logo

ཁྱུང་པོ་ནང་ཆེན་གྲགས་པར་དཔྱད་པ།

རྩོམ་པ་པོ།:དགེ་བཤེས་གཙུག་གཤེན་རྒྱལ་མཚན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2024-02-27 ཀློག་གྲངས།:
ཁྱུང་པོ་ནང་ཆེན་གྲགས་པ་དང་འབྲེལ་བའི་གནད་དོན་སྐོར་ཞིག་ལ་དཔྱད་པ།
དགེ་བཤེས་གཙུག་གཤེན་རྒྱལ་མཚན།
 
[ནང་དོན་གནད་བསྡུས།] རྩོམ་ཡིག་འདིར་དུས་ཡུན་རིང་པོར་ཡིག་ཆ་འཚོལ་སྡུད་དང་། ཡུལ་དངོས་རྟོག་ཞིབ། ངག་རྒྱུན་བཅར་འདྲི། ལྷག་ཏུ་ཁྱུང་རབས་ཡིག་ཚང་ལ་གཟབ་ནན་གྱིས་ཞིབ་འཇུག་བྱས་ཏེ། དུས་རབས་བཅུ་གསུམ་པའི་ནང་བྱོན་པའི་བོན་གྱི་ལོ་རྒྱུས་མི་སྣ་ཁྱུང་པོ་ནང་ཆེན་གྲགས་པ་ལགས་ཀྱི་འཁྲུངས་ཡུལ་དང་། འཁྲུངས་འདས་ལོ་ཚིགས་སྐོར་གཏན་འབེབས་བྱས་ཡོད་ལ། དེང་གི་ཁམས་ཁྱུང་པོ་སྟེང་ཆེན་ཕྱོགས་སུ་རྒྱ་རྗེ་ཉི་མ་འབྲུག་གྲགས་དང་ཁྱུང་པོ་གཉིས་གདན་ས་བརྗེ་ལེན་བྱས་པའི་སྐོར་གྱི་ངག་སྒྲོས་ཡོད་པ་དེ་ལ་ཚན་རིག་དང་མཐུན་པའི་ཞིབ་འཇུག་ཐབས་ལམ་སྤྱད་དེ་གཏམ་རྒྱུད་དེའི་བྱུང་རིམ་དང་ས་བོན་གང་ཡིན་གསལ་པོར་བཤད་དེ། ཁམས་ཁྱུང་ཡུལ་དུ་རྒྱ་བོད་ཧོར་གསུམ་གྱིས་དབང་བསྒྱུར་མྱོང་བའི་གནས་ཚུལ་དང་འབྲེལ་བའི་དཔྱད་བརྗོད་ཅིག་ཡིན།
[གནད་ཚིག] ཁྱུང་པོ་ནང་ཆེན་གྲགས་པ། རྒྱ་རྗེ་ཉི་མ་འབྲུག་གྲགས། ཁྲ་རྒན་ཉི་མ་འབྲུག་འཕྲུལ། མན་ཆིང་རྒྱལ་རབས།
 
དང་པོ། ཁོང་གི་འཁྲུངས་ཡུལ་སྐོར།
       ཁོང་གི་འཁྲུངས་ཡུལ་སྐོར་འབྲེལ་ཡོད་ཡིག་ཆ་ཁག་ཏུ་གསལ་པོ་ཞིག་བཀོད་པ་ཕྲན་གྱིས་མ་མཐོང་། «ཁྱུང་པོའི་དཀར་ཆབ་ཆེན་མོ»སོགས་ཁྱུང་རབས་ཕལ་ཆེར་ཞལ་མཐུན་པར། ཁོང་ནི་དབུས་ཀྱི་བྱིའུ་ལུང་མདའ་རུ་ཧོར་གོ་དན་གྱི་དམག་དཔོན་དོར་རྟ་ནག་པོས་ཁྱུང་སྒར་བརླགས་པའི་དུས་སྐབས་དེར་འཁྲུངས་པར་བཤད་ཅིང་། ཁྱུང་རབས་འགའ་ཞིག་ལས་ཁོང་ཧོར་དམག་ལྷགས་པའི་ནངས་མོར་འཁྲུངས་པ[1]བཤད་ཡོད། དེས་ན་ང་ཚོས་ཁོང་ནི་དབུས་ཀྱི་བྱིའུ་ལུང་མདའ་རུ་འཁྲུངས་པ་རྟོགས་ཐུབ། འོ་ན། དབུས་ཀྱི་བྱིའུ་ལུང་མདའ་ཞེས་པ་ས་གནས་གང་ཞིག་ཏུ་ཡོད་ཟེར་ན། དྲི་བ་འདི་ལ་ལན་མ་བཏབ་པའི་སྔོན་ལ། ང་ཚོས་ཐོག་མར་ཁྱུང་པོ་དང་འབྲེལ་བའི་གནས་ཚུལ་ཁ་ཤས་ལ་རྒྱུས་ལོན་མདོར་བསྡུས་ཤིག་དགོས་པ་རེད། ཕལ་ཆེར་དུས་རབས་བཅུ་པའི་གཡས་གཡོན་དུ་མངའ་རིས་ཁྱུང་ལུང་དངུལ་མཁར་ཕྱོགས་སུ་ཁྱུང་པོའི་རུས་རྒྱུད་འཛིན་པའི་བླ་དཔོན་ཁག་ལ་སྲོག་ཁྲིམས་བཅད་པ་སོགས་འཇིགས་པ་ཚབས་ཆེན་ཐེབས་པས་ཁྱུང་པོ་རྣམས་ཡུལ་དེར་སྡོད་མ་ཚུགས་པར་ཕྱོགས་མཚམས་སུ་བྲོས་བྱོལ་ཕེབས་དགོས་བྱུང་བ་རེད། སྐབས་དེར་ཁྱུང་པོ་མུ་ལངས་སོགས་མངའ་རིས་ནས་དབུས་གཙང་དུ་ཕེབས་ཤིང་། རིམ་བཞིན་ལྷོ་ལམ་དེད་དེ་ཀོང་པོ་དང་སྤུ་བོ་ལ་ནག[2]སོགས་བརྒྱུད་དེ་མདོ་གམ་ཕྱོགས་སུ་ཕེབས་པ་རེད། ལྷག་པར་དུ་ཁྱུང་སྒོམ་མུ་ལངས་འབྲི་རྒྱུད་ཀྱི་རག་ཏག[3]ན་བཞུགས་ཏེ་གདན་ས་བཏབ་ཅིང་གདུང་རྒྱུད་སྤེལ། མུ་ལངས་མཆོག་གི་སྲས་ཁུ་བྱུག ཁུ་བྱུག་ལ་སྲས་གསུམ་ཡོད་པ་ནི་སྟག་པ་དང་ཟུར་དཀའ་བ། མདོ་བཀྲ་བ་བཅས་ཡིན། སྟག་པས་ཡབ་ཀྱི་གདན་ས་བཟུང་སྟེ་རག་ཏག་ཏུ་བཞུགས། ཟུར་དཀའ་པའི་གདུང་རྒྱུད་ཏྲེ་ཤོད་ཕྱོགས་སུ་འཕེལ། མདོ་བཀྲ་བའི་རྒྱུད་སྨར་ཁམས་ཕྱོགས་སུ་མཆེད་པ་སོགས་ཁྱུང་པོའི་གདུང་རྒྱུད་ཁག་སོ་སོར་གྱེས་པའོ། །སྟག་པའི་སྲས་མྱེས་འཚབ་ཡིན། དེས་འདན་བཟའ་ཁབ་ཏུ་བཞེས་པ་ལ་སྲས་བཞི་འཁྲུངས་པ་ནི། ཆེ་བ་སྟོན་འབར། དེ་འོག་དམ་པ་ཁྱུང་སྒོམ། དེ་འོག་སྟོན་ལུགས། ཆུང་བ་མཁས་པ་ཁྱུང་དབུས་ཏེ་དེ་བཞི་ལ་འདན་ཚ་བུ་བཞི་ཟེར། སྟོན་འབར་གྱི་སྲས་སྟོན་ཐར། སྟོན་ཐར་གྱིས་རྒྱལ་རབ་མདའ་བཟའ་དབྱི་སྤ་མ་བྱ་བ་ཁབ་ཏུ་བཞེས་པ་ལས་སྲས་དྲུག་བྱུང་བ་ནི། ཆེ་བ་སྟོན་སྲས། དེ་འོག་ཁྱུང་དབུས་རིན་པོ་ཆེ་ཤེས་རབ་རྒྱལ་མཚན། དེ་འོག་སྟོན་གཉེན་དམ་པ་བང་བཀྲ། དེ་འོག་དགེ་བཤེས་ཡེ་ཤེས་དཔལ། དཔོན་དབུས་ཡང་ཟེར། དེ་འོག་དགེ་བ་རྒྱལ་མཚན། དཔོན་དགེ་ཡང་ཟེར། ཆུང་བ་སྟོན་འབུམ། ཨ་འབུམ་ཡང་ཟེར། འདི་རྣམས་ལ་རྒྱ་ཚ་སྤུན་དྲུག་བྱ་བ་ཡིན། སྟོན་འབུམ་གྱི་སྲས་ནང་ཆེན་གྲགས་པ་རྒྱལ་མཚན་ཡིན་ནོ། །
       ཁྱུང་པོའི་གདུང་འཛིན་ཁག་འབྲི་རྒྱུད་ཀྱི་རག་ཏག་སོགས་སུ་གཞིས་ཆགས་པ་དང་ཡུལ་ཁམས་དེའི་མི་སྡེས་གུས་བཀུར་དང་གདེང་འཇོག་བྱས་ཤིང་། དམ་པ་ཁྱུང་སྒོམ་དང་མཁས་པ་ཁྱུང་དབུས། ཁྱུང་དབུས་ཤེས་རབ་རྒྱལ་མཚན་སོགས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དེ་དག་གིས་མདོ་གམ་སྟོད་སྨད་གང་སར་བོན་བསྟན་དར་སྤེལ་གནང་ཡོད། སྟོན་ཐར་གཞོན་དུས་སུ་འབྲི་རྒྱུད་ཀྱི་གདན་ས་ཁག་ཏུ་ཁྱུང་པོ་བླ་མ་མང་པོ་སྐུ་གཤེགས་པ་དང་འགའ་ཞིག་ལ་གདུང་རྒྱུད་མ་བྱུང་བ་སོགས་ཁྱུང་པོའི་གདུང་རབས་ལ་འཕོ་འགྱུར་བྱུང་བས། ཁོང་དང་མ་ཡུམ་གཉིས་ཡུལ་གྱར་ཚུལ་དུ་རྨ་རྒྱལ་སྤོམ་ར་ན་བཞུགས་པའི་ཁུ་བོ་ཁྱུང་དབུས་རིན་པོ་ཆེ་མཇལ་དུ་ཕེབས། དེ་ནས་ཡུལ་ཕྱོགས་དེའི་རྒྱུད་ནས་རྒྱལ་རབ་མདའ་བཟའ་དབྱི་སྤ་མ་བྱ་བ་ཁབ་ཏུ་བཞེས་པ་ལས་སྲས་རྒྱ་ཚ་སྤུན་དྲུག[4]བྱུང་བ་རེད། སྤྱིར་ན། རབ་བྱུང་གསུམ་པའི་ཤིང་ཡོས(༡༡༩༥)ལོའི་གཡས་གཡོན་ནས་ཧོར་དམག་བོད་ཀྱི་ས་མཚམས་སུ་བསླེབས་པ་དང་བོད་ཀྱི་མི་དྲག་དུ་མས་ཧོར་ལ་དཔྱ་ཁྲལ་འབུལ་ངེས་ཞེས་ངོ་དགའ་བྱས[5]པ་མ་ཟད། བོད་ཁུལ་གྱི་ཆོས་པ་དང་དཔོན་སྡེ་སོ་སོས་ཧོར་གྱི་རྒྱལ་སྲས་སོ་སོར་འབྲེལ་གཏུག་དང་ཁྲལ་འཇལ་བྱས་པ་ཡིན་འདུག་སྟེ། དུང་དཀར་ཚིག་མཛོད་ཆེན་མོ་ལས། “གོ་དན་ཁྲི་ལོ་དྲུག་པ་ས་ཕག(༡༢༣༩)ལོར། ས་སྐྱ་བ་དང༌། ཕག་གྲུ། འབྲི་གུང༌། ཚལ་པ། སྟག་ལུང་བཅས་ཀྱི་མི་སྣ་རྣམས་སོག་ཡུལ་དུ་མངགས་ནས་སོ་སོས་རྒྱབ་རྟེན་བཅོལ་ས་རེ་བཙལ་ཏེ། འབྲི་གུང་པ་དང་གཙང་མགུར་མོ་བས་རྒྱལ་སྲས་མོང་གོལ་ཧན(蒙哥汗)ལ་མགོ་བཏགས། ས་སྐྱ་བ་དང་ལྷ་སྡེ་གཞུང་པ་གཉིས་ཀྱིས་རྒྱལ་པོ་གོ་དན(阔端)ལ་མགོ་བཏགས། ཚལ་པས་རྒྱལ་སྲས་ཧུ་པེ་ལི་སེ་ཆེན(忽必烈)ལ་མགོ་བཏགས། ཕག་གྲུ་དང༌། གཡའ་བཟང་པ། ཐང་པོ་ཆེ་པ་བཅས་ཀྱིས་རྒྱལ་སྲས་ཧུ་ལི་ཧུ(旭烈元)ལ་མགོ་བཏགས། སྟག་ལུང་པས་རྒྱལ་སྲས་ཨ་རི་བོ་ག(阿里不哥)ལ་མགོ་བཏགས་པ་བཅས་བྱས།”[6]ཞེས་གསལ་བས་ཤེས་ཐུབ། ཧོར་གྱི་རྒྱལ་སྲས་འདི་དག་ཀྱང་ནང་ཕན་ཚུན་འགལ་བ་ཡོད་པ་བོད་ཀྱི་ལོ་རྒྱུས་ཡིག་ཆ«གཡུ་ཡི་ཕྲེང་བ»ནང་བཀོད[7]ཡོད་པ་རེད། སྐབས་དེར་མདོ་གམ་སྨད་ཀྱི་ཡུལ་སྡེས་ཧོར་རྒྱལ་གོ་དན་ཕྱོགས་གཏོགས་ལ་ཁྲལ་འཇལ་དགོས་པ་འདྲ་བས། ཁྱུང་རབས«གསེར་སྒམ»ལས་བཤད་པ་ལྟར་སོག་པོས་ཁྱུང་པོའི་མངའ་ཁུལ་ལ་ཞིང་འབྲོག་ཐོན་རྫས་རྟ་ནོར་མི་རྒྱུ་སོགས་ཁྲལ་དང་འུ་ལག་ཤུགས་ཆེན་བསྐུལ་བས་ཡིན་ནམ། ཡང་ན་དོན་རྐྱེན་ཅི་ཞིག་གིས་རྐྱེན་པས་ཁྱུང་པོ་རྒྱ་ཚ་སྤུན་དྲུག་གིས་ཡུལ་དེའི་མི་སྡེ་ཚ་བེ་དང་ཁྲོམ་ཚང་སོགས་ཁྲིད་ནས་མདོ་གམ་སྟོད་དུ་ཡར་ཡོང་སྟེ་འབྲི་གུང་སྐྱོབ་པ(༡༡༤༣-༡༢༡༧)རིན་པོ་ཆེར་ས་གཡར་ཞུས[8]ནས་དབུས་ཀྱི་བྱིའུ་ལུང་མདའ་རུ་སྒར་བཏབ་ནས་བསྡད་འདུག མདོ་སྟོད་ཕྱོགས་ཀྱི་ས་ཆ་དང་ཡུལ་སྡེ་མང་པོ་ཞིག་སྐབས་དེར་འབྲི་གུང་ཚང་ལ་དབང་ཞིང་། འབྲི་གུང་ཚང་གིས་ཧོར་རྒྱལ་མོང་གོལ་ཧན་ལ་རྒྱབ་རྩ་བཅོལ་བས་ཁྱུང་པོས་ཀྱང་རང་བཞིན་ཤུགས་ཀྱིས་ཧོར་རྒྱལ་མོང་གོལ་ཧན་ལ་འབྲེལ་གཏུག་བྱས་པ་དང་། མོང་གོལ་ཧན་གྱིས་ཁྱུང་པོ་དཔོན་དགེ་དང་དཔོན་དབུས་གཉིས་ལ་དོ་ཡོན་གྱི་གོ་གནས་སྤྲད་པ་ཡིན་འདུག དེར་བརྟེན། རབ་བྱུང་བཞི་པའི་ལྕགས་བྱི(༡༢༤༠)ལོར་གོ་དན་གྱིས་བློན་ཆེན་དོར་རྟ་མངགས་ཏེ་ཁྱུང་པོའི་སྟོབས་ཤུགས་མེད་པར་བཟོས་པ་དང་འབྲི་གུང་གི་མངའ་ཐང་ལ་ཡང་ཚོད་འཛིན་གང་འཚམ་བྱས་ཡོད། ཧོར་གྱིས་ཐབས་མཁས་སྒོས་ཁྱུང་པོ་ཨ་བླ་ཧོར་ཡུལ་དུ་ཁྱེར་ཏེ་ནར་སོན་པ་དང་སྔར་གྱི་ཁྱུང་པོའི་གདན་ས་རྙིང་པ་འབྲི་རྒྱུད་རག་ཏག་ཏུ་བཞུགས་བཅུག་པ་དང་། ཁོང་གི་གཅུང་པོ་ནང་ཆེན་གྲགས་པ་ཡང་མདོ་སྟོད་ནས་ཕྱིར་རག་ཏག་ཏུ་ཁྲིད་དེ་མདོ་གམ་བོན་སྡེ་སྤྱི་ཡི་བླ་དཔོན་དུ་བསྐོས་པ་རེད། འདིར་མང་པོ་ཞིག་གིས་ནང་ཆེན་གྲགས་པ་ཆུང་དུས་མདོ་སྟོད་དབུས་ཀྱི་བྱིའུ་ལུང་མདའ་རུ་བཞུགས་པ་ལ། ནར་སོན་པ་དང་ཕྱིར་འབྲི་རྒྱུད་རག་ཏག་ཏུ་ཕེབས་དགོས་པའི་རྒྱུ་མཚན་ཤེས་ཀྱིན་མེད། དེ་ནི་མདོ་སྟོད་ནི་སྔར་བཞིན་འབྲི་གུང་ལ་དབང་ཆེ་བ་དང་། མདོ་སྨད་ནི་ད་གཟོད་སེ་ཆེན་ཕྱོགས་གཏོགས་ཀྱིས་བདག་བྱས་པས། ཁོ་ཚོས་ཐད་ཀར་ཁྱུང་པོ་དང་ཁྱུང་པོའི་ལྷ་སྡེ་ལ་ཐད་གཏོགས་བྱེད་ཆོག་པས་རེད། དེ་ནས་བཟུང་སྟེ་ཁྱུང་པོ་དང་འབྲི་གུང་བར་གྱི་འབྲེལ་ལམ་ཆད་དེ་ས་སྐྱ་དང་འབྲེལ་ལམ་ཆགས་པས་མ་ཚད། རབ་བྱུང་ལྔ་པའི་ལྕགས་སྟག(༡༢༩༠)ལོར་ཁྱུང་པོ་མདོ་གམ་དམག་དང་ལྷན་དུ་འབྲི་གུང་གླིང་ལོག་གི་དམག་འཁྲུག་ནང་མཉམ་ཞུགས་བྱས་ཡོད་པ་རེད།
       དཱ་དྲི་བ་དངོས་ལ་བབ་ན། ཁྱུང་རབས་ཁག་ནས་གསལ་བའི་དབུས་ཀྱི་བྱིའུ་ལུང་ཞེས་པ་གང་ལ་ཡོད་མེད་ཐད་དེང་གི་ཆར་བཞེད་པ་མི་མཐུན་པ་བྱུང་ཡོད་དེ། ཁ་ཅིག་གིས་སོག་གཡུང་དྲུང་གླིང་གི་ཕྱོགས་སུ་ཡོད་པ་ངོས་འཛིན་པ[9]དང་། ཁ་ཅིག་གིས་ཁྱུང་པོ་ག་ངས་དགོན་གྱི་ཕྱོགས་སུ་ཡོད་པ་ངོས་འཛིན[10]བྱེད་ཀྱིན་ཡོད། ཕྲན་གྱིས་འབྲེལ་ཡོད་གནད་དོན་ཁག་ལ་དཔྱད་ཞིབ་བྱས་པ་བརྒྱུད་ཁྱུང་པོ་ག་ངས་ཕྱོགས་སུ་ཡོད་པ་ཁས་ལེན་བཞིན་ཡོད། དེང་གི་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་ཁྱུང་པོ་སྟེང་ཆེན་རྫོང་གི་སྟོད་ཕྱོགས་ག་ངས་ཤང་གི་ཉེ་འགྲམ་དུ་ག་ངས་ཁ་ཞེས་པར་སྔར་ག་ངས་དགོན་གྱི་ཆགས་ཤུལ་དང་། དེ་དང་ཐག་མི་རིང་བའི་སར་སྒྱེའུ་ལུང་ཞེས་པའི་ལུང་ཆུང་ཞིག་ཡོད་པ་དང་དེའི་ནང་དགོན་པ་ཞིག་ཡོད་ཅིང་ལུང་མདའ་རུ་ཡུལ་སྡེ་ཁ་ཤས་ཆགས་ཡོད། དགོན་དེའི་ལོ་རྒྱུས་ནང་དགོན་པ་དེ་ནི་ཁྱུང་ཨ་བླའི་གདན་ས་ཡིན[11]ཞེས་བཀོད་འདུག