གཅུང་ཁྲི་དར་མ་འུ་དུམ་བརྩན་ཞེས་པ་ལས་འཕྲོས་པ།
རྩོམ་པ་པོ།:ར་སེ་དཀོན་རྒྱམ།
ཡོང་ཁུངས།:ལུག་ཚང་དཔལ་ཡོན་འཕྲིན་སྟེགས།
དུས་ཚོད།:2023-04-27
ཀློག་གྲངས།:
དེ་ཡང་བོད་ཀྱི་ལོ་རྒྱུས་ཁྲོད་དུ་སྤུར་རྒྱལ་བཙན་པོའི་གདུང་རབས་བཙན་པོ་རིམ་བྱོན་ལས། ངན་མིང་ཡོངས་སུ་གྲགས་པ་ནི་གླང་དར་མ་དང་བདུད་རྒྱལ་གླང་དར་མ། བདུད་སྤྲུལ་གླང་དར་མ་སོགས་མང་དུ་སྤེལ་ནས་དམངས་ཁྲོད་དུ་རྒྱ་ཁྱབ་ཏུ་གྱུར་པ་འདི་ཡིན་ལ། བཙན་པོ་ཁྲི་དར་མ་འུ་དུམ་བརྟན་ཞེས་པ་ནི་ཉུང་ངུ་ཙམ་དུ་ཟད། ཏུན་ཧོང་ཡིག་ཚང་དང་ཡིག་ཚང་ལ་ལར་དར་མ་འུ་དུམ་བརྟན་དང་ཨུ་དུམ་བརྟན་ཞེས་པ་ཅི་རིགས་པ་ཡོད་པ་ལས། ཁྲི་དར་མ་འུ་དུམ་བརྩན་ཞེས་པ་ཕལ་ཆེར་མཐོང་དཀོན་པའི་གནས་སུ་གྱུར་ཡོད་དོ། །
ཉེ་དུས་ཁོ་བོས་ཏུན་ཧོང་ཡིག་ཚངས་གཞིར་བཟུང་བའི་སྒོ་ནས་བཙན་པོ་ཁྲི་དར་མ་འུ་དུམ་བརྩན་གྱི་ལོ་རྒྱུས་དག་སེལ་གྱི་གཏན་ཚིགས་འགའ་ཞེས་པའི་རྩོམ་ཐུང་ཅིག་སྤེལ་བས་ན། ལྟ་ཚུལ་མི་མཐུན་པ་ཅི་རིགས་པ་འབྱུང་བ་ནི་རྒྱུན་ལྡན་ཅན་ཡིན་མོད། ལོ་རྒྱུས་ནི་ལོ་རྒྱུས་རང་ཡིན་པས་དེ་ཉིད་དོན་མཐུན་གང་ཡིན་པ་སོར་འཇོག་བྱ་རྒྱུ་ལས་མ་འདས། དེར་འུ་དུམ་བརྩན་ཞེས་བཀོད་ཡོད་པ་ལ། ཡིག་ཚང་གཞན་དུ་འུ་དུམ་བརྟན་ཞེས་པ་ལས་འུ་དུམ་བརྩན་ཞེས་པ་མ་གྲགས་པས་ཐ་སྙད་རང་བཟོའམ། བརྫུན་བཟོ་བྱས་པ་མ་ཡིན་ནམ། མ་ཡིན་ན་ཁུངས་ཡང་དག་གང་ལ་བརྟེན་པ་ཡིན་ནམ་ཞེས་པའི་དོགས་པར་འབྱུང་ངེས་པས། དེ་ཉིད་གསལ་བཤད་བྱ་རྒྱུ་རང་བབས་སུ་གྱུར་ཡོད་དོ། །
དེ་ཡང་དགེན་བན་ཤུལ་ལགས་ཀྱི་དྲ་ལམ་བརྒྱུད་དེ་ཆེས་གནའ་བོའི་དཔེ་རྙིང་བཙན་པོའི་གདུང་རབས་ཕྱི་མའི་སྐོར་འཁོད་པའི་ཡིག་ཆ་སྟེ། ཤོག་ལྷེ་གཅིག་ཟུར་ཅུང་ཟད་མ་ཚང་བ་ཅིག་མཇལ་བྱུང་བས། དེ་ནི་ཡིག་རྙིང་གལ་པོ་ཆེར་སྣང་ལ། དེར་ཡིག་ཕྲེང་དང་པོར། ༄། གཅུང་ཁྲི་དར་མ་འུ་དམ་བརྩན།གཅུང་དར་མ་ཁྲི་འུ་དུམ་བརྩན་དང་། ཁབ་ཚེས་པོང་ཟ་རྒྱལ་སུམ་ཙན་གྱི་རྗེས་། ཞེས་གསལ་པོར་འཁོད་འདུག་པས། ཡིག་རྙིང་དེ་ཉིད་ཀྱི་ཡི་གེའི་གཟུགས། ཚིག་གི་འགྲོས། ཐ་སྙད་ཀྱི་ཉམས་སོགས་ལས་ཡིག་རྙིང་ཚད་ལྡན་ཁུངས་ཐུབ་ཅིག་ཡིན་པའི་ངེས་པ་བརྟན་པོ་སྦྱིན་ཐུབ་པར་སྣང་བས། འདིར་གནའ་དཔེའི་པར་ཡང་མཉམ་དུ་གཟིགས་ལམ་དུ་ས་ལེར་བཤམས་ཡོད་དོ། །
