༄༅། །སློབ་དཔོན་ཐོན་མིའི་རྣམ་ཐར་ངག་རྒྱུན་མ་བཞུགས་སོ།།
རྩོམ་པ་པོ།:ཐོན་མདའ་སྨན་གྲོང་པ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-03-21
ཀློག་གྲངས།:
༄༅། །ཐོན་མདའ་སྨན་གྲོང་པས་མཛད་པའི་ཐོན་མིའི་རྣམ་ཐར་བཞུགས་སོ། །
དེ་ཡང་། སྙེ་མོ་ཐོན་ཁུལ་རྒན་རབས་རྣམས་ཀྱི་ངག་རྒྱུན་ཁ་གཏམ་ཤོད་སྲོལ་དུ། སྔོན་གྱི་དུས་ལྷོ་ཁ་གཉལ་ནང་ཁྱིམ་ཚང་ཕྱུག་པོ་ཞིག་ལ་བུ་སྤུན་གསུམ་ཡོད་པའི་རྒན་པ་དཀར་ཡོལ་བཟོ་ལས་སོགས་ལག་ཤེས་ལ་ཤིན་ཏུ་མཁས་པ་ཞིག་ཡོད་པས་འབྱོར་བ་ཆེ་བ་ཞིག་ཡོད། བུ་འབྲིང་བ་དེ་བོན་ཆོས་དང་གཏོ་བཅོས་སོགས་བཅོས་ཐབས་ལ་ཤིན་ཏུ་མཁས་པ་ཞིག་ཡོད། བུ་ཆུང་ཤོས་ཨ་ནུ་སྣང་གྲགས་ཞེས་བྱ་བ་ཞིག་ཡོད་པ་དེ་དབང་པོ་བརྟུལ(རྟུལ)བས་གཅེན་པོ་གཉིས་ཀྱིས་ཡོན་ཏན་བསླབས་ཀྱང་མི་ཤེས་པར་བརྟེན། ཕ་མ་ནས་རྒྱུན་དུ་གཤེ་བས་ཡིད་བསུན(སུན)ཏེ་ཡུལ་གྱར་ནས་རིམ་གྱིས་སྙེ་མོ་ཁུལ་ཐོན་ལུག་རྭ་བསམ་འགྲུབ་སྒང་དུ་ཕེབས་ཏེ་ཝ་ཆུ་ཞིག་གི་ཁར་ངལ་བསོས་ནས་བཞུགས་པའི་སྐབས་སུ། ཨ་མ་ཞིག་དེར་ཆུ་ལེན་དུ་ཡོང་བ་དང་དུས་འགྲིགས(འགྲིག)། ཨ་མས་བུ་དེ་མཐོང་མ་ཐག་སེམས་དགའ་བ་ཞིག་བྱུང་ནས་འདི་སྐད་ཅེས། བུ་ཁྱོད་ག་ནས་ཡོང་། ཅི་བྱེད་དུ་འགྲོ་སོགས་དྲིས་པས། ཨ་ནུ་སྣ་གྲགས་ནས་སྔར་གྱི་ལོ་རྒྱུས་རྣམས་ཞིབ་ཏུ་བསྙད་པས། འོ་ན་ངའི་ནང་ལ་བུ་མོ་དབྱངས་ཅན་ལྷ་མོ་ཟེར་པ(བ)ཞིག་ཡོད་པས་དེ་དང་ཁྱིམ་ཐབས(ཐབ)བྱས་ནས་ཁྱོད་འདིར་སྡོད་དམ་ཟེར་པ(བ)བཞིན་ཞལ་གྱིས་བཞེས་ནས་ཨ་མ་དང་ལྷན་དུ་ཁྱིམ་ལ་བྱོན། ནང་གི་ཕ་ལ་རྒྱུ་མཚན་ཞིབ་པར་བཤད་པས་ཡིད་འཐད་པར་བྱུང་སྟེ། བུ་མོ་དབྱངས་ཅན་ལྷ་མོ་དང་ཁྱིམ་ཐབ་བྱས། ནམ་ཞིག་ན་བུ་མོ་སྦྲུམ་མར་གྱུར་བའི་ཚེ་ཁྱིམ་དེར་འཇའ་ཟུག་པ་དང་རི་དྭགས་སོགས་ཀྱིས་བསྐོར་བ་བྱེད་པ། དྲི་བཟང་པོ་ཐུལ་བ་སོགས་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་པ་བྱུང་བ་དང་། ལྷག་པར་ཡུམ་གྱི་རྨི་ལམ་སུ་ནང་བའི་དགེ་སློང་གླེགས་བམ་དང་རལ་གྲི་འཛིན་པ་ཞིག་ཕེབས་སྟེ(ཏེ)གནས་ཚང་གཡར་པོ་ཐོངས་གསུང(གསུངས)ནས་རང་ཉིད་ལ་ཐིམ་པར་རྨིས་པ་སོགས་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་པ་བྱུང་ནས་ཨ་ནུ་སམྦྷོ་ཊ་འཁྲུངས། ཨ་ནུ་ཞེས་པ་ནི་ལྷོ་ཁ་པས་བུ་ཆུང་ཤོས་ལ་ཨ་ནུ་ཞེས་བརྗོད་སྲོལ་ཡོད་འདུག