ཁྱུང་པོའི་དཀར་ཆབ་ཆེན་མོ་ལས“ད་ལྟ་དབུའི་བྱིའུ་ལུང་ལ་དགོན་པ་བཏབ་འཕྲོད་ཡོད་ཀྱང་། བྱིའུས་ཁྱུང་མི་ཁྱགས། དེ་སྔར་ཡང་མ་འཕྲག་གསུངས་ནས། ནང་ཆེན་གྲགས་པ་རྒྱལ་མཚན་གྱིས་སྐུ་ཚེའི་སྟོད་དུ་སྒར་པ་བཀྱགས། དབུ་ལེ་དར་ཐང་ན་ཤེས་ཆེར་མཛད།”ཅེས་གསལ་ཡོད། ང་རང་ཆུང་དུས་སུ་རྨོ་བོ་ལགས་ཀྱི་འགྲམ་ནས་ག་ངས་དགོན་སོག་དམག་གིས་བཏུལ་བ་དང་། ཁྱུང་པོ་དཔོན་དགེ་དཔོན་དབུས་གཉིས་ཀྱི་དབུ་བཅད་པ། སྐབས་དེར་སྲིད་པ་རྒྱལ་མོས་རྡོ་ཆར་ཕབ་པ་སོགས་ཀྱི་ངག་སྒྲོས་ཡང་ནས་ཡང་དུ་ཐོས་མྱོང་། ངག་སྒྲོ་འདི་དག་ནི་དེང་སང་ཡུལ་ཤོག་ཁའི་ཁ་ཕོ་ཤེད་དང་ཀླད་ལ་རྒྱ་རྩོད་བྱེད་དུ་གསར་བཟོ་བྱས་པ་ཞིག་མ་ཡིན་པར་ང་རང་གིས་ཆུང་དུས་ནས་གོ་མྱོང་བ་ཞིག་ཡིན། ཕྲན་གྱིས་དབུས་ཀྱི་བྱིའུ་ལུང་ཁྱུང་པོ་ག་ངས་ཕྱོགས་སུ་ཡོད་པ་གོང་གི་ངག་རྒྱུན་དེ་ཙམ་གྱིས་བསྒྲུབས་པ་མ་ཡིན་པར་དེ་ལས་གཞན་པའི་རྒྱུ་མཚན་ཁ་ཤས་ཡོད་དེ། གཅིག ཁྱུང་རབས་ཁག་ནས་སྐབས་དེར་ཧོར་གྱིས་ཁྱུང་པོ་སྟོར་བརླག་གཏོང་དོན་ནི་ཁྱུང་པོས་མདོ་སྨད་ནས་ཚ་བེ་དང་ཁྲོམ་ཚང[12]སོགས་ཡུལ་སྡེ་ཁ་ཤས་ཡར་མདོ་སྟོད་ཕྱོགས་སུ་ཁྲིད་པས་ལན་པ་དང་། གཞན་ཡང་ཁྲོམ་ཚང་གི་མི་ངན་ཞིག་གིས་བསམ་གཟས་ནས་ཧོར་གྱི་གསེར་ཡིག་པའི་རྟ་བརྐུས་ཏེ་ཁྱུང་པོའི་རྟ་ར་ནང་བཏང་བས་ལན་པ་བཤད་ཡོད། འདི་དག་ལ་བརྟགས་ན་སྐབས་དེར་ཧོར་དམག་གིས་ཁྱུང་སྒར་བརླག་དོན་དེ་ཁྲོམ་ཚང་དང་འབྲེལ་བ་ཞིག་ཏན་ཏན་ཡོད་པ་ཚོད་དཔག་བྱེད་ཐུབ། ད་ལྟ་ཁྲོམ་ཚང་ལ་ཤོག་ཁ་བཞི་ཡོད་ཅིང་། འགག་གོང་དང་གཞུང་ཐ་གཉིས་ནི་དེང་གི་ནག་ཆུ་སྦྲ་ཆེན་རྫོང་ཁོངས་སུ་གནས་ཡོད། དྲིལ་རོང་དང་ཡུལ་པ་གཉིས་ནི་དེང་གི་ཆབ་མདོ་སྟེང་ཆེན་རྫོང་ཁོངས་སུ་གནས་ཡོད། འདི་དག་སྔར་བདེ་པ་གཞུང་གི་དུས་སུ་དཔོན་འགོ་གཅིག་གི་མངའ་ཞབས་ཡིན་ལ་ཧོར་ཚོ་སོ་དགུ་ལས་ཚོ་ཁག་གཅིག་ཡིན། ཁྲོམ་ཚང་འགག་གོང་ནི་ག་ངས་དགོན་གྱི་ནུབ་ཕྱོགས་སུ་ཡོད་ལ། གཞུང་ཐ་ནི་ག་ངས་དགོན་གྱི་ལྷོ་ནུབ་ཏུ་ཡོད། དྲིལ་རོང་ནི་ག་ངས་དགོན་གྱི་ལྷོ་ཕྱོགས་སུ་ཡོད། ཡུལ་པ་ནི་ག་ངས་དགོན་གྱི་ཤར་ལྷོའི་ཕྱོགས་སུ་གནས་ཡོད། ཡུལ་སྡེ་འདི་དག་སོག་གཡུང་དྲུང་གླིང་དང་བསྡུར་ན་ག་ངས་དགོན་དང་ཐག་ཉེ་བ་ཡིན། གཉིས། ཁྱུང་རབས་ཁུངས་བཙུན་དག་ལས་སྐབས་དེར་ཁྱུང་པོ་ཧོར་དམག་གིས་བརླགས་ཤུལ་དུ་འོ་བརྒྱད་མི་སྡེས་དཔོན་དགེ་དཔོན་དབུས་གཉིས་ཀྱི་གདུང་ཞུགས་ལ་ཕུལ་བ་དང་གདུང་འབུམ་བཞེངས་པ། ནང་ཆེན་གྲགས་པ་མ་བུ་གཉིས་ལ་བདག་སྐྱོང་གནང་བ་སོགས་ཁྱུང་པོ་ཚང་ལ་བཀའ་དྲིན་ཆེན་པོ་བསྐྱངས་པ་གསལ་ཡོད། འདིའི་ཐད་ནས་ཕྲན་གྱི་རྩོམ་ཡིག་གཞན་པ་ཞིག་ལས་དུམ་བུ་ཞིག་དྲངས་ཏེ་བཀོད་ན། “སྤྱི་ལོ༡༢༤༠ལོར་ཧོར་དམག་ལན་ཀྲུའུ(凉州)ནས་ཡོང་སྟེ། བྱང་ལམ་དེད་དེ་དེང་གི་ཡུལ་ཤུལ་དང་ནང་ཆེན་བརྒྱུད། རུ་གཞུང་ཕྱོགས་ནས་ག་ངས་སུ་ཡོང་སྟེ་དགོན་པ་བཏུལ་བ་དང་། ཁྱུང་སྒར་འཐོར་ནས་དཔོན་དགེ་དཔོན་དབུས་གཉིས་ག་ངས་ནས་ག་ཐ་བརྒྱུད་གེ་ཤག་གོང་ནས་བྲོས་ཕྱིན་པས་དེང་གི་རྨ་རོང་དང་ཁྲོམ་ཚང་འགག་སྟོད་གཉིས་ཀྱི་མཚམས་སྐུ་འབུམ་ཁུག་ཅེས་པའི་སར་སླེབས་སྐབས་ཧོར་དམག་གིས་རྗེས་ཟིན་ཏེ་སྐུ་བཀྲོངས། དེང་སང་ཡང་ས་མིང་ལ་སྐུ་འབུམ་ཁུག(ཡུལ་མི་འགས་རྡོ་འབུམ་ཁུག་ཀྱང་འབོད)ཅེས་འབོད་པ་དང་རྡོ་འབུམ་མང་པོ་ཡོད།སྔོན་མ་ས་གནས་དེར་ཁྱུང་པོ་དཔོན་དགེ་དཔོན་དབུས་གཉིས་ཀྱི་གདུང་འབུམ་བརྩེགས་པའི་བཤད་སྲོལ་ཡོད། ཁྱུང་པོ་བློ་གྲོས་རྒྱལ་མཚན་མཆོག་གིས་བརྩམས་པའི«ཁྱུང་པོའི་དཀར་ཆབ་ཆེན་མོ»ལས། རི་རྩེ་སྐུ་འབུམ་ཀྱང་འོ་བརྒྱད་ཀྱིས་བཞེངས་ཏེ་བྱིན་རླབས་ཤིན་ཏུ་ཆེའོ། །དུས་ད་ལྟ་ཡང་དེའི་ས་རྡོ་ནང་ནས་རྡོ་དུང་དང་ཤ་རི་རམ་ལ་སོགས་རྟེན་མང་དུ་བྱོན་པ་ནི་གདུང་རུས་ཕོག་པ་དང་མཚལ་ཁྲག་འཐོར་བ་ལས་གྲུབ་པའོ། །ཞེས་དབུས་ཀྱི་རི་རྩེར་འོ་བརྒྱད་མི་སྡེས་གདུང་འབུམ་བཞེངས་པ་བཤད་ཡོད། ཁྱུང་རབས་རྒོད་ཚང་མ་ལས། བྱང་རི་རྩེ་བར་དུ་དེད་ནས་དེར་བསྒྲུངས་ཞེས་གསལ་ལ། ཁྱུང་རབས་དཀར་ཆབ་ཆེན་མོ་ལས། ཡང་ལྷ་གཉན་མགོན་བར༡། བོད་ཡུལ་གྱི་བྱང་རྩེ་སྒང་བར་དུ་ཕེབས་ནས། བེ་རི་ཨ་ཡག་གི་བུ་མོ་ལ་སྲས་༡ཡོད་པ་དེ། ཕུར་བུ་མགོན་ཡིན། ཞེས་བཤད་ཡོད། བྱང་རྩེ་སྒང་འདི་ཁྱུང་རབས་མང་པོ་ཞིག་ནས་སྤུ་ལ་ཁའི་ཕྱོགས་སུ་ཡིན་པ་བཤད་ཡོད། རྨ་རོང་གེ་ཤག་གོང་ནི་སྤྱིར་ན་དབུས་གྱིམ་ཤོད་ཀྱི་བྱང་དུ་གཏོགས་པ་དང་། ཁྱུང་པོའི་བྱང་སྡེ་ཡིན་པས་ནམ་རྒྱུན་བྱང་གེ་ཤག་གོང་ཞེས་འབོད་སྲོལ་ཡོད་པ་དང་། ཡུལ་ཁམས་འདིའི་གཡས་གཡོན་གྱི་ས་ཆ་གཞན་ལས་ས་བབ་མཐོ་བ་ཡིན་པས་གོང་ངམ་ཁྱུང་རབས་སུ་རི་རྩེ་ཞེས་སྨོས་ཡོད། འོ་བརྒྱད་མི་སྡེ་གང་དུ་ཡོད་དམ་ཞེ་ན། གུས་པས་འཚོལ་ཞིབ་དང་འདྲི་རྩད་བྱས་པ་བརྒྱུད། རུས་རིགས་འོ་བརྒྱད་དུ་གཏོགས་པ་མང་པོ་ཞིག་དེང་གི་སྦྲ་ཆེན་རྫོང་རྐྱང་སྨད་ཤང་གི་ཡེ་ཐ་བར་ཐ་གྲོང་དང་མཾ་མཐའ་གྲོང་། རོང་ཆེན། འབུ་ཚབ་སོགས་སུ་གཞིས་ཆགས་འདུག