logo

༄༅། །ལཱ་མོའི“དབོན་ཆུང”བློ་བཟང་དར་རྒྱས་ཅུང་ཟད་གླེང་བ།

རྩོམ་པ་པོ།:གླེ་གཞུག་པད་མ་སྐྱབས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2022-07-18 ཀློག་གྲངས།:
༄༅། །ལཱ་མོའི“དབོན་ཆུང”བློ་བཟང་དར་རྒྱས་ཅུང་ཟད་གླེང་བ།
གླེ་གཞུག་པད་མ་སྐྱབས།

        སྤྱིར་རང་ཉིད་ལྟ་བུའི་སྐྱེས་སྟོབས་ཀྱི་ཤེས་རབ་ཞན་ལ་སྦྱངས་སྟོབས་ཀྱི་ཡོན་ཏན་མི་མངའ་བའི་ཅོལ་ཆུང་ནུས་མེད་ཅིག་གིས་བསྟན་འཛིན་གྱི་སྐྱེས་བུ་དམ་པ་གང་གི་མཛད་རྗེས་དང་ཕྱག་རྗེས་གླེང་ག་ལ་ནུས་ཤིང་། ལྷག་པར་ཏུ་ལཱ་མོ་ཁུ་དབོན་གྱི་སྐྱེས་རབས་འབྲི་བ་ནི་རང་ཚོད་མ་ཟིན་པར་རྒྱ་མཚོའི་ཀློང་གི་ཆུ་ཐིགས་ཙམ་ལས་གླེང་མི་ནུས་མོད། རང་གི་སེམས་ཀྱི་མོས་ཕྱོགས་དང་ཡིད་ཀྱི་དད་སྟོབས་སོགས་ཀྱིས་ཅུང་ཙམ་གླེང་བར་སྤྲོའོ། །
        འདིར་གཙོ་བོ་དམ་པ་ཁོང་གི་རིགས་རུས་དང་འཁྲུངས་ཡུལ། མཚན་གྱི་ཐོགས་ཚུལ། རབ་ཏུ་བྱུང་ཚུལ། དབུས་ལ་ཕེབས་ཚུལ་དང་། ཕྱིར་མདོ་སྨད་དུ་ཕེབས་ནས་བསྟན་པ་རྒྱ་ཆེར་སྤེལ་ཚུལ། ཁྲི་རབས་ལ་བཞུགས་ཚུལ་སོགས་ཚན་པ་ཐུང་ངུ་འགའི་སྟེང་ནས་ཉུང་འཕྲི་བྱས་ཡོད་ལ། གལ་སྲིད་ནོར་སྐྱོན་དང་མ་དག་པ་ཡོད་ཚེ་ཀློག་པ་པོ་ཡོངས་ལ་དགོངས་གསོལ་ཞུ།
དང་བོ། རིགས་རུས་དང་འཁྲུངས་ཡུལ་བཤད་པ།
        དེ་ཡང་བོད་སིལ་བུར་འཐོར་ཏེ་གཙང་བ་སྡེ་སྲིད་ཀྱི་སྐབས་སུ་གྲུབ་མཐའ་བར་ལ་འགལ་བ་སྣ་ཚོགས་བྱུང་བ་དང་། ལྷག་པར་དུ་ཧལ་ཧའི་ཆོག་ཐུ་རྒྱལ་པོ་མཚོ་སྔོན་ཕྱོགས་སུ་སླེབས་ཏེ་ཐུ་མེད་ཀྱི་རུ་སྡེ་བཅོམ་ནས་གཞི་བཅོལ་ཞིང་དགེ་ལུགས་པར་གནོད་འཚེ་བཏང་སྟེ་བསྣུབ་ལ་ཉེ་བའི་སྐབས་ཀུ་ཤཱི་ཝང་ངམ་བསྟན་འཛིན་ཆོས་རྒྱལ་གྱིས་དམག་གི་སྣེ་ཁྲིད་དེ་མཚོ་སྔོན་སྟོད་དུ་ཆོག་ཐུའི་ཁྲི་དམག་གསུམ་ལ་ཉེ་བ་དུས་གཅིག་ཏུ་བཅོམ་ཤིང་མཚོ་སྔོན་བདེ་ལ་བཀོད་པ་རྒྱ་མོ་འབྲུག་པའི་བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ་དང་ལཱ་མོ་ཚ་ཀན་ཧུ་ཐོག་ཐུ་བླ་རབས་ཀྱི་ལོ་རྒྱུས་མདོར་བསྡུས་གཉིས་སུ་བཀོད་པ་ཐུགས་མཐུན་དུ་སྣང་ཞིང་། དེབ་ཐེར་འདི་གཉིས་སུ་གུ་ཤྲི་ཧན་དང་ཀུ་ཤཱི་ཝང་ཞེས་རྒྱལ་བོའི་མིང་གི་འབྲི་ཐབས་མི་འདྲ་གཉིས་བྱུང་མོད་དོན་ལ་གཅིག་ཏུ་སྣང་། ཀུ་ཤཱི་ཝང་གིས་གཙང་གི་ས་ཆ་ཐམས་ཅད་པཎ་ཆེན་རིན་པོ་ཆེར་ཕུལ་ཞིང་། བོད་ཡུལ་ཁྲི་སྐོར་བཅུ་གསུམ་ལྔ་བ་ཆེན་མོར་ཕུལ་བ་དང་། སྲས་བཅུ་ཡོད་པའི་ཆེ་བ་ཚེ་རིང་ཨེལ་དུ་དང་དེའི་སྲས་རྒྱུད་ཀྱི་དཔོན་པོ་རུ་སྡེ་རྣམས་ནི་མཚོ་གཡས་རུ་དང་རྐང་ཚ་སོགས་སུ་བཀྲམས་ནས་གཞི་བཏང་བ་ཚ་ཀན་ནོ་མོན་ཧོ་ཐོག་ཐུའི་རྣམ་ཐར་དུ་བྱུང་ཡོད། འདི་རིགས་རྒྱུད་ཨུས་ཅིང་ཐའི་ཇི་ཟེར་བའང་གཡས་རུ་དང་རྐང་ཚ་མདའ་ཚན་ཚོ་བདུན་སོགས་དབང་ལ་བསྒྱུར་བའི་སྐབས་དེའི་དཔོན་པོ་ཞིག་ཡིན་པའང་ཤེས་དགོས། མདའ་ཚན་ཚོ་བདུན་ནི་ལྷ་སྡེ་ནང་མ་དང་། དཔོན་སྐོར། བྱ་ཁོག། གྱོན་ཚེ། ཉིན་ཐེབས། ཐར་ཤུལ། བ་རོན་བཅས་བདུན་ཡིན་ལ། རྗེ་བཙུན་ལཱ་མོའི་དབོན་ཆུང་བློ་བཟང་དར་རྒྱས་འདི་པ་ཚང་ཡང་བྱ་ཁོག་ཏུ་ཨུས་ཅིང་ཐའི་ཇི་རིགས་སུ་སྐུ་འཁྲུངས་བ་འགབ་ནས་ཀྱང་བཤད་ཡོད།
        དམ་པ་འདི་ཉིད་ཀྱི་འཁྲུངས་ཡུལ་ཐད་ནས་གནམ་སྔོན་ས་ལ་ཞུན་མར་འཁྱིལ་བ་ལྟ་བའི་མཚོ་ཁྲི་ཤོར་རྒྱལ་མོའི་གཡས་ཕྱོགས་མང་ཡུལ་བྱེ་མའི་ཆར་གཏོགས་ཤར་རི་སྲིན་པོའི་རི་རྒྱུད་གཡས་སུ་འཁོར་བ། ལྷོ་རི་གསལ་ལུང་། ནུབ་ཏུ་བྲག་དཀར་གངས་རིའི་འཕྲེང་བ་ཅན། བྱང་དུ་རྨ་ཆུར་གྲགས་པའི་ཆུ་ཀློང་ཆེན་པོ་དལ་མོར་འབབ་པ་བཅས་དགེ་མཚན་དུ་མས་བསྐོར་བའི་ལྗོངས། མཐོ་རིས་དགའ་ཚལ་ལ་འཕོས་པ་ལྟ་བུ་ཕྱི་སྣོད་ཀྱི་འཇིག་རྟེན་གྱི་བཀོད་པ་སུམ་རྩེན་ལྷ་ཡུལ་ལ་འགྲན་ནུས་པ། ནང་སེམས་ཀྱི་མཛེས་པ་དང་ནོམ་པ་ཀླུའི་ཡུལ་ཡང་ཁ་སྐྱེངས་པའི་ཚུལ་མཛད་པ་ལྟ་བུའི་གནས་ཁྱད་པར་ཅན་བྱ་ཁོག་ཏུ་སྐུ་ལུས་ཀྱི་མེ་ཏོག་རབ་ཏུ་རྒྱས་ཤིང་། དེ་ལ་བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱི་མདོ་སྨད་ཆོས་འབྱུང་དུའང་ལཱ་མོའི་དབོན་ཆུང་བློ་བཟང་དར་རྒྱས་ནི་བྱ་ཁོག་ཏུ་ཨུས་ཅིང་ཐའི་ཇིའི་རིགས་སུ་སྐུ་འཁྲུངས་ཞེས་བཀོད་ཡོད་ལ། ཁྲི་ཆེན་བསྟན་པའི་རྣམ་ཐར་དུ་ཨུའི་ཆིན་ཐའི་ཇི་ཞེས་བཀོད་ཡོད་མོད་དོན་ལ་གཅིག་ཏུ་འདུག་པ་ཤེས་དགོས་སོ། །
གཉིས་པ། “དབོན་ཆུང”ཞེས་ཐོགས་ཚུལ།
        བསྟན་འཛིན་གྱི་སྐྱེས་བུ་དམ་པ་ལཱ་མོའི་དབོན་ཆུང་བློ་བཟང་དར་རྒྱས་འདི་ཉིད་ནི་ལཱ་མོ་སྐུ་ཕྲེང་གསུམ་པ་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་དཔལ་བཟང་བོའམ་མཚན་ཡོངས་སུ་གྲགས་པ་ཚ་གན་ནོ་མོན་ཧན་ཞེས་གྲགས་པ་དེ་ཉིད་ཀྱི་གཅེན་པོ་སྟེ་ཡབ་ཨུས་ཅིང་ཐའི་ཇི་རིགས་སུ་བྱོན་པ་ལས་དབོན་ཆེ་བ་བསྟན་པའི་མངའ་བདག་ཆེན་མོ་ཁྲི་ཆེན་བསྟན་པའི་ཉི་མ་དང་། དབོན་ཆུང་བ་ལཱ་མོའི་དབོན་ཆུང་བློ་བཟང་དར་རྒྱས་གཉིས་ཡིན་ལ། དབོན་ཞེས་པ་ནི་རང་གི་གཅེན་གཅུང་དང་། སྲིང་མོའི་བུ་ལ་ཟེར་ཞིང་། དེ་ཡང་བོད་རང་གི་ལོ་རྒྱུས་དེབ་ཐེར་སོགས་སུ་ཁུ་དབོན་དང་། དབོན་ཞང་། སྲས་དབོན་སོགས་ཀྱི་མིང་ཚིག་དུ་མ་བྱུང་ཡོད་པ་ལའང་བཙན་པོ་མང་སྲོང་མང་བཙན་ལ་སྲོང་བཙན་གྱི་སྲས་དབོན་ཞེས་ལྟ་བུ་དང་། ཡང་བཙན་པོའི་སྐབས་རྒྱ་བོད་བར་ལ་འདུམ་འགྲིག་ཏུ་བཞེངས་པའི་རྡོ་རིང་ལ་དབོན་ཞང་རྡོ་རིང་སོགས་ཡོད་པར་གཞིགས་ནའང་དབོན་ཞེས་པ་ནི་ཚ་བོར་གོ་དགོས་པ་ཤེས་ཐུབ། ལཱ་མོའི་དབོན་ཆུང་ཞེས་པ་ནི་གོང་དུ་སྨྲས་ཟིན་པ་ལྟར་ཨུས་ཅིང་ཐེའི་ཇིའི་གཅུང་ལཱ་མོ་སྐུ་ཕྲེང་གསུམ་པ་རྗེ་བཙུན་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་དཔལ་བཟང་བོའི་དབོན་ནམ་སྐུ་ཚ་ཆེ་ཆུང་གཉིས་ཡོད་པ་ལས་དབོན་ཆུང་བ་ཡིན་པས་དེ་ལྟར་ཐོགས་དགོས་པ་ཀུན་གྱིས་བློ་ཞིབ་མོས་བརྟག་ན་གསལ་བར་གྲོལ་ངེས་ཡིན། སྐབས་འདིར་ལཱ་མོ་གསེར་ཁྲི་སྐུ་ཕྲེང་རིམ་བྱོན་ལ“ཁྲི་ཆེན”དང་། རྒྱབ་ཚང་སྐུ་ཕྲེང་རིམ་བྱོན་ལ“དབོན་ཆུང”ཞེས་ཆེ་དང་ཆུང་གཉིས་བྱུང་བར་ང་ཚོས་ཐུགས་བསམ་བཞེས་དགོས་པའི་གནས་ཤིག་ཀྱང་ཡིན་པར་འདོད། ཡང་ལ་ལས་ལཱ་མོའི་ཞབས་དྲུང་དཀར་བོའམ་སྐུ་སྐྱེས་དཀར་བོའི་དབོན་པོའམ་གཉེར་བར་བཞུགས་པས་དབོན་ཆུང་ཐོགས་པར་ཞལ་མི་འཆམ་པའང་རེ་འགའ་འདུག་མོད། དོན་ལ་ཁུ་དབོན་ཡང་ཡིན་ལ་དབོན་པོའམ་དབང་འཛིན་པའང་ཡིན་པ། དམ་པ་འདི་ཉིད་ཀྱི་སྐུ་ཕྲེང་རིམ་བྱོན་ལ་བརྒྱུད་པའི་ཕྱག་ཐམ་སྟེང་དུ་ལཱ་མོའི་དབོན་ཆུང་ཞེས་བའི་ཡིག་འབྲུ་གསུམ་དཀྱིལ་དང་གཡས་གཡོན་དུ་སོག་ཡིག་འགའ་བྲིས་ཡོད་པ་ནི་རྗེ་འདི་ཉིད་ཀྱི་སྐུ་ཕྲེང་ལྔ་བ་རྒྱབ་བློ་བཟང་ལུང་རིགས་རྒྱ་མཚོའི་ཕྱག་ཏུ་ཡོད་པའི་ཐམ་ཀའི་ངོས་སུ་བརྐོས་ཡོད་པ་ཁོ་བོས་དངོས་སུ་མཐོང་མྱོང་བས་མང་བོ་ཞིག་གླེང་དགོས་པའི་ངལ་བ་མ་མཆིས་ནའང་གསལ་གྲོལ་གྱི་ཕྱིར་དུ་འཆད་པ་ཙམ་མོ། །
གསུམ་པ། རབ་ཏུ་བྱུང་སྟེ་ལཱ་མོ་བདེ་ཆེན་དགོན་དུ་ཕེབས་ཚུལ།
        དམ་པ་འདི་ཉིད་ཡུམ་གྱི་ལྷུམས་སུ་ཆགས་སྐབས་ཀྱང་ཡབ་ཡུམ་གྱི་མཚན་ལྟས་སོགས་ངོ་མཚར་བ་བྱུང་ཞིང་། ཆུང་དུས་ནས་བྱིས་པ་གཞན་དག་དང་མི་མཚུངས་པར་རིག་པ་རྣོ་ཞིང་བློ་རིག་གསལ་བ། རྒན་བཀུར་གཞོན་གཅེས་སོགས་ཀྱི་གུས་པ་ཤིན་ཏུ་ཆེ་ཞིང་། ལྷག་པར་སྐྱེ་བ་སྔོན་མའི་ཚོགས་བསགས་ཀྱིས་ནང་བའི་བསྟན་པ་རིན་པོ་ཆེར་བག་ཆགས་ཤིན་ཏུ་ཟབ་པས། ཁུ་བོའི་ཐུགས་བཀོད་འོག་ལཱ་མོ་བདེ་ཆེན་དགོན་དུ་ཞབས་ཁ་བསྒྱུར་ཏེ་རབ་ཏུ་བྱུང་ཞིང་། འབྲི་ཀློག་སྦྱོར་གསུམ་དང་། སྒྲ་སྙན་ངག་སོགས་ཁུ་བོ་ཚ་ཀན་ནོ་མོན་ཧན་རྗེ་བཙུན་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་དཔལ་བཟང་བོ་དང་ཁྲི་ཆེན་བསྟན་པའི་ཉི་མ་གཉིས་ཀྱི་ཐུགས་ཁུར་དང་རྒྱབ་སྐྱོར་འོག་མཁས་གྲུབ་མང་བོར་བསྟེན་ནས་རིག་པའི་གནས་ཀུན་ལ་གསན་བསམ་དཔྱིས་ཕྱིན་པ་མཛད་དེ་མཁས་པའི་ཡང་རྩེར་སོན།
        ལཱ་མོ་དགོན་ཆེན་དུ་བཞུགས་དུས་ཁུ་བོའི་ནང་ཆེན་ནམ་སྒར་ཁར་རྒྱུན་བཞུགས་གནང་ཞིང་། ཁུ་བོས་ཐུགས་བརྩེ་རབ་ཏུ་ཆེ་བས་རྗེས་སུ་ཁོང་རང་ཉིད་ལ་དབང་བའི་སྒར་ཁ་སྟེ་རྒྱབ་བླ་བྲང་བཞེངས་ཤིང་གྲུབ་པ་རེད། རྒྱབ་ཞེས་པ་ནི་དམ་པ་ཁོང་གི་སྐུ་ཕྲེང་གཉིས་པ་རྒྱབ་སྐུ་ཕྱོགས་བློ་བཟང་བསྟན་འཛིན་རབ་རྒྱས་ནས་བཟུང་སྐུ་ཕྲེང་རིམ་བྱོན་གྱི་མཚན་ལ་ཨ་ལགས་རྒྱབ་ཚང་ངམ་་སྐུ་ཕྱོགས་རྒྱབ་ཚང་ཞེས་ཟེར་པ་འགབ་ནས་ཉུང་ཙམ་བརྗོད་ཡོད་པར་གཟིགས་ཆོག་གོ །
བཞི་པ། ཞབས་ཁ་དབུས་སུ་བསྒྱུར་ཚུལ།
        དེའི་ཕྱིས་དབུས་སུ་ཕེབས་ཏེ་འབྲས་སྤུངས་སྒོ་མང་གྲྭ་ཚང་ཀླུ་འབུམ་ཁམས་ཚན་དུ་བཞུགས་པས་མཚན་ལ་ཀླུ་འབུམ་དགེ་བཤེས་བློ་བཟང་དར་རྒྱས་སུ་གྲགས། ཐུགས་གཉེར་རྫོགས་པ་གནང་སྟེ་ལུང་རྟོགས་ཡོན་ཏན་རྒྱ་མཚོའི་གཏེར་མཛོད་དུ་གྱུར་བས་ཀུན་མཁྱེན་སྐུ་ཕྲེང་གཉིས་པ་དཀོན་མཆོག་འཇིགས་མེད་དབང་བོའི་ཡོངས་འཛིན་ཏུ་བཞུགས་ཤིང་སྙན་པའི་གྲགས་པ་ཕྱོགས་བཞིར་རྒྱས་པར་བཤད།
        སྐབས་དེར་དབུས་གཙང་གི་གྲྭ་ས་ཀུན་ཏུ་མཁས་པའི་ཡང་རྩེར་སོན་པའི་ཨ་རིག་དགེ་བཤེས་ཆེན་མོ་དང་རྩོད་པ་བྱུང་སྟེ་ཕམ་པར་ཞེས་ཀྱང་བཤད་སྲོལ་འདུག། ལཱ་མོའི་དེབ་ཐེར་སྐལ་བཟང་སྤྱི་ནོར་ཞེས་པར་ལཱ་མོའི་ཁྲི་རབས་དྲུག་པ་ཨ་རིག་དགེ་བཤེས་ཆེན་མོ་བྱམས་པ་དགེ་ལེགས་རྒྱལ་མཚན་དཔལ་བཟང་པོས་ལྷ་ལྡན་སྨོན་ལམ་ཆེན་མོའི་ལྷ་རམས་པའི་དམ་བཅའ་འཇོག་པའི་ཉིན་དང་པོར་ཀླུ་འབུམ་དགེ་བཤེས་བློ་བཟང་དར་རྒྱས་ཀྱིས་བགྲོ་གླེང་མཛད་པས་གྲངས་ཅན་པའི་ལུགས་ལ་ཨ་རིག་ལུང་བར་རྩྭ་མི་སྐྱེ་ཞེས་ཁས་བླངས་པར་གསུངས་ཅེས་པར་གཞིགས་པ་ཙམ་གྱིས་ཀྱང་མཁས་པའི་ཡང་རྩེར་སོན་ཡོད་པ་ཤེས་ཐུབ་བོ། །
ལྔ་བ། མདོ་སྨད་དུ་བྱོན་ནས་བསྟན་པའི་རྒྱུན་བསྐྱངས་ཚུལ།
        མདོ་སྨད་ཆོས་འབྱུང་དུ་ཕྱིར་མདོ་སྨད་དུ་ཕེབས་ནས་ཐུགས་དམ་ཉམས་བཞེས་ལ་འགྲུས། ཟབ་ཆོས་མང་དུ་སྤེལ། སྡེ་དགེ་ནས་བཀའ་འགྱུར། གནས་བརྟན་བཅུ་དྲུག་གི་སྨན་སྐུ་སོགས་རྟེན་གསུམ་གསར་བསྒྲིགས་མང་དུ་མཛད། ལཱ་མོའི་ཁྲི་རབས་དགུ་བར་བཞུགས་ནས་ཚོགས་འདོན་གྱི་དབྱངས་རྟ་ཞིབ་སློབ་དང་། སྟོན་ཆོས་གསར་དུ་བཙུགས་ཏེ་ཐེབས་ཀྱང་བཞག་ཅེས་རྗེ་འདིའི་ཕྱག་རྗེས