བུ་དེ་ལོ་གསུམ་ལ་ཕེབས་པའི་སྐབས་སུ་ཡབ་ཨ་ནུ་སྣང་གྲགས་ནས་བུ་དེ་འཁྱེར(ཁྱེར)ནས་ཞིང་རྨོ་རུ་ཕེབས་པའི་སྐབས་ཡབ་ཀྱི་ལྭ་ཝ(བ)དེར་ཕུད་ནས་དེའི་ནང་བུ་ཆུང་དེ་བཞུགས་སུ་བཅུགཞིང་རྨོ་བཞིན་པའི་སྐབས།། གང་ནས་ཡོང་མ་ཤེས་པའི་གཟི་བརྗིད་ཆེན་པོ་རྟ་ངང་པ་ཞོན་པ། མདའ་གཞུ་འཁོར་གསུམ་ཅན་ཞིག་གློ་བུར་དུ་བྱུང་བ་དེས་ཡབ་ལ་འདི་སྐད་ཅེས། ང་ངོ་ཤེས་སམ་གསུངས་པས་མི་ཤེས་ལགས་ཞུས། འོ་ན་ང་བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོ་ཡིན། ངས་དྲི་བ་བྱེད་པར་ལན་ཐེབས་ན་བྱ་དགའ་དང་མ་ཐེབས་ན་ཆད་པ་གཅོད། དྲང་པོར་མ་སྨྲོས་ན་སྐེ་གཅོད་དོ་ཞེས་གསུངས་ནས་དྲི་བ་གནང་བར། ཁྱོད་ཀྱིས་ཞིང་ཁ་ག་དུས་ནས་རྨོས་རོལ་རྐང་ལ་ག་ཚོད་ཡོད་གྲངས་ཀ་ཤོད་གསུངས་པར། ཡབ་ཀྱིས་གྲངས་ཀ་ཞུ་རྒྱུ་མེད་པས་སྐྲག་སྟེ་མགོ་འཕུར་ལྕེ་བསྣར། རྔུལ་ཆུ་འཛགས(འཛག)བཞིན་བསྡད་པའི་སྐབས་སུ།ཡབ་ཀྱི་ལྭ་ཝ(བ)ནང་ཡོད་པའི་བུ་ཆུང་ལོ་གསུམ་པ་དེ་ཡར་ལངས་ནས་རྒྱལ་པོ་ལ་འདི་སྐད་གསོལ་བ། རྟ་ཆད་སྦང་བ་གཏོང་ས་དང་། མི་ཆད་ཡ་ལ་བཞག་ས་ངའི་པ་ཕ་ཨེ་ཡིན། དེ་འདྲ་ཡིན་ན་རྒྱལ་པོ་ཁྱོ་ད་ནངས་གནས་ཚང་ནས་ཕེབས་ནས་རྟའི་རྗེས་ཇི་ཙམ་བཞག་ཡོད་དམ། དེའི་གྲངས་ཀ་གསུངས་ན་ངའི་པ་ཕའི་ཞིང་ལ་རྨོས་རོལ་རྐང་གྲངས་ངས་ཞུས་ཆོག་གསུངས་པས་རྒྱལ་པོ་ཐུགས་མཉེས་ནས། ང་ལ་འཇམ་པའི་དབྱངས་ཀྱིས་ལུང་བསྟན་པའི་བུ་དེ་རྙེད་བྱུང་། བུ་ང་ལ་དགོས། ཡབ་ཁྱོད་རང་ལྭ་ཝ(བ)གྱོན་གསུངས་ནས། རྒྱལ་པོས་ཞིང་ས་སྦར་བ་གང་ཡབ་ཀྱི་པང་ཁའི་ནང་ལ་གནང་སྟེ་ནང་དུ་མ་སླེབས་པར་ཁ་མ་ཕྱེ། འདི་ཨ་མའི་ནུ་རིན་ཡིན། ནང་མི་རྣམས་ལ་ཡང་རྒྱུ་མཚད་དེ་སྐད་སྨྲོས་ཤིག་གསུངས་ནས། བུ་དེ་རྒྱལ་པོའི་ཆིབས་པང་དུ་བསྣམས་ནས་ཡུན་ཙམ་ཞིག་ལ་གར་སོང་མེད་པར་ཕེབས། ཡབ་ནས་ནང་མི་རྣམས་ལ་རྒྱུ་མཚན་ཞིབ་པར་བཤད་པས་ས་སྦར་བ་གང་འདི་ཨ་མའི་ནུ་རིན་ལ་སྤྲད་བྱུང་ཟེར་ནས་བལྟས་པས་གསེར་ཕྱེ་སྦར་བ་གང་དུ་གྱུར་ནས་འདུག ཆོས་རྒྱལ་གྱིས་དྲི་བ་མཛད་པའི་ས་ཞིང་དེར་དེང་སང་ཡང་ཞིང་དྲི་བ་ཆེན་མོ་ཞེས་པའི་མིང་ནས་འབོད་ཀྱི་འདུག
རྩོམ་ཁུངས། དུང་དཀར་པ་ཚེ་དབང་རྡོ་རྗེས་སྒྲིག་རྩོམ་བྱས་པའི་བོད་ཀྱི་བརྡ་སྤྲོད་གསལ་བར་བྱེད་པ་དཔྱིད་ཀྱི་མྱུ་གུ་ཞེས་བྱ་བ་ལས་དྲངས་པ་དགེའོ། །
འབྲེལ་ཡོད་འོས་སྦྱོར།