རྒན་རབས་འོ་བརྒྱད་ནམ་མཁའ(1953-)ལགས་ནས་གསུངས་པ་ལྟར་ན། སྦྲ་ཆེན་རྐྱང་སྨད་ཤང་གཅིག་པུ་ལའང་འོ་བརྒྱད་དུད་ཁ་བརྒྱ་ལྷག་ཙམ་ཡོད་ཟེར། གཞན་གཉན་རོང་རྫོང་དང་སོག་རྫོང་། རྫ་སྟོད་རྫོང་སོགས་སུ་འོ་བརྒྱད་མི་སྡེ་ཁ་འཐོར་རེ་ཡོད་པར་བཤད། ཡེ་ཐ་བར་ཐ་ནི་གོང་གི་སྐུ་འབུམ་ཁུག་ཅེས་པའི་ས་ཆ་ནས་ཐག་མི་རིང་བའི་སར་གནས་ཡོད། ཡུལ་ཕྱོགས་འདི་དག་ཕལ་ཆེར་སྔར་ཁྱུང་པོའི་ས་ཁོངས་སུ་གཏོགས་པར་བཤད། དེས་ན་སྐབས་དེར་འོ་བརྒྱད་ཡུལ་སྡེའི་གཙོ་བོའི་གནས་སྡོད་ཁུལ་དེ་དེང་གི་ཡེ་ཐ་བར་ཐ་དང་འགག་སྟོད་བཅས་སུ་ཡིན་པ་ལ། ཕྱིས་སུ་གཡས་གཡོན་སྡེ་ཁོངས་སུ་འཐོར་ཞིག་སོང་བ་རྟོགས་ཐུབ། ཁྱུང་རབས་ཁག་ལས། དཔོན་དགེ་དཔོན་དབུས་གཉིས་ཀྱིས་སྔོན་གྱི་ལན་ཆགས་ཀྱིས་དེད་པས་ཧོར་དམག་གི་མཚོན་འོག་ལས་མི་ཐར་བར་མཁྱེན་ཀྱང་ཕྱི་རབས་ལ་ཕན་པའི་ས་བཀྲ་བཟང་པོ་འཚོལ་ཕྱིར་རྟེན་འབྲེལ་བརྟགས་ཤིང་རི་རྩེ་བར་དུ་བྱོན་པར་བཤད་མོད། དོན་དངོས་ནི་ག་ངས་དགོན་ནས་ག་རེ་འགག་དང་རིམ་བཞིན་གེ་ཤག་གོང་བརྒྱུད་དེ་དབུས་ཀྱི་འབྲི་གུང་སར་སྐྱབས་བཅོལ་དུ་སོང་བ་ཞིག་རེད། སྔོན་མ་གྱིམ་ཤོད་ཡུལ་ནས་དབུས་ལ་འགྲོ་དགོས་ན་ལམ་ཁ་གཉིས་འདེམས་ཆོག གཅིག་ནི་གསེར་མདོ་ནས་རྨ་ལ་བཞི་བརྒྱབ་སྟེ་དཔའ་ཟླར་གཏུག་དགོས་ལ། གཞན་དེ་ནི་ག་རེ་འགག་དང་གེ་ཤག་གོང་བརྒྱུད་ནས་འགྲོ་དགོས་པ་རེད། ག་ངས་དགོན་ནས་དབུས་སུ་འགྲོ་དགོས་ན་ག་རེ་འགག་ནས་གེ་ཤག་གོང་དང་འགག་སྟོད་སོགས་བརྒྱུད་དགོས་པ་རེད།”[13]གོང་གི་རྩོམ་ཐུང་ལས་ཁྱུང་པོ་དཔོན་དགེ་དཔོན་དབུས་གཉིས་ཀྱི་སྐུ་བཀྲོངས་ས་དང་གདུང་འབུམ་བཞེངས་ས། འོ་བརྒྱད་མི་སྡེའི་གནས་ཡུལ་སོགས་བཀོད་ཡོད། ས་གནས་འདི་དག་ག་ངས་དགོན་གྱི་བྱང་ངོས་སུ་ཡོད་པ་དང་། ག་ངས་དགོན་དང་དབུས་ཀྱི་བྱིའུ་ལུང་མདའ་རུ་གནས་པའི་ཁྱུང་སྒར་ཧོར་དམག་གིས་འཇོམས་སྐབས་ཁྱུང་པོ་བླ་དཔོན་ཁག་དབུས་ལ་སྐྱབས་བཅོལ་འགྲོ་བའི་ལམ་འགག་དེ་ཏག་ཏག་གོང་དུ་བཀོད་པའི་སྐུ་འབུམ་ཁུག་ཡོད་སར་ཐུག་ཡོད། འདི་ལྟར་ས་བབ་ཆགས་ཚུལ་དང་སྐབས་དེའི་བགྲོད་ལམ། ཁྱུང་པོ་དང་འབྲི་གུང་གི་འབྲེལ་བ། ཡིག་ཆ་ཁག་ནས་དཔོན་དགེ་དཔོན་དབུས་བྱང་རྩེ་རུ་བཀྲོངས་པར་བཤད་པ། སྐུ་འབུམ་ཁུག་དང་འོ་བརྒྱད་མི་སྡེའི་ཆགས་ཡུལ་སོགས་ཕྱོགས་དང་ངོས་མང་པོ་ནས་གཞིགས་ན་དབུས་ཀྱི་བྱིའུ་ལུང་ནི་ག་ངས་དགོན་དང་ཉེ་བའི་དེང་སང་སྒྱེའུ་ལུང་དུ་འབོད་པ་དེ་ཡིན་པ་ཤེས་ཐུབ། སྤྱིར་ན།བྱིའུ་ལུང་དང་སྒྱེའུ་ལུང་གཉིས་སྒྲ་གདངས་ཧ་ཅང་འདྲ་བ་ཡིན་ལ། བྱིའུ་ལ་ཡུལ་སྐད་དུ་སྒྱེའུ་ལྟ་བུ་རང་བཞིན་གྱིས་ཀློག་བཞིན་ཡོད། སྒྱེའུ་འདི་ཡང་ཕྱིས་སུ་འབྲི་སྲོལ་ཆགས་པ་ཞིག་ཡིན། ཡིག་ཆ་འགའ་རེར་རྒྱལ་བུ་ཞེས་བྲིས་པ་ཡང་འདུག[14] སྐད་བརྡ་རིག་པའི་ངོས་ནས་བལྟས་ན། ལོ་བརྒྱད་བརྒྱ་ཙམ་གྱི་རིང་ལ་བྱིའུ་ལུང་ཞེས་པ་སྒྱེའུ་ལུང་ཞེས་སྒྲ་གདངས་ཅུང་ཞིག་འགྱུར་བ་སོང་བ་ནི་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་རེད།
       ཁ་ཅིག་གིས་དབུས་ཀྱི་བྱིའུ་ལུང་མདའ་གང་ལ་ཡིན་མིན་དེ་ས་གནས་དེར་རྡོ་ཆར་ཕབ་པ་འདུག་མིན་བལྟ་དགོས་ཟེར། ག་ངས་ཕྱོགས་སུ་ག་ཆུ་ཆེན་པོ་བཞུར་བཞིན་ཡོད་པས། རྡོ་མང་ཉུང་བསྡུར་ནའང་སོག་གཡུང་དྲུང་གླིང་ལས་མི་དམན་པ་ཡིན་མོད། དེ་ནི་དགོས་པ་ཡོད་པ་ཞིག་མ་མཐོང་སྟེ་བོད་ཀྱི་ལོ་རྒྱུས་ཡིག་ཆ་ལ་ལོ་རྒྱུས་དང་གཏམ་རྒྱུད་འདྲེས་ནས་ཡོད་པ་དང་། གཏམ་རྒྱུད་དང་ལོ་རྒྱུས་སོ་སོ་ཡིན་པ་ནི་དེང་གི་གཞོན་ནུ་ཁག་ལ་གོ་བརྡ་འཕྲོད་སླ་བ་ཡིན། ཁ་ཤས་ཀྱིས་སྐབས་དེར་རྡོ་ཆར་དེང་གི་སྟེང་ཆེན་ཁྱུང་ཉིལ་ལ་གོང་དུ་ཕབ་པར་བཤད་པ་ནི་བཞད་གད་སློང་བའི་རྒྱུ་ཡིན་ཏེ། ཧོར་དམག་གིས་ག་ངས་དགོན་དང་སོག་གཡུང་དྲུང་གླིང་སོགས་བརླགས་ཟིན་ནས་དབུས་ལ་འབྲི་གུང་གཏོར་དུ་ཆས་པ་ལ། མི་དགོས་སར་མར་ཤར་ངོས་ཀྱི་ཡུལ་ཕྱོགས་སུ་རྡོ་ཆར་འབེབ་པ་ནི་འདྲེ་ཤར་སྒོ་དང་གླུད་ནུབ་སྒོ་ཞེས་པའི་དཔེ་ལྟར་རོ།། འབྲི་གུང་གི་ལོ་རྒྱུས་སོགས་སུ་སྤྱན་སྔ་བ་གྲགས་པ་འབྱུང་གནས(1175-1255)ཀྱིས་ཧོར་དམག་ལ་རྡོ་ཆར་ཕབ་པར་བཤད་པ་དང་ཁྱུང་རབས་ཁག་ནས་མ་མཆོག་སྲིད་པ་རྒྱལ་མོས་ཧོར་དམག་ལ་རྡོ་ཆར་ཕབ་པར་བཤད་པ་གཉིས་ལ་ཏན་ཏན་འབྲེལ་བ་ཞིག་ཡོད་པ་འདྲ་མོད། ད་སྔོན་སུས་སུ་ལ་ལད་མོ་བྱས་པ་རྟོགས་མེད། འདི་ལྟར་དཔྱད་ན། ཁྱུང་པོ་ནང་ཆེན་གྲགས་པ་རྒྱལ་མཚན་ལགས་ནི་དེང་གི་ཁྱུང་པོ་སྟེང་ཆེན་ག་ངས་ཤང་གི་ཁོངས་སུ་སྐྱེས་པ་ཤེས་ཐུབ་བོ།། ཡང་འགའ་ཞིག་གིས་དབུས་ཀྱི་བྱིའུ་ལུང་ལབ་འདུག་པས་དབུས་གཙང་ཕྱོགས་སུ་ཡིན་ངེས་སྙམ་སྲིད་མོད། ཁྱུང་རབས་ཁག་ལ་རྒྱུས་མངའ་ཅུང་ཙམ་ལྡན་མཁན་ཞིག་ཡིན་ན་དབུས་ཀྱི་བྱིའུ་ལུང་གི་གནས་ཡུལ་དེ་དབུས་གཙང་ཕྱོགས་སུ་ཡིན་མིན་གྱི་དོགས་པ་སྐྱེ་མི་སྲིད། སྤྱིར་ན། དབུས་ལ་ཡང་སྒྲ་ཡངས་དོག་གི་ཁྱད་དང་ཡུལ་ཁམས་ཆེ་ཆུང་གི་ཁྱད། གཞི་གང་ལ་བཟུང་བ་སོགས་མི་འདྲ་བ་རེད། དཔེར་ན། བོད་ཡུལ་གྱི་དབུས་དང་རྒྱ་གར་ཡུལ་གྱི་དབུས། གནས་རི་ཞིག་ཡིན་ན་དེའི་དབུས་དང་ཕྱོགས་བཞི་མཚམས་བརྒྱད་སོགས་ཡོད་པ་ལྟ་བུ་རེད། གུས་པས་ཁྱུང་ཡུལ་ག་ངས་ཕྱོགས་སུ་དབུས་ཞེས་འབོད་པའི་རྒྱུ་མཚན་འགའ་ཞིག་གླེང་ན། དུས་རབས་བཅུ་གཅིག་པའི་གཡས་གཡོན་དུ་ཁྱུང་པོའི་གདུང་ལས་མཁས་པ་ཁྱུང་དབུས་དང་། ཁྱུང་དབུས་ཤེས་རབ་རྒྱལ་མཚན། དཔོན་དབུས་སོགས་དབུས་མིང་ཅན་གྱི་བླ་རབས་མང་དུ་བྱུང་བ་དང་། ཁྱུང་པོ་བློ་གྲོས་རྒྱལ་མཚན་མཆོག་གིས་བརྩམས་པའི«ཁྱུང་པོའི་དཀར་ཆབ་ཆེན་མོ»ལས་ཁྱུང་དབུས་རིན་པོ་ཆེས་ཞུ་སྒྲོལ་བ་གཤེན་རྒྱལ་ལ་འབུལ་བ་ཕུལ་སྐབས། དེ་རེས་དབུས་མིང་ཐོགས་པ་བཅུ་གསུམ་གྱིས་མགོར་བྱས་པ་སོགས་དང་། དེ་ཕྱིན་ཆད་ཀྱི་གྲྭ་པ་ཐམས་ཅད་ཀྱིས་གཏུགས་ས་ཞུ་ཆེན་སྐུ་མཆེད་གྱི་རྒྱུད་ལ་བྱས།ཞེས་དང་། མཁས་པ་ཁྱུང་དབུས་དང་ཁྱུང་དབུས་རིན་པོ་ཆེ་གཉིས་ཀྱི་རིང་ལ། གྲྭ་བུ་སློབ་ཀྱང་དྲི་དབུས། རྩེ་དབུས། ཁྲོམ་དབུས། སྣིས་དབུས་ལ་སོགས་དབུས་མིང་ཐོགས་པ་བཅུ་གསུམ་གྱིས་ཐོག་དྲངས། ཁམས་བོན་དབུས་གཙང་སྐོར་བའི་སྲོལ་བཙུགས། ཞེས་མདོ་ཁམས་ཕྱོགས་སུ་དབུས་མིང་ཐོགས་པའི་ཁྱུང་པོའི་གདན་ས་བཅུ་གསུམ་ཡོད་པར་བཤད་པས་ག་ངས་དགོན་ནི་དེ་དག་གྲལ་དུ་ཡོད་དམ་སྙམ་མོ། །ས་ཚིགས་ཀྱི་དབང་དུ་བྱས་ན། བོན་གྱི་གཏེར་སྟོན་གྲགས་ཅན་སངས་རྒྱས་གླིང་པ(1705-1735)སོགས་ཀྱིས་གྱིམ་ཤོད་ཁྱུང་ཡུལ་འདི་དབུས་སུ་བཞག་སྟེ། ལྷོ་ཚ་བ་རོང་། ཤར་རྒྱལ་མོ་རོང་། བྱང་ཨ་སྟག་རོང་། ནུབ་ཀོང་པོ་རོང་བཞི་དང་མདོ་ཁམས་ཀྱི་ཤོད་ཆེན་བཅོ་བརྒྱད་ཕྱེས་འདུག་པས་ཁྱུང་ཡུལ་ནི་མདོ་ཁམས་སྟོད་ཀྱི་ཡུལ་དབུས་ཡིན་པ་ཤེས་ཐུབ། གཞན་ཡང་སྐྱང་སྤྲུལ་དྲི་མེད་འོད་ཟེར་མཆོག་གི་གསུང་འབུམ་ལས། ཡང་དབུས་ཕྱོགས་ཁྱུང་པོའི་ཡུལ་ན་སྐྱང་འཕགས་གདུང་རྒྱུད་ཁག་ཅེས་དུད་ཚང་འགའ་རེ་ད་ལྟའང་འདུག་ཟེར། ཞེས་ཁྱུང་ཡུལ་ནི་མདོ་ཁམས་ཡུལ་གྱི་དབུས་ཡིན་པ་གསལ་པོར་བཤད་ཡོད། དེ་ག་ནང་བཞིན་ཤར་རྫ་བཀྲ་ཤིས་རྒྱལ་མཚན(1859-1934)སོགས་ཀྱིས་བརྩམས་པའི་ལོ་རྒྱུས་ཡིག་ཆ་མང་པོར་བར་ཁམས་ཁྱུང་པོ་ཞེས་ཁྱུང་ཡུལ་ནི་ཁམས་ཀྱི་དཀྱིལ་དང་དབུས་མ། བར་མ་སོགས་ཡིན་པར་བཤད་ཡོད།
གཉིས་པ། ཁོང་གི་འཁྲུངས་འདས་ལོ་ཚིགས།
       ཁོང་གི་འཁྲུངས་འདས་ལོ་ཚིགས་སྐོར་ལ། «ཁྱུང་པོའི་དཀར་ཆབ་ཆེན་མོ»ལས“དཔོན་དགེ་དཔོན་དབུས་༢བགྲུངས་ནས་སུ། གཡོག་མོ་ཨ་འཚོ་ཟ་ལ། སྟོན་འབུམ་གྱི་སྲས༡འཁྲུངས་པ་དེ། ནང་ཆེན་གྲགས་པ་རྒྱལ་མཚན་ནོ། དེ་རྒུང་ལོ་བཅུ་༣བཞེས་པའི་དུས་སུ། འཁོར་པ་རྣམས་ཀྱིས་ཇོ་མོ་བཞེས་པར་ཞུས་པས། ངའི་ཁྱིམ་ཐབས་མི་བྱེད་ལྷ་ཆོས་བྱ་དགོས་གསུང་ཡང་། གཙོ་བློན་རྣམས་ཀྱིས་མི་རྒྱུད་ལ་སྐྱོ་ནས་འདན་ཆེན་མ་བསུས་ནས་འོང་བ་ལ། ནང་ཆེན་གྲགས་པ་ཐུག་མུག་ཤིན་ཏུ་ཆེ་ནས་ང་ཅིས་ཀྱང་ལྷ་ཆོས་བྱེད་དགོས། ཁྱེད་རྣམས་ཁྱུང་པོ་ཚང་གི་མི་རྒྱུད་ལ་དེ་ཙམ་དུ་སྐྱོ་ན། ཨ་བླ་འཚོལ་ལ་ཧོར་ཡུལ་དུ་སོང་དང་ད་རུང་མ་བསད་ནས་ཡོད་སྲིད་གསུངས།”ཞེས་དང་། ཡང“ཨ་བླ་དགུང་ལོ་བཅོ་བརྒྱད་བཞེས་དུས་ཧོར་ཡུལ་ནས་ལོན་པས།”[15]ཞེས་གསལ་ཡོད། དེ་བཞིན«ཁྱུང་རབས་རྒོད་ཚང་མ»དང་། «མེ་ཏོག་ཕྲེང་བ» «ལེགས་བཤད་ཕྲེང་བ» «ཁྱུང་པོ་རྒོད་ཚང་ཞེས་སྒོ་ང་ལས་གྲུབ་པའི་ལོ་རྒྱུས»སོགས་ལས་གོང་དང་འདྲ་བར་ཧོར་དམག་གིས་དཔོན་དགེ་དཔོན་དབུས་གཉིས་བཀྲོངས་པའི་སྐབས་སུ་གཡོག་མོ་ཨ་འཚོ་བཟའ་ལས་ནང་ཆེན་གྲགས་པ་ཁོང་འཁྲུངས་པ་དང་། ཨ་བླ་ལོ་དྲུག་ཐོག་ཏུ་ཧོར་ཡུལ་ཁྱེར་བ། ཁོང་དགུང་ལོ་བཅུ་གསུམ་བཞེས་སྐབས་ཨ་བླ་དགུང་ལོ་བཅོ་བརྒྱད་ཡིན་པ་སོགས་བརྒྱ་ཁ་གཅིག་གྲགས་སུ་བཀོད་ཡོད། འདིར་ཁོང་དགུང་ལོ་བཅུ་གསུམ་ཐོག་ཨ་བླ་དགུང་ལོ་བཅོ་བརྒྱད་ཡིན་པ། ཧོར་དམག་སླེབས་སྐབས་ཨ་བླ་དགུང་ལོ་དྲུག་ཡིན་པར་བཀོད་པ། ཁྱུང་རབས་ཁ་ཅིག་ལས་ཁོང་ཧོར་དམག་ལྷགས་པའི་ནངས་མོར་འཁྲུངས་པར་བཤད་པ་སོགས་ལ་གཞིགས་ན། ཁོང་ཧོར་དམག་གིས་ཁྱུང་སྒར་བཅོམ་པའི་ལོ་དེར་འཁྲུངས་པ་ཧ་ཅང་གསལ་པོ་རེད། ཡང«ཁྱུང་རབས་གསེར་སྒམ་མ»ལས“ཁོང་གཉིས་བསྒྲོན་པའི་ནང་མོ་རྒྱ་ཚ་སྤུན་དྲུག་གི་ཆུང་བ་སྟོན་འབར་སྲས་ནང་ཆེན་ཨ་འཚོ་བཟའ་ལ་ཆུ་རྟ་ལོར་ནང་ཆེན་གྲགས་པ་རྒྱལ་མཚན་འཁྲུངས།”[16]ཞེས་གནད་དོན་གཉིས་གསལ་ཁ་བཏོན་ཡོད་པ་ནི། གཅིག ཁྱུང་རབས་གཞན་དག་དང་འདྲ་བར་ནང་ཆེན་གྲགས་པ་ཁོང་ནི་ཧོར་དོར་རྟས་ཁྱུང་སྒར་བརླགས་པའི་སྐབས་སུ་འཁྲུངས་པ་དང་། གཉིས་པ་ནི་ཁོང་གི་དགུང་སྙིང་ཆུ་རྟ་ཡིན་པར་བཀོད་པ་དེ་རེད། «ཞང་བོད་ཚིག་མཛོད་ཆེན་མོ»ལས། ཁོང“ཆུ་རྟ་སྟེ་སྤྱི་ལོ༡༢༢༣ལོར་འཁྲུངས”ཞེས་བཀོད་པ་ནི་གོང་གི་གསེར་སྒམ་ལས་བྱུང་བའི་ཆུ་རྟ་ལོ་དེ་རབ་བྱུང་བཞི་པའི་ཆུ་རྟ་ལོར་ཡིན་པར་བྱས་ནས་བཀོད་པ་ཞིག་ཡིན་པ་གསལ་པོ་རེད། སྤྱིར་ལོ་རྒྱུས་ལ་གོ་རྟོགས་ཅུང་ཙམ་ཡོད་མཁན་ཞིག་ཡིན་ན། གོང་གི་ཡིག་ཆ་ཁག་གི་བྱུང་རིམ་སྔ་ཕྱི་དང་བཞེད་སྟངས་ལ་འཕོ་འགྱུར་གང་འདྲ་སོང་ཡོད་པ་གསལ་པོར་ཤེས་ཐུབ། དེ་ཡང་ཡིག་ཆ་སྔ་མ་དག་ཏུ་ཁོང་ཧོར་དོར་རྟ་ནག་པོ་ལྷགས་པའི་ལོ་དེར་འཁྲུངས་པར་བཀོད་པ་ལ། ཕྱིས་སུ་ཧོར་དམག་ལྷགས་པའི་ནངས་མོར་འཁྲུངས་པ་དང་དགུང་སྙིང་ཆུ་རྟ་ཡིན་པ་གཉིས་གསར་དུ་ཡར་བསྣན་པ། དེ་རྗེས་དགུང་སྙིང་སྤྱི་ལོར་ཕབ་པ་གསལ་པོ་རེད།
       མཚམས་འདི་ནས་ཁོང་གི་དགུང་སྙིང་ཆུ་རྟ་མ་ཡིན་པ་དང་འཁྲུངས་ལོ་རབ་བྱུང་བཞི་པའི་ཆུ་རྟ(༡༢༢༢)ལོར་དེ་བས་ཀྱང་མ་ཡིན་པ། དེ་ལས་ལྡོག་སྟེ་ཁོང་གི་འཁྲུངས་ལོ་ནི་རབ་བྱུང་བཞི་པའི་ལྕགས་བྱི(༡༢༤༠)ལོར་ཡིན་པ་བསྒྲུབ་རྒྱུ་ཡིན། གཅིག གོང་དུ་གླེང་བ་བཞིན་ཁྱུང་རབས་ཡིག་ཆ་ཁག་ལས་ཁོང་ཉིད་ཧོར་དོར་རྟ་ནག་པོས་ཁྱུང་སྒར་བརླགས་པའི་ལོ་དེར་འཁྲུངས་པར་བཤད་ཡོད། ཧོར་དོར་རྟ་ནག་པོས་བོད་ཡུལ་བརླགས་པའི་ལོ་དེ་ནི་ལོ་རྒྱུས་ཡིག་ཆ་ཚད་ལྡན་མང་པོར་རབ་བྱུང་བཞི་པའི་ལྕགས་བྱི(༡༢༤༠)ལོར་ཡིན་པ་བཤད་ཡོད། དེས་ན་ང་ཚོས་ཁོང་རབ་བྱུང་བཞི་པའི་ལྕགས་བྱི(༡༢༤༠)ལོར་འཁྲུངས་པར་ངོས་འཛིན་བྱེད་ཆོག་པ་རེད། གཉིས། ཁྱུང་རབས་ཡིག་ཆ་ཁག་ལས། ཧོར་སེ་ཆེན(1215-1296)རྒྱལ་པོས་རྒྱལ་ས་བཟུང་བའི་སྐབས་སུ་ཁོང་ལ་སྟག་མགོ་ནོར་བུ་བདུན་པ་སོགས་འཇའ་ས་དང་གོ་ཐོབ་བསྩལ་བ་གསལ་ཡོད། ཧོར་སེ་ཆེན་རྒྱལ་པོ་ནི་རབ་བྱུང་བཞི་པའི་ལྕགས་སྤྲེལ(༡༢༦༠)ལོ་ནས་རབ་བྱུང་ལྔ་པའི་ཤིང་རྟ(༡༢༩༤)ལོའི་བར་དུ་ཧོར་གྱི་ཆབ་སྲིད་གོ་གནས་བཟུང་བ་རེད། ནང་ཆེན་གྲགས་པ་ཁོང་དགུང་ལོ་གཞོན་དུས་ནས་ཧོར་གྱིས་མདོ་གམ་བོན་སྡེ་སྤྱི་ཡི་བླ་དཔོན་དུ་བསྐོས་ཏེ་མཚན་ལ་ནང་ཆེན་གྲགས་པ་རྒྱལ་མཚན་གསོལ་བ་ཁྱུང་རབས་ཁག་ལས་གསལ་པོར་ཤེས་ཐུབ། གལ་སྲིད་ཁོང་རབ་བྱུང་བཞི་པའི་ཆུ་རྟ(༡༢༢༢)ལོར་འཁྲུངས་པ་ཡིན་ན་ཧོར་རྒྱལ་མོང་གོལ་ཧན་སོགས་དང་འབྲེལ་བ་ཡོང་སྲིད་པ་ལས་སེ་ཆེན་ཧན་དང་འབྲེལ་བ་ཡོང་དོན་མེད་ཅིང་། ཁོང་འབྲི་གུང་ཚང་ལ་གཙོ་བོ་འབྲེལ་བ་ཡོང་སྲིད་པ་ལས་ས་སྐྱ་དང་འབྲེལ་བ་དམ་ཟབ་ཡོང་དོན་མེད་སྙམ། «ཁྱུང་པོའི་དཀར་ཆབ་ཆེན་མོ»ལས། ཁོང་གི་ཁུ་བོ་དཔོན་དགེ་དཔོན་དབུས་གཉིས་ལ་ཧོར་རྒྱལ་མོང་གོལ་ཧན་གྱིས་འཇའ་ས་གསེར་ཐམ་བསྩལ་བ་དང་། ཁོང་ལ་སེ་ཆེན་ཧན་གྱིས་སྟག་མགོ་ནོར་བུ་བདུན་པ་སོགས་བསྩལ་བར་བཤད་པ། ཁྱུང་རབས་ཁག་ལས་ཁོང་གི་ཁུ་བོ་ཁྱུང་དབུས་ཤེས་རབ་རྒྱལ་མཚན་དང་འབྲི་གུང་པའི་བར་ལ་འབྲེལ་བ་དམ་ཟབ་ཡོད་པ། ཁོང་དང་ས་སྐྱ་ཚང་བར་འབྲེལ་ལམ་ཟབ་པ། ཁོང་ཧོར་དོར་རྟ་ནག་པོས་ཁྱུང་པོ་བརླགས་པའི་ལོ་དེར་འཁྲུངས་པར་བཤད་པ་སོགས་ཕན་ཚུན་ལོ་ཚིགས་ཏག་ཏག་འགྲིག་གི་ཡོད་པ་རེད། གསུམ། «ཁྱུང་པོའི་དཀར་ཆབ་ཆེན་མོ»ལས། འབྲི་གུང་གླིང་ལོག་གི་དོན་རྐྱེན་བྱུང་བའི་སྐབས་སུ་ནང་ཆེན་གྲགས་པ་ཁོང་སྐུ་འཚོ་བཞུགས་གནང་ཡོད་པ[17]གསལ་ཡོད། འབྲི་གུང་གླིང་ལོག་གི་དོན་རྐྱེན་ནི་བོད་ཀྱི་ལོ་རྒྱུས་ཡིག་ཆ་ཕལ་ཆེར་ཞལ་མཐུན་པར་རབ་བྱུང་ལྔ་པའི་ལྕགས་སྟག(༡༢༩༠)ལོར་རེད། ནང་ཆེན་གྲགས་པ་ཁོང་དགུང་ལོ་དྲུག་ཅུ་རེ་གཉིས་ལས་མ་ཐུབ་པ་ནི་ཁྱུང་རབས་ཚད་ལྡན་ཁག་གིས་བཞེད་ཡོད། གལ་སྲིད་ཁོང་རབ་བྱུང་བཞི་པའི་ལྕགས་བྱི(༡༢༢༢)ལོར་འཁྲུངས་པ་ཡིན་ན། དགུང་གྲངས་དྲུག་ཅུ་རེ་གཉིས་ཏེ་རབ་བྱུང་ལྔ་པའི་ཆུ་ལུག(༡༢༨༣)ལོར་སྐུ་གཤེགས་པ་ཡིན་དགོས་པས། དེ་ལྟར་ན། ཁོང་འབྲི་གུང་གླིང་ལོག་མ་བྱུང་བའི་སྔོན་ནས་གཤེགས་ཚར་བ་ཆགས་ཡོད། དེ་བས་ཁོང་རབ་བྱུང་བཞི་པའི་ལྕགས་བྱི(༡༢༤༠)ལོར་འཁྲུངས་ཤིང་རབ་བྱུང་ལྔ་པའི་ལྕགས་གླང(༡༣༠༡)ལོར་གཤེགས་པ་ནི་ལོ་རྒྱུས་དོན་དངོས་དང་མཐུན་ཆེ་བ་མངོན་གསལ་དོད་པོ་རེད། བཞི། གལ་སྲིད་ཁོང་གི་དགུང་སྙིང་དེ་ཆུ་རྟ་ཡིན་པའི་དབང་དུ་བཏང་ན། རབ་བྱུང་གསུམ་པའི་ཆུ་རྟ་ནི་སྤྱི་ལོ༡༡༦༢ལོར་ཁེལ་བ་དང་། རབ་བྱུང་བཞི་པའི་ཆུ་རྟ་ནི་སྤྱི་ལོ༡༢༢༢ལོར་ཁེལ་ཡོད། རབ་བྱུང་ལྔ་པའི་ཆུ་རྟ་ལོ་ནི་སྤྱི་ལོ༡༢༨༢ལོར་ཁེལ་བ་རེད། འདི་དག་ལས་ཅུང་ལོ་རྒྱུས་དོན་དངོས་ལ་ཐག་ཉེ་བ་ནི་རབ་བྱུང་བཞི་པའི་ཆུ་རྟ(༡༢༢༢)ལོར་རེད། འོན་ཀྱང་། དེ་ཉིད་ཁོང་གི་དགུང་སྙིང་མ་ཡིན་པ་གོང་དུ་བསྒྲུབས་ཟིན་པ་རེད། འདི་ལྟར་ཁྱུང་རབས་ཁག་གི་བཞེད་སྟངས་དང་འབྲེལ་ཡོད་གནས་ཚུལ་འཁོད་པའི་གྲུབ་མཐའ་དང་མི་རིགས་གཞན་པའི་ཡིག་ཆ་ཁག་གིས་དུས་སྐབས་དེའི་གནས་ཚུལ་སྟོན་སྟངས་ལ་གཞིགས་ན། ཁོང་གི་འཁྲུངས་ལོ་ནི་རབ་བྱུང་བཞི་པའི་ལྕགས་བྱི(༡༢༤༠)ལོ་དང་འདས་ལོ་ནི་རབ་བྱུང་ལྔ་པའི་ལྕགས་གླང(༡༣༠༡)ལོར་ཡིན་པ་རྟོགས་ཐུབ་བོ། །
གསུམ་པ། རྒྱ་རྗེ་ཉི་མ་འབྲུག་གྲགས་དང་འབྲེལ་བའི་དོགས་སློང་།
       གཅིག ཁྱུང་རབས་ནང་རྒྱ་རྗེ་དང་འབྲེལ་བའི་གནས་ཚུལ་གང་འདྲ་འཁོད་པ།
       ཕྲན་ལ་ཁྱུང་རབས[18]མི་འདྲ་བ་བཅུ་གསུམ་ལག་སོན་བྱུང་། དེ་དག་ལས«ཁྱུང་པོའི་དཀར་ཆབ་ཆེན་མོ»དང«ཁྱུང་རབས་རྒོད་ཚང་མ» «ཁྱུང་པོ་རྒོད་ཚང་ཞེས་སྒོ་ང་ལས་གྲུབ་པའི་ལོ་རྒྱུས» «ལེགས་བཤད་ཕྲེང་བ» «ཁྱུང་རབས(མཚན་མེད)»བཅས་ལྔ་རུ་རྒྱ་རྗེ་ཉི་མ་འབྲུག་གྲགས་དང་ཁྱུང་པོ་གཉིས་གདན་ས་བརྗེ་ལེན་བྱས་པའི་སྐོར་གྱི་གནས་ཚུལ་གང་ཡང་འཁོད་མེད། འདི་ལྔ་ལས་གོང་མ་གསུམ་ནི་ཁྱུང་པོ་བློ་གྲོས་རྒྱལ་མཚན་གྱིས་བརྩམས་པ་ཡིན་ལ། ཕལ་ཆེར་མ་ཕྱི་གཅིག་ཡིན་པ་ལ་ཕྱིས་སུ་བུ་དཔེ་ཁ་ཤས་གྱེས་པ་ལས་ཅུང་ཙམ་མི་འདྲ་བ་གསུམ་བྱུང་བ་འདྲ། ལོ་རྒྱུས་ཉམས་ཞིབ་པ་ཀ་ཤུལ་བསོད་རིན་ལགས་ནས་ཁྱུང་རབས་གཡུ་མགོ་མ་དང་གསེར་སྒམ་མ་སོགས་ཁྱུང་རབས་ཕལ་ཆེར་བའི་ཕྱི་མོ་ནི་ཁྱུང་པོ་བློ་གྲོས་རྒྱལ་མཚན་གྱིས་བརྩམས་པའི«ཁྱུང་རབས་རྒོད་ཚང་མ»ཡིན་པར་བཤད[19]ཡོད། ལྷག་ཏུ«ཁྱུང་པོའི་དཀར་ཆབ་ཆེན་མོ»ནི་ཚིག་འགྲོས་དང་བརྡ་སྤྲོད། ཐ་སྙད་སྦྱོར་སྟངས། ནང་དོན་སོགས་ཟུར་གང་ནས་གཞིགས་ཀྱང་དེང་སང་མཐོང་ཡུལ་དུ་ཡོད་པའི་ཁྱུང་རབས་ཐམས་ཅད་ལས་རྙིང་ཤོས་དང་རིན་ཐང་ཆེ་ཤོས་དེ་ཡིན་པ་མགྲིན་པ་གཟེངས་སུ་བཏེགས་ནས་གླེང་ཆོག