་ལ་ཡི་རང་དང་མཆོད་བཀུར་བྱས་པ་དེས། ལཱ་མོ་བདེ་ཆེན་ཆོས་འཁོར་གླིང་དུ་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་། ལྷ་ཁང་ཞིག་གསོ་དང་། ལྷ་རྟེན་བསྐྱར་བཞེངས། ཆོས་དཔེ་བླུ་ཉོ་སོགས་བྱས་པར་མ་ཟད། ལཱ་མོ་གྲགས་རྒན་རྗེ་ངག་དབང་བློ་བཟང་བཀྲ་ཤིས་ཀྱིས་གསར་དུ་མཛད་པའི་མགུར་གྱི་ཁྲི་རབས་བརྒྱད་པ་དང་ལཱ་མོའི་ཁྲི་རབས་དགུ་པར་མངའ་གསོལ་ཏེ་འདོན་རྟ་སོགས་ཞིབ་པར་སློབ་ཏུ་བཅུག་པ་དང་། ཆོས་ཐོག་གསར་འཛུགས་སོགས་བྱས་ཏེ་རི་བོ་དགེ་ལུགས་པའི་བསྟན་པ་ཆེ་ཆེར་སྤེལ་བས། ནང་བའི་བསྟན་པ་རིན་པོ་ཆེ་དང་སྒོས་སུ་ལཱ་མོ་དགོན་ཆེན་ཐད་ལ་སྐུ་དྲིན་ཤིན་ཏུ་ཆེ། བཤད་སྲོད་ལ་ལཱ་མོའི་ཁྲི་རབས་ལ་བཞུགས་དགོས་ཚེ་ཐོག་མར་མགུར་གྱི་ཁྲིར་བཞུགས་དགོས་པ་དང་རྗེས་སུ་ལཱ་མོའི་ཁྲིར་མངའ་གསོལ་དགོས་པ་ནི་ལཱ་མོའི་གྲགས་རྒན་རིན་པོ་ཆེའི་ཁྲི་མངའ་གསོལ་སྟངས་ལ་བསམ་བློ་བཏང་ནའང་གསལ་བོར་ཤེས་ཐུབ། དེ་བས་དམ་པ་འདི་ཉིད་ཀྱང་མགུར་གྱི་ཁྲི་རབས་བརྒྱད་པ་དང་ལཱ་མོའི་ཁྲི་རབས་དགུ་བར་བཞུགས་པའང་ཤེས་དགོས་སོ། །
        ལཱ་མོ་བདེ་ཆེན་དགོན་དུ་བླ་བྲང་ངམ་ནང་ཆེན་མང་དུ་བཞུགས་པ་ལས་སྒར་བའམ་ཚ་ཀན་ནོ་མོ་ཧན་གྱི་བླ་བྲང་དང་། གསེར་ཁྲི་བླ་བྲང་། གྲགས་རྒན་གསུམ་གྱི་བླ་བྲང་ཕུད་སྒར་ཆེན་བཞི་དང་སྒར་ཆུང་བཞིར་གྲགས་པར་འདུག་ལ། དེའང་ལཱ་མོ་ཞབས་དྲུང་དཀར་བོའམ་རྔ་བའི་སྐུ་སྐྱེས་དཀར་པོས་གནང་བའི་བླ་མའི་མཐོ་དམན་གྱི་ཆོ་ལོ་དང་ཐོབ་ཐང་ཞིག་ཀྱང་ཡིན། ལཱ་མོའི་དབོན་ཆུང་བློ་བཟང་དར་རྒྱས་འདི་བ་ཚང་ཡང་སྒར་ཆེན་བཞི་ཡི་གྲས་སུ་གཏོགས་པར་བཤད་ལ། ཡང་ལ་ལས་སྒར་ཆུང་བཞིའི་གྲས་སུ་ཐེ་བའི་གཏམ་ཡང་འདུག་མོད། དེ་ལ་དེ་མཐུན་གྱི་གདན་རབས་དང་དེབ་ཐེར་གྱི་དཔེ་ཆ་ལག་ཏུ་མ་སོན་སྟབས་ཁུངས་ཐུབ་ཅིག་སྨྲ་བར་མི་སྤོབས། སྒར་ཆེན་བཞི་དང་སྒར་ཆུང་བཞིའི་ལྷས་སུ་བསླངས་པའི་དར་ཤིང་དེ་བྲ་བྲང་གཞན་དག་ལས་མཐོ་ལ། སྒར་ཁའི་ས་རྒྱའང་ཤིན་ཏུ་ཆེ་བར་བཤད། དེ་ལའང་བདེན་པར་འཐད་དེ་ཉེ་རབས་ཀྱང་དམ་པ་འདི་ཉིད་ཀྱི་སྐུ་ཕྲེང་རིམ་བྱོན་གྱིས་བསྐྱངས་པའི་བླ་བྲང་ངམ་སྒར་ཁའི་ས་རྒྱ་ཤིན་ཏུ་ཆེ་ལ། དར་ཆེན་ཡང་ཤིན་ཏུ་མཐོན་པོ་ཞིག་བསྒྲེངས་འདུག་པ་མིག་སྔར་ཀྱང་ཀུན་གྱི་མཐོང་ལམ་དུ་ཡོད་པ་དེའོ། །
        དམ་པ་འདི་ཉིད་མཁས་པའི་ཡང་རྩེར་སོན་པས་གསུང་རྩོམ་མང་དུ་བཞུགས་པ་རྗེས་སུ་དཔག་ནུས་མོད། ཕྱིས་སུ་བོར་བརླག་ཐེབས་པས་ད་སྐབས་ཁོང་གི་གསུང་རྩོམ་ལས་ཤོག་ཧྲིལ་གཅིག་ཀྱང་མིག་ལམ་དུ་མཐོང་རྒྱུ་མེད་པ་འདི་ནི་ཇི་འདྲིའི་ཡིད་སྐྱོ་བའི་གནས་ཤིག་ཅི་ལ་མིན་ཨང་།
