གྱི་ལིང་བཀྲ་ཤིས་རྒྱ་མཚོ་དང་གྱི་ལིང་ཐུགས་མཆོག་རྡོ་རྗེ་རྣམ་གཉིས་དང་གེ་སར་རྒྱལ་པོ།
རྩོམ་པ་པོ།:གཅོད་པ་དོན་གྲུབ་ཀྱིས་ལེགས་སྒྲི
ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ།
དུས་ཚོད།:2022-12-16
ཀློག་གྲངས།:
གྱི་ལུང་མཁས་གྲུབ་རྣམ་གཉིས་ཀྱི་ཡ་གྱལ་མི་དབང་བཀྲ་ཤིས་རྒྱ་མཚོ་ནི། བོད་རབ་བྱུང་བཅུ་གསུམ་པའི་བགྲང་བྱ་ཉི་ཤུ་རྩ་བརྒྱད་པ་ཤིང་བྱི་ལོ་སྟེ། སྤྱི་ལོ1804ལོར་ཡབ་དབང་མདའི་མགོན་པོ་དང་ཡུམ་སོག་བཟའ་སྒྲོལ་དཀར་གཉིས་ཀྱི་སྲས་སུ་སྨར་ཁོག་གི་སྐྱིད་རིའི་ལུང་པར་སྐུ་འཁྲུངས། ཁོང་སྐུ་ཚེ་གང་པོར་རྟེན་དགེ་བསྙེན་སྐྱ་བོའི་ཚུལ་དུ་བཞུགས་ནས་པདྨ་འབུམ་དཔོན་ཁག་བརྒྱད་ཀྱི་ཡ་གྱལ་ལུང་ཚོ་བའི་སྤྱི་དཔོན་མཛད་དེ་སྡེ་འབངས་བྱམས་པས་བསྐྱངས་ཤིང་ཆོས་སྲིད་ལུགས་གཉིས་ཀྱི་མངའ་ཐང་དགུང་ལ་རེག །ཁོང་ལུགས་གཉིས་གང་ཕྱོགས་ནས་གཟིགས་རྒྱ་ཧ་ཅང་ཆེ་བས་པདྨ་འབུམ་གྱི་གཙོའི་མགོ་ལོག་གི་དཔོན་རིགས་ཡོངས་ཀྱི་བློ་ཕུག་གཏད་སའི་ཚད་མར་གྱུར། ལྟར་སྣང་ལ་རྟེན་སྐྱ་བོར་བཞུགས་ཀྱང་དོན་ལ་སྤྱན་དང་མངོན་ཤེས་ཡེ་ཤེས་པའི་ལྷའི་གཟིགས་སྣང་སོགས་གྲུབ་པའི་ཡོན་ཏན་དུ་མ་བདག་གིར་བཞེས། དཔའ་བོ་གླིང་གི་དུས་སུ་འབུམ་པའི་རྒྱ་ཚ་ཞལ་དཀར་གྱི་སྐུ་སྐྱེ་བཞེས་ཤིང་དེའི་སྐབས་ཀྱི་སྔོན་གནས་རྗེས་དྲན་དཔག་ཏུ་མེད་པ་མངའ། ཁོང་གི་ཐུགས་ཆོས་ལ་འཁོར་བའི་ངེས་དོན་གྱི་བླ་མ་མང་དུ་བསྟེན་ཁྱད་པར་དུ་རྡོ་གྲུབ་ཆེན་འཇིགས་མེད་ཕྲིན་ལས་འོད་ཟེར་ཐུན་མིན་དུ་བསྙེན་ཏེ་ཐུགས་རྒྱུད་དགོངས་པའི་བྱིན་རླབས་འཕོས་ཤིང་ཉམས་དང་རྟོགས་པའི་ཡོན་ཏན་དཔག་ཏུ་མེད་པ་བརྙེས། གསུང་རྩོམ་ཡང་ཐ་སྙད་རིག་གནས་ཀྱི་སྐོར་དང་། ཟབ་མོའི་སྒྲུབ་ཐབས་ཀྱི་སྐོར། གཏེར་འབྱུང་ལོ་རྒྱུས་ཀྱི་སྐོར་སོགས་མང་དུ་ཡོད་རབས་བཤད། མཐར་དགུང་གྲངས་བདུན་ཅུ་རྩ་གཅིག་པ་སྟེ་སྤྱི་ལོ1874ལོར་སྐུ་གཤེགས་སོ།།
མཁས་བཙུན་གྲུབ་པའི་དབང་ཕྱུག་གྱི་ལིང་ཐུགས་མཆོག་རྡོ་རྗེ་ནི་བོད་རབ་བྱུང་བཅུ་གསུམ་པའི་བགྲང་བྱ་དྲུག་ཅུ་པ་མེ་སྟག་ལོ་སྟེ། སྤྱི་ལོ1806ལོར་སྐུ་འཁྲུངས། སྐུ་ན་ཕྲ་བའི་དུས་སུ་རྡོ་གྲུབ་འཇིགས་མེད་ཕྲིན་ལས་འོད་ཟེར་གྱིས་རཱ་ལོ་ཙཱ་བའི་སྐུ་སྐྱེ་རཱ་སྟོན་ཐུགས་མཆོག་རྡོ་རྗེའི་ཡང་སྤྲུལ་དུ་ངོས་བཟུང་། མཚན་ལ་འཇིགས་མེད་ཐུགས་མཆོག་རྡོ་རྗེ་ཞེས་སུ་གསོལ། རྡོ་གྲུབ་གཙུག་གི་ནོར་བུ་ཉིད་དུ་བསྟེན་ཏེ་སྙིང་ཐིག་གོང་འོག་གི་དབང་ལུང་ཁྲིད་གསུམ་མང་དུ་བཞེས་ཤིང་བརྒྱུད་གསུམ་རིག་འཛིན་བླ་མའི་དངོས་གྲུབ་རྒྱ་མཚོ་ལྟ་བུ་དབུ་བརྙེས། རྗེས་སུ་ཁོང་གི་གཅུང་བསོད་ནམས་རྡོ་རྗེ་ཀ:ཐོག་རྨོག་སྤྲུལ་གཉིས་པའི་སྐུ་སྐྱེར་ངོས་བཟུང་སྟེ་ཀ:ཐོག་རྡོ་རྗེ་གདན་དུ་ཁྲིར་འཁོད་ཅིང་། དེར་བརྟན་བཞུགས་དགོས་པའི་དབང་གིས་རྗེ་འདི་ཉིད་ཀྱང་ཀ:ཐོག་ཏུ་བྱོན་ཏེ། དགེ་རྩེ་མ་ཧཱ་པཎྚི་ཏ་འགྱུར་མེད་ཚེ་དབང་མཆོག་གྲུབ་དང་། དྲི་མེད་ཞིང་སྐྱོང་མགོན་པོ། འཇམ་དབྱངས་མཁྱེན་བརྩེའི་དབང་བོ། ཀུན་གཟིགས་མི་ཕམ་རྒྱ་མཚོ་སོགས་མཁས་གྲུབ་ཀྱི་བླ་མ་མང་དུ་བསྟེན་ཏེ་དམ་པའི་རྣམ་ཐར་ཚུལ་དགུའི་ཡོན་ཏན་རྒྱ་མཚོ་ལྟ་བུ་དབུ་བརྙེས་ཤིང་མཁས་དང་གྲུབ་པའི་རྩེར་སོན། དེའི་དབང་གིས་དགེ་རྩེ་མ་ཧཱ་པཎྚི་ཏས་བཀའ་ཕབ་སྟེ་ཀ:ཐོག་ཏུ་སྐུ་ཚེ་གང་པོར་བཞུགས་དགོས་བྱུང་ཞིང་། རྗེས་སུ་ཀ:ཐོག་པའི་སྙན་བརྒྱུད་འཛིན་པའི་བླ་མ་བཅུ་གསུམ་གྱི་གྲས་སུ་བཞུགས་ཤིང་། མཛད་པ་དང་ཕྲིན་ལས་ནམ་མཁའ་དང་མཉམ་པ་ཞིག་བྱུང་ངོ་། །མཐར་དགུང་གྲངས་ལྔ་བཅུའི་སྨད་དྲུག་ཅུར་མ་ཟིན་ཙམ་དུ་སྐུ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན།ཁོང་སྤུན་མཆེད་རྣམ་གཉིས་ཀྱིས་བརྩམས་པའི«མགོ་ལོག་རུས་མཛོད་མེ་ཏོག་སྐྱེད་ཚལ»འདི་ས་གཞི་ཆེན་པོའི་སྟེང་སྙན་པ་རྒྱས་ཤིང་ཕན་འབྲས་མངོན་གསལ་དོད་པོ་ཡོད་པའི་ལོ་རྒྱུས་བརྗོད་པའི་གླེགས་བམ་ངོ་མཚར་བ་ཞིག་རེད། ཁྱད་པར་དུ་གླིང་གེ་སར་རྒྱལ་པོའི་གདུང་རྒྱུད་དང་སྐྱེས་རབས་ལོ་རྒྱུས་ཀྱི་ཁུངས་འཚོལ་བ་གཞན་དང་མི་མཚུངས་པའི་ཁྱད་ཆོས་ཡོད་ཅིང་། རུས་མཛོད་ལས་ལེའུ་ལྔ་བའི་ནང་དུ་གླིང་རུ་དང་གླིང་གི་གདུང་རྒྱུད། གླིང་གི་ས་ཆ། གླིང་གི་ཆེ་རྒྱུད་ཆུང་རྒྱུད། འབྲིང་རྒྱུད་སོགས་ཀྱི་ཆགས་རིམ་དང་གྲུབ་སྟངས་བརྗོད་པ་གསལ་བོ་ཡིན་པས་སྲིད་དུ་ཐོབ་པར་དཀོན་བའི་ཟུར་ལྟའི་ཡིག་ཆ་གལ་ཆེན་ཡིན་པ་གདོན་མི་ཟ། དེས་ན་གཤམ་དུ་གླིང་གི་གདུང་རྒྱུད་དང་གེ་སར་རྒྱལ་པོའི་ལོ་རྒྱུས་སྐོར་དོན་ཚན་འགའ་བཀོད་ན་འདི་ལྟ་སྟེ།
དང་པོ། ལྡོང་གི་རིགས་རྒྱུད་བཤད་པ།
སྤྱིར་ལྡོང་འདིའི་མིང་ལ་ཨ་སྤོ་ལྡོང་དང་ལྷ་ལྡོང་སོགས་ཟེར་ལ། འདི་ནི་ཕུ་བོ་ལྡོང་དང་ཡུམ་མཆོག་འབྲི་སྣ་མ་ཞེས་བྱ་བ་ལས་བྱུང་བའི་རིགས་ཡིན་ལ། འདི་ལ་དཀར་པོ་ལྡོང་དང་། ནག་པོ་ལྡོང་དང་། ཁྲ་བོ་ལྡོང་དང་། སྨུག་པོ་ལྡོང་གི་རིགས་དང་བཞི་ཡོད་ལ། རིགས་འདི་རྣམས་ལས་འཁྲུངས་པའི་སྤྲུལ་བའི་སྐྱེས་བུ་དཔའ་རྩལ་དགུ་ལྡན་སྔོན་བྱོན་དག་ནི་འོག་ཏུ་མཚུན་ལྷའི་གྲལ་དུ་བརྗོད་ལ། རིགས་འདི་དབུས་གཙང་དང་བར་ཁམས་ཨ་མདོ་སོགས་སུ་སྔར་ནས་ལྡོང་རིགས་འདི་མང་བོ་ཡོད་ཅིང་། གནའ་སྒྲུང་ལས། ལྡོང་ཞྭ་དམར་ཅན་དེ་བསྒྲིགས་ན་མཛེས། ཞེས་རིགས་འདི་ལ་བོན་པོ་མང་དུ་བྱུང་བ་དང་། གྲལ་བསྒྲིགས་ཚེ་གཟི་བརྗིད་ཆེ་ཞིང་མཛེས་པ་ཡིན།
གཉིས་པ། གླིང་གི་ཆགས་ཡུལ་བཤད་པ།
བར་ཁམས་ཀྱི་ས་ཆ་འདི་ནི། ས་ཡི་ཆ་གླིང་གི་ཡུལ་ཞེས་པ་ནི་སྒང་དྲུག་ལས་ཟལ་མོའི་སྒང་དུ་གྲགས་པ་འདི་ལ་གླིང་ཁྲི་གོང་འོག་བར་གསུམ། གླིང་ཁྲི་གོང་མའི་ས་ནི་ཁམས་སྟོད་འབྲི་ཀླུང་གི་ས་ཆ་རྣམས་དང་། དེ་ལས་བྷེ་སྒོམ་གྱི་རྫ་རི་དེའི་ཕུ་ན་རྫ་གཡའ་བྲག་དང་། གངས་བྲག་གཡའ་བྱ་བའི་རི་ཁྲོད་ངོ་མཚར་ཅན་ཡོད་པ། མདའ་ན་མི་སྡེ་གོང་ཟི། མང་འབྲུག་གཉིས་ཀྱི་དཔོན་ཆེན་གླིང་ས་ལྡོང་སེང་བློན་ཡིན་ལ། སེང་བློན་གྱི་བུ་ཆེ་བ་རྒྱ་ཚ་ཞལ་དཀར་སོགས་ཡིན་པ་འོག་ནས་འཆད་ལ། གླིང་ཁྲི་བར་མའི་ས་ཆ་ནི་ཤར་ཟླ་རོལ་གྱི་ས་ཆ་རྣམས་དང་། གླིང་ཁྲི་འོག་མའི་ས་ཆ་ནི་མདོ་ཁམས་སྨར་རོལ་ཡིན་པར་བཤད་ལ། གླིང་ཁྲི་ཞེས་པ་ནི་མི་སྡེ་ཁྲི་ཚོ་རེའི་བདག་པོ་ཡིན་ལ། ཁྲི་དམག་གསུམ་གྱི་དཔུང་གི་བདག་པོ་ཡིན་པས་དེ་ལྟར་གྲགས་སོ༎
གསུམ་པ། གླིང་གི་མི་རྒྱུད་བཤད་པ།
ཁ་ཅིག་གླིང་ཁྲི་འོག་མ་ནི་ལྷ་ལྡོང་བེ་རིའི་ས་ཆ་དག་ཡིན་པར་འཆད་དོ༎ ལྡོང་གླིང་བ་དེ་ལ་ཆེ་རྒྱུད་དང་། འབྲིང་རྒྱུད་དང་། ཆུང་རྒྱུད་དང་གསུམ་ཡོད་པའི་ལོ་རྒྱུས་ཐམས་ཅད་ནི་གླིང་གི་སྒྲུང་ཡིག་ཁུངས་དག་རྣམས་སུ་གསལ་ཞིང་། འདིའི་ཆེ་རྒྱུད་ཀྱི་དཔོན་སྟག་རོང་གི་གཟིག་འཕན། འབྲིང་རྒྱུད་ཀྱི་དཔོན་པོ་འབྲི་རོང་གི་སྟག་ལྷ། ཆུང་རྒྱུད་ཀྱི་དཔོན་པོ་བླ་རོང་ཨ་མྱེ་ཁྱ་རྒན་ཁྲོ་བོ་ཞེས་ཁྲོ་བོ་འདི་ནི་བོན་པོའི་རིག་འཛིན་ཞིག་ཡིན་ལ། དེའི་སྟེང་དུ་བཙད་པོ་དབུ་རིགས་ཀྱི་ས་སྟག་ནམ་མཁའ་གཟུངས་དང་། རླངས་སྟོན་པ་ཨར་མི་དབང་ཕྱུག་བྱང་ཆུབ་ཀྱི་དྲུང་ནས་ཆོས་དང་། འཆི་མེད་ཚེ་ཡི་དབང་མཆོག་དང་གདམ་པ་ཟབ་མོ་ཐོབ་པ་ཞིག་ཡིན་ཞིང་ཚེ་ཤིན་ཏུ་རིང་བའི་ཚད་ཞིག་ཡིན་པས་ཁྲོ་རྒན་ཟེར་ཞིང་། མིང་དངོས་ལ་ཁྲོ་བོ་སྐྱབས་ཞེས་ཟེར་བ་དེ་ཡིན། འདིའི་བུ་ཆེ་བ་ཁྲོ་བོ་འཕན་ནི་ཁྲོ་ཐུང་ཡིན། འབྲིང་བ་སེང་བློན་དང་། ཆུང་བ་སྣང་ཆུང་གཡུ་སྟག་ཡིན། སེང་བློན་གྱི་རྒྱ་བཟའི་བུ་རྒྱ་ཚ་ནི་གེ་ཁོད་རྒྱལ་དང་། འགག་མོའི་བུ་གེ་ཁོད་སྐྱབས་ཡིན་ལ་འདི་ནི་ཆུང་ངུའི་དུས་ནས་ཕོ་རྩལ་སྣ་དགུ་དང་ལྡན་པས་སེང་ཆེན་འདྲ་ཞེས་པས་སེང་ཆེན་དང་། གེ་སར་དང་། རྗེས་ནས་ས་ཡི་ཆ་གླིང་གི་ཡུལ་འདི་ཐམས་ཅད་ཀྱི་བདག་པོ་རྒྱལ་པོར་གྱུར་བས་འཛམ་གླིང་གི་རྒྱལ་པོ་ལྟར་ཡིན་ཞེས་འཛམ་གླིང་རྒྱལ་པོ་སེང་ཆེན་ཟེར་བར་གྲགས་པ་དེའི་བཙུན་མོ་སྒ་སྐྱ་ལོའི་བུ་མོ་འབྲུག་མོ་ཡིན་པ་འདི་ཡང་སྤྲུལ་བའི་བུད་མེད་ཡིན་ལ། གཙོ་བོ་གླིང་རྗེ་གེ་སར་འདི་དང་འཁོར་ཕུ་ནུ་དཔའ་ཐིལ་ཅན་སུམ་ཅུ་སོགས་ཐམས་ཅད་ཡིན།
བཞི་པ། གླིང་གི་བློན་པོ་བཤད་པ།
བློན་པོ་ནི་གླིང་ཆུང་རྒྱུད་འདི་ཡི་ཚ་བོ་དང་ཞང་བོ་གཉིས་ཀར་གྱུར་བའི་སྒ་དཔའ་ཐིལ་ཚ་ཞིང་འདན་མ་སྤྱང་ཁྲ་དང་། སྦྲ་དཔའ་ཡང་ཐེལ་སྐྱེས་མཆོག་ཐར་བ་དང་། སྦྲ་སྐྱེས་མཆོག་སྦྲ་ཚ་ཤར་ཡག་དང་། སྦྲ་ཨ་བསེ་སྐྱེན་པོ་འཐེབ་དྲུག་རྣམས་བློན་ཆེན་ཡིན། དེ་རྣམས་ནི་དུས་སྐབས་དེར་བོད་ཡུལ་གྱིས་སངས་རྒྱས་ཀྱི་བསྟན་པ་ལ་མི་དད་ཅིང་གནོད་པར་བྱེད་པའི་ཧོར་གངས་རི་རྒྱལ་པོ་འཁོར་དང་བཅས་པ་དང་། བྱང་ཕྱོགས་ཀྱི་སྲིན་པོ་བདུད་མི་ཡི་རྫུས་ཞུགས་ཀྱི་རྫུ་འཕྲུལ་ཅན་བདུད་རྒྱལ་རྒན་པོ་ཕ་བུ་འཁོར་བཅས་འདུལ་བའི་ཆེད་དུ་སངས་རྒྱས་ཀྱིས་སྤྲུལ་བའི་དཀར་ཕྱོགས་སྐྱོང་བའི་ལྷ་རྣམས་ཀྱི་སྤྲུལ་བ་ཁོ་ན་ཡིན་ལ། ཁྱད་པར་དུ་གླིང་རྗེ་གེ་སར་ནི་རླངས་སྟོན་པ་ཨར་མི་བྱང་ཆུབ་འདྲེ་བཀོལ་གྱི་དམ་པའི་ཆོས་ཀྱི་སློབ་མར་གྱུར་པ་གྲུབ་པའི་དབང་ཕྱུག་ཆེན་པོ་ཡིན་ལ། བོན་གྱི་གྲུབ་ཐོབ་ཆེན་པོ་ཡང་ཡིན་པས་གནམ་སྔོན་རྒྱལ་མོ་དང་། རྨ་རྒྱལ་སྦོམ་ར་དང་། ཨ་བོ་གེར་མཛོད་སོགས་ཡུལ་ལྷ་རྣམས་ཀྱིས་ཀྱང་སྡོང་གྲོགས་མཛད་པ་ལ་སྐད་ཅིག་ཀྱང་གཡེལ་བ་མེད་ཟེར་རོ༎
ཕྱི་ལོ2022ལོའི་ཟླ9ཚེས19ཉིན་རྒན་པོ་གཅོད་པ་དོན་གྲུབ་ཀྱིས་ལེགས་སྒྲིག་བགྱིས་པ་དགེའོ།།
འབྲེལ་ཡོད་འོས་སྦྱོར།