འདིར་གཅུང་ཞེས་པ་འདི་ཡིས་བཙན་པོ་ཁོང་ནི་བཙན་པོ་ཁྲི་རལ་པ་ཅན་གྱི་གཅུང་པོ་ཡིན་ལུགས་གསལ་པོར་བསྟན་འདུག་ཅིང་། ཏུན་ཧོང་ཡིག་ཚངས་དང་གཅིག་གྱུར་ཡིན་འདུག་པས། རང་རེའི་ཡིག་ཚངས་མང་པོར་གཅེན་དར་མ་དང་གཅུང་ཁྲི་རལ་ཡིན་ཚུལ་བཤད་པ་སྟེ། ས་ཆེན་གྲགས་རྒྱན་གྱི་བོད་ཀྱི་རྒྱལ་རབས་ལས། བར་པ་གླང་དར་སྤྲེལ་མགོ་ཆུ་མོ་ལུག །བཅོ་ལྔ་ལོན་ནས་ཡབ་འདས་སོ་དགུ་ལ། །གཅུང་འདས་དེ་ནི་རྒྱལ་སྲིད་བཟུང་ནས་ནི། །ཟླ་བ་དྲུག་ཏུ་ཚུལ་བཞིན་རྒྱལ་པོ་བྱས། །ཞེས་པ་དང་། ཚལ་པའི་དེབ་དམར་ལས། ནུ་བོ་རྒྱལ་སྲིད་བསྐོས་པའི་སྙིང་ནད་ལ། བོད་དུ་སངས་རྒྱས་བསྟན་པ་བསྣུབས་སོ། །ཞེས་སོགས་བཀོད་པ་རྣམས་མ་དག་རྒྱུན་འབྱམས་ཡིན་པ་གསལ་སྟོན་བྱས་འདུག་གོ །
དེ་བཞིན་དར་མ་ཁྲི་འུ་དུམ་བརྩན་ཞེས་པ་འདི་ཡང་ཡིག་ཆ་རྙིང་པ་གཞན་ལ་ཧ་ཅང་མཐོང་དཀོན་པ་ཞིག་ཡིན་ཞིང་། ལྷག་པར་དུ་བརྩན་ཞེས་པའི་ཡིག་འབྲུ་འདི་ནི་ཧ་ཅང་གི་རིན་ཐང་ཅན་དུ་གྲུབ་ཡོད་དེ། བཙན་པོ་སྔ་མ་ཀུན་གྱི་མཚན་གྱི་ནང་དུའམ། ཡང་ན་ཕྱིས་སུ་མཚན་གྱི་མཐར་བཙན་ཞེས་པ་འདི་ཉིད་ངེས་པར་དུ་ཡོད་པ་གང་ཞིག་ལ། ཁྲི་དར་མ་ལ་བརྟན་ཞེས་པ་ལས་བཙན་ཞེས་པ་མི་སྣང་བས། འདི་ལ་རྒྱུ་མཚན་ཁ་གསལ་ཡོད་དགོས་ཀྱང་འགྲེལ་བཤད་གནང་མཁན་དཀོན། འདིར་བརྩན་ཞེས་གསལ་པོར་བཀོད་འདུག་པས་ན། གཞན་དུ་གསལ་བའི་བརྟན་ཞེས་པ་འདི་ནི་བརྩན་ཞེས་པའི་ཡིག་རྙིང་གི་གཟུགས་བཤུ་ནོར་བྱུང་བ་ཡིན་མིན་དོགས་པ་ཡོད་ལ། དོན་ལ་མཚན་དངོས་ཁྲི་དར་མ་འུ་དུམ་བརྩན་ཞེས་པ་འདི་ཡིན་པ་ཁ་གསལ་ཁུངས་དག་བསྟན་འདུག་པས། ཚང་མས་ངེས་པར་དུ་དོ་སྣང་མཛད་དགོས་པའི་རྟིང་སྐུལ་བྱས་ཡོད་དོ། །
ཡིག་ཚངས་ཁག་ན་རྒྱལ་པོ་གླང་དར་མ་དང་། བདུད་རྒྱལ་གླང་དར་དང་། དུད་འགྲོའི་མིང་ཅན་སོགས་བཀོད་ཡོད་པ་ནི་བཙན་པོ་དར་མ་སྐུ་གཤེགས་ནས་ལོ་སུམ་བརྒྱའི་རྗེས་སུ་གཞི་ནས་ཐོན་ཚུལ་བོད་རིག་པའི་མཁས་དབང་མཁར་རྨེའུ་ལགས་ཀྱིས་གསུངས་པ་སོགས་གཞན་དུ་ཤེས་པར་བྱ་ཞིང་། གྲགས་རྗེས་མ་བསྙེག་པར་རང་གིས་ལེགས་པར་དཔྱོད་ཤེས་དགོས་ལ། འདིར་རང་གི་རྩོམ་ཐུང་དུ་བཀོལ་བའི་བཙན་པོའི་མཚན་ལ་གསལ་འགྲེལ་ཉུང་ངུ་འདི་ཡང་དཔེ་ཀློག་གི་འབྲས་བུ་གཟུར་གནས་བློ་གསལ་དག་གི་སྤྱན་ལམ་དུ་ཕབ་པ་ལགས་སོ། །
འབྲེལ་ཡོད་འོས་སྦྱོར།