        མཐར་དགུང་ལོ་དོན་དྲུག་སྟེང་སྐུ་གཟུགས་ཀྱི་བཀོད་པ་ཆོས་དབྱིངས་སུ་འཐིམས་ཤིང་སྐུ་གདུང་མཆོད་རྟེན་ཚོགས་ཆེན་འདུ་ཁང་དུ་བཞུགས་པར་བཞེད་མོད། དུས་འགྱུར་གྱི་སྐབས་སུ་བདུད་ཀྱི་ཆོ་འཕྲུལ་གྱིས་ཤུལ་མེད་དུ་བརླགས་པར་བཤད།
དྲུག་པ། སྐུ་ཕྲེང་རིམ་བྱོན་གྱི་མཚན་དང་མཛད་རྣམ་ཉུང་བསྡུས།
        རྗེ་བཙུན་དམ་པ་ཉིད་ཀྱི་སྐུ་ཕྲེང་རིམ་བྱོན་ལ་བཞེད་ཚུལ་མི་མཐུན་པ་མང་དུ་ཡོད་དེ། ལཱ་མོའི་དེབ་ཐེར་སྐལ་བཟང་སྤྱི་ནོར་དུ་སྐུ་ཕྲེང་བཞི་ལས་བྱོན་མེད་ཚུལ་ལུང་དང་རིགས་པས་བསྒྲུབས་ཡོད། གཞན་ཡང་ལོ་རྒྱུས་ལ་མོས་པའི་རྩོམ་པ་པོ་འགས་ཀྱང་དེ་ལྟར་ལབ་ཡོད་མོད། དོན་དུ་སྐུ་ཕྲེང་ཅི་ཙམ་བྱོན་པ་ལ་རང་གི་བློས་ནུས་ཚོད་ཀྱིས་ཉུང་ཙམ་རེ་གླེང་བར་ཞུ།
        རྗེ་འདི་ཉིད་ཀྱི་ཡང་སྤྲུལ་ནི་རྒྱབ་ཚང་བློ་བཟང་བསྟན་འཛིན་རབ་རྒྱས་ཡིན་ལ། རྗེ་བཙུན་འདི་ཡང་སྐུ་གོང་མ་ཇི་བཞིན་མཁས་བའི་ཡང་རྩེར་སོན་ཞིང་། ཆོས་ཀྱི་བསྟན་པ་མང་དུ་མཛད་ཚུལ་ནི་བྲག་དགོན་པའི་མདོ་སྨད་ཆོས་འབྱུང་དང་ལཱ་མོའི་དེབ་ཐེར་སྐལ་བཟང་སྤྱི་ནོར་སོགས་སུ་གསུངས་ཡོད་ལ། དམ་པ་འདི་ཉིད་ནི་མཚོ་སྔོན་པོ་མདའ་བཞི་དཔོན་སྐོར་ཚོ་བའི་ནང་གསེས་རྒྱབ་ཚང་ཚོ་བར་སྐུ་འཁྲུངས་ཕྱིན། རྗེ་འདི་ཉིད་ནས་བཟུང་ཚོ་བའི་མིང་སྐུ་ཕྲེང་བྱོན་གྱི་མཚན་མགོར་ཐོགས་ཏེ་ད་བར་དུ་རྒྱུན་སྲིང་ནས་ཡོད་པ་རེད། ལཱ་མོ་བདེ་ཆེན་དུ་ཐུགས་གཉེར་གནང་བ་དང་། ཁྲི་རབས་ཉེར་ལྔ་བར་བཞུགས་པས་རྒྱབ་དཔོན་སློབ་དུ་འབོད་ཅིང་དུས་འདི་ནས་བཟུང་སྐུ་ཕྲེང་རིམ་བྱོན་ལ་རྒྱབ་དཔོན་སློབ་ཞེས་སུ་གྲགས་པར་བཤད། གསེར་ཁང་རྗེའི་ཞབས་ལ་གཏུགས་ཏེ་ཆོས་བཀའ་མཐའ་ཡས་པ་གསན་པས་ཁོང་གི་ཐུགས་སྲས་གཙོ་བོར་གྱུར་ཅིང་། གསེར་ཁྲི་སྐུ་ཕྲེང་གཉིས་པ་བློ་བཟང་བསྟན་པའི་ཉི་མའི་རྣམ་ཐར་ཀྱི་སྨད་ཆ་སོགས་བརྩམས་གནང་མཛད་ཀྱང་རྗེས་སུ་དུས་འགྱུར་གྱི་དབང་གིས་བོར་བརླགས་སུ་ཐེབས། དམ་པ་འདི་ཉིད་ཀྱི་སྐུ་རིང་ལ་རྒྱ་ནག་ཏུའང་འགྲོ་དོན་མང་དུ་བསྐྱངས་སོ། །