ཡང་ཁྱུང་རབས«མེ་ཏོག་ཕྲེང་བ»ལས་ཁྱུང་པོ་མུ་ལངས་ལྷོ་ལམ་བརྒྱུད་ནས་མདོ་སྨད་དུ་བྱོན་སྐབས་སྤུ་བོ་ཁྱུང་འཐོར་ལ་མགོ་རུ་ཐུགས་རྨུགས་ཏེ་བླངས་པའི་མགུར་གླུ་ནང་རྒྱ་རྗེ་ཉི་མ་འབྲུག་གྲགས་དང་ཁོང་རྣམ་གཉིས་གདན་ས་བརྗེ་སྤོར་དགོས་པའི་ཚིག་ཅིག་བྱུང་ཡོད། འོན་ཀྱང་། ཁྱུང་རབས་རྙིང་པ་དང་ཕལ་མོ་ཆེར་མུ་ལངས་ཁྱུང་འཐོར་ལ་ནག་བརྒྱུད་ནས་མདོ་སྨད་འབྲི་རྒྱུད་དུ་ཕེབས་པ་ཙམ་ལས། ཐུགས་རྨུགས་པའི་གླུ་ཚིག་དང་ལྷག་ཏུ་ཁོང་དང་རྒྱ་རྗེ་ཉི་མ་འབྲུག་གྲགས་བར་ལ་འབྲེལ་བ་ཡོད་པ་རྩ་བ་ཉིད་ནས་འཁོད་མེད། དེ་བས་མགུར་ཚིག་འདི་ནི་ཕྱིས་སུ་ཡར་བཅུག་པའི་རྟགས་མཚན་གསལ་པོར་ཡོད། ཡང་ཁྱུང་རབས«སྲིད་པའི་ས་བགོས་ཆེན་མོ»ལས། རྒྱ་རྗེ་ཉི་མ་འབྲུག་གྲགས་ཀྱིས་ཁྱུང་པོ་དཔོན་གཡོག་འགའ་ཞིག་ལ་ཆིབས་བསུ་དགའ་སྟོན་བྱས་པ་གསལ་རུང་ཁྱུང་པོ་བླ་མ་དེའི་མཚན་གསལ་པོར་སྨོས་མེད། ཡང་ཁྱུང་རབས«གཡུ་མགོ་མ»དང«རྣམ་དག་ཤེལ་ཕྲེང»གཉིས་ལས། རྒྱ་རྗེ་ཉི་མ་འབྲུག་གྲགས་ཀྱིས་ཁྱུང་དབུས་ཤེས་རབ་རྒྱལ་མཚན་ལ་ཆིབས་བསུ་དགའ་སྟོན་བྱས་པ་གསལ་ཞིང་། ལྷག་ཏུ«རྣམ་དག་ཤེལ་ཕྲེང»ལས་ཁྱུང་དབུས་ཤེས་རབ་རྒྱལ་མཚན་རྨ་ལ་བཞིའི་ཚུར་ནང་ལ་ཕེབས་པ་དང་། རྨ་ཡི་ཆོས་ཁྲི་ཐང་དུ་མཇལ་འཛོམས་བྱས་པ། དེ་ནས་རྒྱ་རྫོང་ཁམས་གསུམ་དབང་སྡུད་ནང་གདན་དྲངས་པ་སོགས་བཀོད་ཡོད། དེ་ལས་འཕྲོས་ཏེ«ཁྱུང་པོ་སྟེང་ཆེན1»སོགས་ཀྱི་ནང་དུ་རྒྱ་རྗེ་ཉི་མ་འབྲུག་གྲགས་ཀྱིས་ཁྱུང་དབུས་ཤེས་རབ་རྒྱལ་མཚན་དེང་གི་སྟེང་ཆེན་ཁ་རུ་གདན་དྲངས་པ་དང་། ཀུན་ཁྱབ་གླིང་དང་བསྟན་རྒྱས་གླིང་གཉིས་ཕྱག་བཏབ་ཅེས[20]བཤད་ཡོད། གཞན་ཡང་གོང་གི«རྣམ་དག་ཤེལ་ཕྲེང»ལས་གསལ་བའི་རྒྱ་རྫོང་ཁམས་གསུམ་དབང་སྡུད་ནི་དེང་གི་སྟེང་ཆེན་རྫོང་ཉེ་འགྲམ་དུ་ཡོད་པའི་རྒྱ་མཁར་སྣ་ཟེར་བ་དེར་ཡིན་པའི་བཤད་སྲོལ་ཡོད་པ་བསྟན་ཡོད[21]། འོན་ཀྱང་། «ཁྱུང་པོའི་དཀར་ཆབ་ཆེན་མོ»དང«ཁྱུང་པོ་རྒོད་ཚང་ཞེས་སྒོ་ང་ལས་གྲུབ་པའི་ལོ་རྒྱུས» «མེ་ཏོག་ཕྲེང་བ» «གསེར་སྒམ་མ»སོགས་ལས་ཁྱུང་དབུས་ཤེས་རབ་རྒྱལ་མཚན་ཁོང་ཧོར་དོར་རྟས་ཁྱུང་སྒར་རླག་སྐབས་ལྷོ་རྒྱལ་མོ་དངུལ་ཆུ་རྒྱུད་ཀྱི་ཤ་རོང་ཞེས་པར་བྲོས་བྱོལ་ཕེབས་པ་དང་མཐའ་མཇུག་ཡུལ་དེར་འདས་པ་གསལ་པོར་བཀོད་ཡོད། དེ་བས་ཁོང་ལྷོ་དངུལ་རྒྱུད་ཤ་རོང་ནས་ཕྱིར་དེང་གི་ཁྱུང་པོ་ཁོག་ཏུ་བྱོན་པའི་སྐད་ཆ་དག་ནི་དུས་ཕྱིས་སུ་བྱུང་བ་སུས་ཀྱང་རྟོགས་ཐུབ་བོ།། ཡང་ཁྱུང་རབས«གསེར་སྒམ་མ»དང་། དེ་དང་ནང་དོན་ཕལ་ཆེར་གཅིག་མཚུངས་སུ་སོང་བའི་ཁྱུང་རབས་ཐུང་ངུ་ཞིག་བཞུགས་པ་གཉིས་ལས། རྒྱ་རྗེ་ཉི་མ་འབྲུག་གྲགས་ཀྱིས་ནང་ཆེན་གྲགས་པར་ཆིབས་བསུ་དགའ་སྟོན་བྱས་ཤིང་གདན་ས་བརྗེ་ལེན་བྱས་པ་བཤད་ཡོད། དེ་ཡང«གསེར་སྒམ»ལས། “ནང་ཆེན་གྲགས་པ་ཞུ་རི་ཞིང་དུ་ཕེབས་ནས་བཙུན་པ་མཛད། དེ་སྐབས་སྲིད་རྒྱལ་དྲེའུ་དམར་མོས་ལུང་འདི་ལྟར་གནང་སྟེ། དབྲ་རྒྱལ་ཁྱུང་པོའི་རྒྱུད་འཛིན་པ། མདོ་གམ་སྨད་དུ་ཕེབས་པར་གྱིས། བསྟན་པ་ཉི་ཟླ་འཆར་ནུབ་དེ། དོ་དགོང་འགྲིབ་ཀྱང་སང་ཉིན་འཆར། སུམ་གླང་གྱིམ་ཤོད་དངུལ་རྫའི་གནས། ཁྱད་འཕགས་ཤེལ་ལེ་རྫོང་དྲུག་མདུན། གསེར་ཉ་མཚོ་འཁྱིལ་སྟེང་ཆེན་ལ། ཁྱུང་པོ་ཆགས་པའི་གདན་ས་ཡོད། ས་ཕྱོགས་དེ་རུ་ཕེབས་པར་གྱིས། ཞེས་ལུང་བསྟན་པ་ལྟར་གྱིམ་ཤོད་དུ་ཕེབས་དུས། རྒྱ་རྗེ་ཉི་མ་འབྲུག་གྲགས་ནས་ཆིབས་བསུ་དང་དགའ་སྟོན་བྱས། རྒྱ་ཡི་མངའ་ཁུལ་གྱི་མི་སྡེ་ཡོངས་རྫོགས་ཁྱུང་པོར་ཕུལ་ནས་གདན་ས་བརྗེ་ལེན་བྱས། རྒྱ་རྗེ་འཁོར་དང་བཅས་པ་རྒྱ་ཡུལ་སོང་། དེར་ནང་ཆེན་གྲགས་པས་གདན་ས་རྩིས་ལེན་མཛད། དེར་འཁོར་རྣམས་ཀྱིས་ནང་ཆེན་གྲགས་པ་ལ་ལྕམ་བཞེས་དགོས་ཞུས། ངས་ཁྱིམ་ཐབས་མི་བྱེད་ལྷ་ཆོས་བྱེད་དགོས་གསུངས།”[22]ཞེས་བཀོད་ཡོད། འདིར་གསལ་བའི་ལུང་བསྟན་ཚིག་འདི་ཐོག་མར་དུས་རབས་གང་དང་ཡིག་ཆ་གང་ཞིག་ལས་བྱུང་བ་མ་ཤེས་ཀྱང་། ཕྱིས་སུ་ཁྱུང་རབས་མང་པོའི་གསེབ་ཏུ་ཡར་བཅུག་ཡོད། སྐབས་རེ་ཁྱུང་དབུས་ཤེས་རབ་རྒྱལ་མཚན་ལ་སྦྱར་ཡོད་ལ། སྐབས་རེ་ནང་ཆེན་གྲགས་པ་ལ་སྦྱར་ཡོད། གང་ལྟར་ལུང་ཚིག་འདི་ནི་ལྷོ་སྟོད་གྱིམ་ཤོད་དམ་དེང་གི་ཁྱུང་པོ་སྟེང་ཆེན་ཁུལ་ནས་བྱུང་བ་དང་། དཔོན་ཚང་རྒྱལ་བ་གྲུབ་ཀྱི་མན་ཆོད་དེ་ཁྱུང་པོ་དཀར་ནག་སེར་གསུམ་གྱེས་ཚར་རྗེས་བྱུང་བ་ནང་དོན་ལ་བརྟགས་ན་ཤེས་ཐུབ། ཁྱུང་པོ་མུ་ལངས་དང་ཁྱུང་དབུས་ཤེས་རབ་རྒྱལ་མཚན་གཉིས་དང་བསྡུར་ན། ནང་ཆེན་གྲགས་པ་དང་རྒྱ་རྗེ་ཉི་མ་འབྲུག་གྲགས་གཉིས་གདན་ས་བརྗེ་ལེན་བྱས་པར་བཀོད་པ་ནི་ལོ་རྒྱུས་དོན་དངོས་ལ་ཐག་ཉེ་བ་རེད། འོན་ཏེ། ཁྱུང་རབས་ཀུན་གྱི་མ་ཕྱི་ལྟ་བུར་གྱུར་པའི«ཁྱུང་པོའི་དཀར་ཆབ་ཆེན་མོ»སོགས་གོང་དུ་དྲངས་པའི་ཁྱུང་པོ་བློ་གྲོས་རྒྱལ་མཚན་གྱིས་བརྩམས་པའི་ཁྱུང་རབས་ཁག་ཏུ་དེའི་སྐོར་རྩ་བ་ནས་འཁོད་མེད། དེས་ང་ཚོས་གནས་ཚུལ་འདིའི་སྐོར་ཕྱིས་སུ་གསར་དུ་བཟོས་པ་ཡིན་མིན་ལ་དོགས་པ་མ་བྱས་རང་བྱས་ཆགས་ཡོད། གཤམ་དུ་ང་ཚོས་གནད་འདིའི་སྐོར་ནས་དཔྱད་ཞིབ་བྱ་རྒྱུ་ཡིན།
