཞེས་གསལ་ལ་དབུས་ཀྱི་སྐྱིད་ཆུར་གོ །ཤོག་དྲིལP.T.1060པ་དང་། P.T.1285པ། P.T.1286པ། P.T.1290པ། IOL Tib J 734པ་སོགས་སུ་རྒྱལ་ཕྲན་ཞིག་གི་ཚུལ་གྱིས་མཁར་དང་རྗེ་བོ། བློན་པོ། བོན་པོ། སྐུ་བླ་སོགས་ཀྱི་མིང་གསལ།
[5] བྱང་ཀ་ནི་བྱང་ཁམས་ཀྱི་དོན་དང་། སྣམ་བཞི་ནི་ཡུལ་མིང་སྟེ། ཡུལ་དབུས་ནས་བྱང་ཐང་ཞེས་འབོད་པའི་བྱང་ཕྱོགས་ས་ཆའི་ཡུལ་མིང་ཞིག་ཡིན། བྱང་ཀ་སྣམ་བཞི་དང་སྣམ་བརྒྱད་གཉིས་མཆིས། ཤོག་དྲིལIOL Tib J731rཔ་དང་། P.T.1040པ། P.T.1060པ། P.T.1286པ་སོགས་སུ་བྱུང་ངོ་། །
[6] འདི་ནི་གྲ་སྤུའི་དོན་མིན་ནམ་སྙམ།
[7] འདིར་མ་ཡིག་ལས་གཉིརདེ་ཞེས་པ་ནི་གཉེར་ཏེ་དང་གཅིག་ལ། སྒྲུབ་ནས་མཆོད་པ་ལ་གོ་སྙམ།
[9] ཤོག་དྲིལP.T.1285པ་དང་། IOL Tib J 734པ་ལས་ཡུལ་ཡར་ཁྱིམ་སོག་ཀའི་སྐུ་གཤེན་ཞིག་ཡིན་ཚུལ་བསྟན།
[10] པ་དུར་ཤེན་རྨ་ང་ཞེས་པ་ནི་ཕ་དུར་གཤེན་རྨ་ད་ཞེས་པའི་འབྲི་ཚུལ་གཞན་ཡིན་ནོ། །
[11] གཙང་གི་གནའ་བོའི་རྒྱལ་ཕྲན་ཞིག་གི་རྒྱལ་པོའི་མིང་ཡིན་ནོ། །
[12] ཤོག་དྲིལP.T.1285པ་ལས་སྨྲ་ཡུལ་ཐང་བརྒྱད་ཀྱི་སྐུ་གཤེན་ལ་གོ །
[13] ཤོག་དྲིལP.T.1060པ་ལས་ཡུལ་ལྷོ་ག་ལང་དྲུག་དང་ལྷོ་རྒྱལ་ལང་ལིང་ཞེས་པ་ལྟར། ལྷོ་གའི་རྒྱལ་ཕྲན་ཞིག་གི་རྒྱལ་པོའི་མིང་ངོ་། །ཏུན་ཧོང་ཡིག་ཆའི་ནང་གི་ཕ་གཤེན་རབ་མི་བོའི་སྐོར་གླེང་བ།
[14] འདི་ནི་ཡི་གེ་མ་དག་པ་སྟེ་དག་གམ་དགའ་ཞེས་བྲིས་པ་ལས་བྱུང་སྙམ།
[15] སྒལ་གཤེན་ཐོའུ་དང་དགའ་ཟིན་ཏེའི་ཞེས་པའི་ཐོའུ་དང་ཏེའི་གཅིག་སྙམ།
[16] ཡུལ་མིང་ཞིག་སྟེ། དག་ལ་དྭགས་དང་དགའ། དགས། གདད། དར་ཞེས་འབྲི་སྲོལ་མཆིས། ཤོག་དྲིལP.T.1039པ་དང་། P.T.1285པ། IOL Tib J 734པ་ལས་རྒྱལ་ཕྲན་ཞིག་གི་ཚུལ་གྱིས་རྗེ་བོ་དང་བློན་སོགས་ཀྱི་མིང་གསལ།
[17] ཤོག་དྲིལIOL Tib J 734ལས་དགས་རྒྱལ་སྤྲོག་ཟིན་དང་། ཤོག་དྲིལP.T.1039པ་ལས་གདད་རྒྱལ་སྤྲོག་ཟིན་ཞེས་བྲིས་པ་མཆིས།
[18] ཡུལ་མིང་ཞིག་སྟེ། དག་ཡུལ་དབྱེ་བཀྲ་ཡིན་ནམ་དཔྱད། དབྱེ་ལ་གཡེ་དང་ཨེ་ཞེས་ཀྱང་བྱུང་། ཤོག་དྲིལP.T.1039པ་དང་། P.T.1060པ། P.T.1285པ། P.T.1286པ། IOL Tib J 734པ་སོགས་སུ་རྒྱལ་ཕྲན་ཞིག་གི་ཚུལ་གྱིས་རྗེ་བོ་དང་བློན། སྐུ་གཤེན་བཅས་ཀྱི་མིང་གསལ་ཏོ། །
[19] མཁར་རྨེའུ་བསམ་གཏན། བདེ་ཁང་བསོད་ནམས་ཆོས་རྒྱལ་གྱིས་བསྒྱུར། མདའ་དང་འཕང་། (བོན་གྱི་ལོ་རྒྱུས་དང་གྲུབ་མཐའ། ཆོ་ག གཏམ་རྒྱུད་སྐོར་རགས་ཙམ་གླེང་བ) [G] པེ་ཅིང་། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2020:241-242.