        དེབ་ཐེར་ཁ་ཤས་སུ་རྒྱབ་བློ་བཟང་བསྟན་པའི་རྒྱལ་མཚན་ནི་སྐུ་ཕྲེང་གཉིས་པའི་ཡང་སྤྲུལ་དུ་ངོས་འཛིན་མཛད་པ་ཡོད་མོད། དོན་དུ་རྗེ་ཞྭ་དམར་པ་དགེ་འདུན་བསྟན་འཛིན་རྒྱ་མཚོའི་རྣམ་ཐར་གྱི་ཤོག་ངོས༨༥༢སྟེང་དུ་ཞབས་དྲུང་བློ་བཟང་བསྟན་འཛིན་ནོར་བུ། མ་ཎི་བ་སྐུ་སྔ་མ་བློ་བཟང་ཐུབ་བསྟན་དར་རྒྱས་དང་དེའི་སྤྲུལ་སྐུ། རི་ཀོ་ཚང་སོགས་དང་། ཀ་མདོ་བིས་ཐང་སྤྲུལ་སྐུ། རྒྱབ་ཚང་དགེ་འདུན་ལུང་རྟོགས་རྒྱ་མཚོ་ཞེས་རྒྱབ་ཚང་སྐུ་ཕྲེང་གསུམ་པ་དགེ་འདུན་ལུང་རྟོགས་རྒྱ་མཚོའི་མཚན་གསལ་བོར་བཀོད་ཡོད་པས། རྗེ་བཙུན་བློ་བཟང་བསྟན་པའི་རྒྱལ་མཚན་ནི་འདིའི་ཡང་སྤྲུལ་ཡིན་པ་ཤེས་དགོས། རྗེ་འདི་མགུར་གྱི་ཁྲིར་བཞུགས་ཤིང་། སྐུ་འབུམ་དུ་བཞུགས་པའི་དགའ་ལྡན་ཐེ་བོ་སྤྲུལ་སྐུ་ལས་གསུང་ཆོས་མཐའ་ཡས་པ་གསན། ཁྲི་བའི་འགན་བཞེས་ཏེ་ཆོས་ཐོག་སོགས་གཏོང་སྐབས་གྲྭ་མང་ལ་ར་ལུག་སུམ་བརྒྱ་ལྷག་གིས་འགྱེད་སྐལ་གནང་ཞིང་། གྲྭ་མང་གིས་ལོ་དེའི་དགུན་ཤ་བཤས་པས་དམ་པ་ཁོང་གི་ཐུགས་སུ་ཉེས་པ་མི་དམན་པ་བསགས་སོང་སྙམ་ནས། འགྱོད་པའི་གདུང་བ་རབ་ཏུ་སྐྱེས་ཏེ་སྤྱི་ལོ༡༩༡༩ལོར་རྨ་ཆུ་སྔོན་མོའི་ཀློང་དུ་སྐུ་འབྱུང་བ་ཆུ་གཤེགས།
        དེའི་ཡང་སྤྲུལ་ནི་གོང་དུ་སྨྲས་ཟིན་པའི་རྒྱབ་ཚང་བློ་བཟང་བསྟན་པའི་རྒྱལ་མཚན་ཡིན་ལ། དམ་པ་འདི་ཉིད་ནི་དགུང་ལོ་གསུམ་སྟེང་སྐྱབས་རྗེ་ཐར་ཤུལ་དགེ་ལེགས་དབང་ཕྱུག་ཆོས་སྐྱོང་རྒྱ་མཚོས་སྐུ་གོང་མའི་ཡང་སྲིད་ལ་འཁྲུལ་མེད་དུ་ངོས་འཛིན་གནང་ཞིང་། ཆུ་ཁྱི་སྤྱི་ལོ༡༩༢༢ལོར། ལཱ་མོ་བདེ་ཆེན་དགོན་པར་མི་འཇིགས་གདོང་ལྔ་འབར་བའི་ཁྲི་འཕང་མཆོག་ལ་མངའ་གསོལ། དགའ་ལྡན་ལྷ་རམས་པ་བློ་བཟང་དགེ་འདུན་ལས་རབ་ཏུ་བྱུང་། ལཱ་མོ་ཞབས་དྲུང་དཀར་བོ་སྐུ་ཕྲེང་བརྒྱད་པ་རྗེ་བཙུན་ལུང་རིགས་བསྟན་པ་རྒྱ་མཚོ་མཆོག་གི་མཚན་ཞབས་གནང་བཞིན་ཚོགས་ཆོས་འགྲིམས། ལཱ་མོ་ཡོངས་འཛིན་བློ་བཟང་མཁས་གྲུབ་རྒྱ་མཚོ་དཔལ་བཟང་པོ་དང་། ཐར་ཤུལ་རྡོ་རྗེ་འཆང་། དགའ་ལྡན་ཀླུ་འབུམ་ལྷ་རམས་པ་བློ་བཟང་དགེ་འདུན། ཨ་ཁུ་བློ་བཟང་བསྟན་པ་སོགས་སྤྱི་བོའི་རྒྱན་དུ་མཆོད་ནས་ཐུན་མོང་དང་མདོ་སྔགས་རིག་གནས་སྐོར་ལ་གསན་བསམ་རྒྱ་ཆེར་མཛད་ཅིང་། ལཱ་མོ་བདེ་ཆེན་དགོན་པའི་ཁྲི་རབས་རེ་གཉིས་པར་བཞུགས།
        རྗེ་འདི་ཉིད་ཀྱི་ཡང་སྤྲུལ་ནི་རྒྱབ་དཔོན་སློབ་སྐུ་ཕྲེང་ལྔ་བ་བློ་བཟང་ལུང་རིགས་རྒྱ་མཚོ་འདི་ཉིད་ཡིན་ཞིང་། དགུང་ལོ་དྲུག་པ་སྟེ་ཤིང་སྤྲེལ་སྤྱི་ལོ༢༠༠༤ལོའི་ཟླ་དང་པོའི་ཚེས་བཅོ་བརྒྱད་ཉིན། སྐུ་འབུམ་གསེར་གདུང་གི་མདུན་སར་ཁྲི་ཆེན་མཆོག་སྤྲུལ་ལཱ་མོ་གསེར་ཁྲི་ཆོས་ཀྱི་བློ་གྲོས་རྒྱ་མཚོ་དཔལ་བཟང་པོ་མཆོག་གིས་ཨ་ལགས་ཀོའུ་བ་བློ་བཟང་ཐུབ་བསྟན་དབང་ཕྱུག་ཚང་དང་། ཨ་ལགས་འཕྲིན་ལས་སྦྱིན་པ་རྒྱ་མཚོ་ཚང་། ཨ་ལགས་ལྷ་སྡེ་ཚུལ་ཁྲིམས་རྒྱ་མཚོ་ཚང་། ཨ་ལགས་སློབ་ཆུང་ཚང་སོགས་དང་ལྷན་དུ་ཐུགས་བརྟག་གནང་ཞིང་། རྒྱབ་དཔོན་སློབ་བློ་བཟང་བསྟན་པའི་རྒྱལ་མཚན་ཚང་གི་ཡང་སྲིད་ལ་འཁྲུལ་མེད་དུ་ངོས་འཛིན་མཛད་ཅིང་། དགུང་ལོ་བདུན་གྱི་སྟེང་ལཱ་མོ་བདེ་ཆེན་ཆོས་འཁོར་གླིང་དུ་མི་འཇིགས་གདོང་ལྔའི་ཁྲི་ལ་མངའ་གསོལ། ད་ལྟ་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་དུ་དགེ་བའི་བཤེས་གཉེན་ཆེན་མོ་ལོ་སྟོན་བརྩོན་འགྲུས་རྒྱ་མཚོ་སོགས་ཀྱི་དྲུང་དུ་རིག་པའི་གནས་ལྔ་ལ་སྦྱངས་པ་མཛད་བཞིན་པ་འདི་ལགས་སོ། །

དཔྱད་གཞིའི་ཡིག་ཆ།
༡. «ལཱ་མོ་ཚ་ཀན་ནོ་མོན་ཧན་ཧོ་ཐོག་ཐུ་ཚང་གི་རྣམ་ཐར» ཡོངས་འཛིན་མཁས་གྲུབ་རྒྱ་མཚོས་ཁ་གསབ་དང་རྩོམ་སྒྲིག་བྱས།
༢. «ཁྲི་ཆེན་སྤྲུལ་བའི་སྐུ་བློ་བཟང་བསྟན་པའི་ཉི་མ་དཔལ་བཟང་པོའི་རྣམ་པར་ཐར་བ་དཔྱོད་ལྡན་ཡིད་དབང་འགུགས་པའི་ཕོ་ཉ» རྒྱལ་བ་བསྐལ་བཟང་རྒྱ་མཚོས་མཛད།
༣. «མདོ་སྨད་ཆོས་འབྱུང» བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱིས་མཛད། ༡༩༨༢ཟླ༣པར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་དཔར།
༤. «རྗེ་ཞྭ་དམར་བ་དགེ་འདུན་བསྟན་འཛིན་རྒྱ་མཚོའི་རྣམ་ཐར» དགེ་བཤེས་གྲགས་པ་རྒྱ་མཚོས་བརྩམས། ༡༩༩༠ལོའི་ཟླ༧པར་མཚོ་སྔོན་མི་རིགས་པར་ཁང་གིས་དཔར།
༥. «རེབ་གོང་ཆོས་འབྱུང་གདན་ས་གསུམ་གྱི་གདན་རབས» རྫོང་ཆུང་འཇིགས་མེད་ལུང་རིགས་རྒྱ་མཚོས་བརྩམས། ༢༠༡༠ལོའི་ཟླ༥བར་ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་ནས་དཔར།
༦. «ལཱ་མོའི་དེབ་ཐེར་སྐལ་བཟང་སྤྱི་ནོར» ལཱ་མོ་ཀུན་བཟང་རྒྱ་མཚོས་བརྩམས།
༧. «མདོ་སྨད་སྣང་ར་གྲོང་བརྒྱད་དུ་འཁྲུངས་པའི་བླ་སྤྲུལ་དང་དགེ་བའི་བཤེས་གཉེན་རིམ་བྱོན་གྱི་མཛད་རྣམ་གསེར་རིའི་ཕྲེང་བ» སྣང་ར་བ་འཇིགས་མེད་ཀྱིས་བརྩམས་ཤིང་བསྒྲིགས། ༢༠༡༤ལོའི་ཟླ༣པར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་དཔར།
༨. «བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ» རྒྱལ་མོ་འབྲུག་པས་བརྩམས། ༢༠༡༥ལོའི་ཟླ༥བར་ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་ནས་དཔར།
༩. «དུང་དཀར་ཚིག་མཛོད་ཆེན་མོ» དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་བསྒྲིགས། ༢༠༠༢ལོའི་ཟླ༤བར་ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་ནས་དཔར།
འབྲེལ་ཡོད་འོས་སྦྱོར།