[20] ཕ་དུར་ཤེན་རྨ་ད་དང་། པ་དུར་ཤེན་རྨ་ད། པ་དུར་གཤེན་རྨ་དད་སོགས་འབྲི་སྟངས་འགའ་ཞིག་སྣང་།
[24][25] མཁར་རྨེའུ་བསམ་གཏན་གྱིས་བསྒྲིགས། ཁུ་བྱུག་སྔོན་མོའི་གསུང་སྙན། (མུ་ཡེ་པྲ་ཕུད་ཕྱའི་མཐར་ཐུག) [Z] ཉི་ཧོང་གི་མི་རིགས་རིག་པའི་དངོས་མང་བཤམས་མཛོད་ཁང་། 2002:35.
[29] 郑炳林,黄维忠,主编 . 敦煌吐蕃文献丛书:敦煌吐蕃文献选辑 • 文学卷 [M]. 北京:民族出版社 , 2011:69.
[30][33] ཁོ་བོའི«འོལ་ཕུ་ལུང་རིང་དང་འོན་མོ་ཀླུང་རིང»ཞེས་པའི་ས་མིང་གི་སྐོར་ནང་གསལ། དཔྱད་རྩོམ་འདི་གནས་སྐབས་གཞན་དུ་སྤེལ་མེད། 
[31] 马休 • 凯普斯坦 . 对翁 • 吉如寺般若波罗蜜多经写本收藏的初步考察 [A]// 藏学学刊(第 9 辑)[C]. 北京:中国藏学出版社 ,2014:70-85.
[32] གུ་གེ་པཎྜི་ཏ་གྲགས་པ་རྒྱལ་མཚན། ཉི་མའི་རིགས་ཀྱི་རྒྱལ་རབས་སྐྱེ་དགུའི་ཅོད་པཎ་ཉི་ཟླའི་ཕྲེང་མཛེས། [G] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2014:93.
[35] རྒྱུའི་བོན་བཞི་ནི་ཕྱ་གཤེན་དང་། སྣང་གཤེན། སྲིད་གཤེན། འཕྲུལ་གཤེན་ལ་བཞེད་དོ། ། ཏུན་ཧོང་ཡིག་ཆའི་ནང་གི་ཕ་གཤེན་རབ་མི་བོའི་སྐོར་གླེང་བ།
[36] ས་སྐྱ་བསོད་ནམས་རྒྱལ་མཚན། རྒྱལ་རབས་གསལ་བའི་མེ་ལོང་། [M] པེ་ཅིང་། མི་རིགས་དཔེ་སྐྲུན་ཁང་། 1981:58.
[37] སྲིད་གཤེན་ལ་ཤི་ཐབས་བརྒྱད་ཅུ་རྩ་གཅིག་དང་འདུར་ཐབས་སུམ་བརྒྱ་དྲུག་ཅུ་ཡོད། འདུར་སྒོ་བཞི་ནི་རྒན་པ་རྣམས་ལ་བཀྲ་འདུར། གཞོན་པ་རྣམས་ལ་སྟག་འདུར། ཆུང་བ་ལ་སྲི་འདུར། གྲི་རྒོད་རྣམས་ལ་གྲི་འདུར་བཅས་ཡིན་སྐད།

རྩོམ་པ་པོ་ངོ་སྤྲོད། ཀུན་དཔལ་ཚེ་རིང་ལགས་ནི་འབུམ་རམས་པ་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་རྩོམ་སྒྲིག་པ་ཡིན།
ཡོང་ཁུངས། ༢༠༢༢ལོའི«མཚོ་སྔོན་མི་རིགས་སློབ་ཆེན་རིག་དེབ»དང་པོ།
འབྲེལ་ཡོད་འོས་སྦྱོར།