       གཉིས། སྐྱ་བོ་དཔོན་རྒྱལ་དང་ནང་ཆེན་གྲགས་པའི་འབྲེལ་བ།
       ཕྲན་རང་སྤྱི་ལོ༢༠༢༢ལོའི་ལོ་མཇུག་ཏུ་ཁྱུང་ཡུལ་བྱ་ཟེ་དགོན་དུ་ཟླ་བ་གཅིག་ཡས་མས་བསྡད་པ་ཡིན། སྐབས་དེར་ཁྱུང་རབས་དཔེ་དཀོན«ཁྱུང་པོའི་དཀར་ཆབ་ཆེན་མོ»[23]ཞེས་པ་སྟེས་དབང་ཞིག་གིས་མཇལ་རྒྱུ་རགས་སོང་། ཁྱུང་རབས་དེ་ལ་ཁྱུང་རབས་གཞན་དག་དང་མི་འདྲ་བའི་ཁྱད་ཆོས་མང་དུ་བདོག་པ་རེད། གུས་པས་སྐབས་དེར་ཡིག་ཆ་དེ་ཚར་ཁ་ཤས་ཞིབ་ཀློག་བྱས་པ་ཡིན། འོན་ཀྱང་། ནམ་རྒྱུན་ཁྱུང་རབས་ཁ་ཅིག་ཏུ་གསལ་ཡོད་པའི་རྒྱ་རྗེ་ཉི་མ་འབྲུག་གྲགས་སྐོར་དེ་མིག་གི་མཐོང་ལམ་དུ་མ་བྱུང་། དེར་གུས་པས་ག་རེ་ཡིན་ན། གནས་ཚུལ་གལ་ཆེན་འདི་འདྲ་ཁྱུང་རབས་རྒྱས་པ་ཞིག་གི་ནང་མི་བཀོད་པའི་རྒྱུ་མཚན་ཅི་ཡིན་ནམ་སྙམ་བྱུང་། དོགས་གཞི་དེས་རྐྱེན་པས་གུས་པས་སླར་ཡང་ཁྱུང་རབས་གཞན་དག་བསྐྱར་དུ་བཀླགས་པ་ཡིན། སྐབས་དེར་ཁྱུང་པོ་བློ་གྲོས་རྒྱལ་མཚན་གྱིས་བརྩམས་པའི་ཁྱུང་རབས་གཞན་དག་ལའང་དེའི་སྐོར་འཁོད་མེད་པ་ཤེས་རྟོགས་བྱུང་། ཁྱུང་པོ་བློ་གྲོས་རྒྱལ་མཚན་ལགས་ནི་སྤྱིར་བོན་གྱི་ལོ་རྒྱུས་ལ་བྱང་ཆ་དང་ཕྱག་རྗེས་ཆེ་བ། སྒོས་སུ་ཁྱུང་རབས་ཁག་འབྲི་སྐབས་སྟོད་སྨད་ཀྱི་གྲྭ་བཙུན་མང་པོ་དང་གྲོས་བསྡུར་བྱས་ནས་བསྒྲིགས་པ་སོགས་ཧ་ཅང་གཟབ་ནན་གྱིས་བགྱིས་པ་མཇུག་བྱང་དུ་གསལ་བས། ཁོང་གིས་དོན་དག་གལ་ཆེན་འདི་འདྲ་ཞིག་མི་བཀོད་ནས་སྐྱུར་སྲིད་པ་ཞིག་ཀྱང་མ་རེད་དྲན། ཡང་བསྐྱར་གུས་པས«ཁྱུང་པོའི་དཀར་ཆབ་ཆེན་མོ»ནང་དུ་གནད་དོན་དེ་དང་འབྲེལ་བའི་ལོ་རྒྱུས་འདུག་མིན་དཔྱད་ཞིབ་བྱས་པས། འདི་ལྟར་གསལ་ཏེ“ཁྱུང་དབུས་རིན་པོ་ཆེའི་སློབ་མ་སྐྱ་བོ་དཔོན་རྒྱལ་ཡིན་ཅིང་། དེ་ཁྱུང་ཕོ་གྲགས་པ་སྐུ་ན་ཕྲ་བའི་དུས་སུ་ཁྱུང་པོའི་གདན་ས་བཟུང་ནས། ཕྱིས་གདན་ས་ནང་ཆེན་གྲགས་པ་ལ་གཏད་ནས། དེའི་དབོན་པོ་སྐྱ་བོ་དཔོན་དྲག་ལ་ཁྱུང་པོའི་གདན་ས་བར་པ་བསྐོས་པ་ཡིན་སྐད།”[24]ཅེས་བཤད་ཡོད། དེས་ན་དོན་དངོས་ཐོག་ནང་ཆེན་གྲགས་པ་ནར་མ་སོན་པའི་གནས་སྐབས་སུ་སྐྱ་བོ་དཔོན་རྒྱལ་གྱིས་ཁྱུང་པོའི་གདན་ས་བསྐྱངས་ཤིང་། ཕྱིས་སུ་ཁོང་རྣམ་གཉིས་གདན་ས་བརྗེ་ལེན་བྱས་པ་ཡིན་འདུག སྐབས་འདིར་གསལ་བའི་ཁྱུང་པོའི་གདན་ས་ཡང་འབྲི་རྒྱུད་འདན་རག་ཏག་སྐོར་དུ་ཡིན་ངེས་པ་ལས་ལྷོ་སྟོད་གྱིམ་ཤོད་ཕྱོགས་སུ་མ་ཡིན་སྙམ། སྐྱ་བོ་ནི་མདོ་སྨད་འབྲི་རྒྱུད་ཀྱི་རུས་རིགས་གལ་ཆེན་ཞིག་ཡིན་ལ། དུས་སྐབས་དེ་ཙམ་ནས་མདོ་སྨད་ཕྱོགས་སུ་དཔོན་དང་བློན་ཆེན་གྱི་གོ་གནས་བཟུང་བ་དང་གདུང་རིགས་དེ་ལས་སྤྱི་ལོ༡༣༥༣ལོར[25]བོན་གྱི་མཁས་གྲུབ་སྐྱབས་སྟོན་རིན་ཆེན་འོད་ཟེར་འཁྲུངས་པ་རེད། ཕྱིས་སུ་མདོ་སྨད་འབྲི་རྒྱུད་དུ་བོན་བསྟན་ལ་འཕོ་འགྱུར་བྱུང་བས་སྐྱ་བོའི་རུས་རྒྱུད་འཛིན་པ་འགའ་ཞིག་ཡུལ་དེར་བཞུགས་སྟབས་མ་བདེ་བས་མདོ་སྟོད་དེང་གི་སྦྲ་ཆེན་རྫོང་ཁོངས་སུ་གཞིས་ཆགས་པ་རེད། དེར་བརྟེན། ཕྱིས་སུ་ཁྱུང་རབས་ཁག་ནས་ནང་ཆེན་གྲགས་པ་དང་རྒྱ་རྗེ་ཉི་མ་འབྲུག་གྲགས་གཉིས་གདན་ས་བརྗེ་ལེན་བྱས་པའི་སྐོར་གྱི་གཏམ་རྒྱུད་བྱུང་བ་དང་། གཏམ་རྒྱུད་དེའི་ས་བོན་གཙོ་བོ་ནི་གོང་དུ་དྲངས་པའི་ལོ་རྒྱུས་འདི་ཉིད་ཆགས་ཡོད།
       གསུམ། ཁྲ་རྒན་ཉི་མ་འབྲུག་འཕྲུལ་དང་རྒྱ་རྗེ་ཉི་མ་འབྲུག་གྲགས་བར་གྱི་འབྲེལ་བ།
       སྤྱིར་ན། རྒྱ་རྗེ་ཉི་མ་འབྲུག་གྲགས་ཟེར་ཡོང་དུས་དོགས་པ་མང་པོ་ཞིག་རང་བཞིན་ཤུགས་ཀྱིས་ཟ་ཡོང་བ་རེད། གཅིག གལ་སྲིད་ཁོང་རྒྱ་རིགས་ཡིན་ན་མིང་ལ་ཉི་མ་འབྲུག་གྲགས་ཞེས་བོད་མིང་ཞིག་འདོགས་དགོས་པའི་རྒྱུ་མཚན་ག་རེ་ཡིན་ནམ། གཉིས།«ཁྱུང་པོ་སྟེང་ཆེན1»སོགས་ཀྱི་ནང་དུ་ཁོང་ཧོར་གྱི་མི་ཞིག་ཡིན་པར་བཤད་ཅིང་། སྐབས་དེར་ཧོར་གྱི་མི་ལ་ཧོར་རང་གི་མིང་སྤྱད་ཡོད་པ་དཔེར་ན། མོང་གོལ་ཧན། སེན་ཆེན་ཧན། དོར་རྟ། ཧ་རམ་འགུ། ཧུ་ཟི་ཞེས་པ་ལྟ་བུ་རེད། གསུམ། དུས་སྐབས་དེ་ནི་ཧོར་གྱིས་དབང་སྒྱུར་བའི་གནས་སྐབས་ཡིན་ལ་ཡིག་ཚང་ཁག་ཏུ་ཧོར་གྱི་མི་སྣ་ཁག་ལ་ཧོར་གྱི་མིང་བཏགས་པ་དང་མིང་གི་ཐོག་མར་ཧོར་ཞེས་སྨོས་ཡོད་པ་ལས་རྒྱ་ཞེས་སྨོས་པ་དཀོན་པ་རེད། བཞི། གལ་སྲིད་སྐབས་དེར་གནས་སྐབས་རིང་ཁྲལ་སྡུད་མཁན་ཞིག་བསྐོ་དགོས་པ་ཡིན་ན། ས་གནས་དེའི་སྡེ་དང་ཡུལ་སོགས་ལ་ཆ་རྒྱུས་ཡོད་མཁན་ཞིག་བསྐོས་སྲིད་པ་ལས། སྤྱིར་བཏང་གི་ཧོར་དམག་ཅིག་འཇོག་མི་སྲིད་སྙམ། ལྔ། ཁྱུང་རབས་འགའ་ཞིག་ཏུ་རྒྱ་རྗེ་ཉི་མ་འབྲུག་གྲགས་ནི་ཧོར་སེ་ཆེན་རྒྱལ་པོའི་བློན་ཆེན་ཞིག་ཡིན་པ་བཤད་ཀྱང་། གཅིག་ནས་དོར་དམག་མངག་མཁན་ནི་གོ་དན་ཡིན་པ་ལས་སེ་ཆེན་ཧན་མིན་ལ། གཉིས་ནས་གཞན་སྡེའི་ལོ་རྒྱུས་དང་རྒྱ་ནག་གི་ལོ་རྒྱུས་སྨྲ་བ་ཁྲིན་ཆེན་དབྱིན་གྱིས་བརྩམས་པའི་འགྲོ་མགོན་འཕགས་པའི་ལོ་རྒྱུས་རྣམས་སུ་གོ་དན་གྱིས་དོར་རྟ་བོད་ཡུལ་གཏོང་སྐབས་མཉམ་དུ་བློན་ཆེན་འདི་འདྲ་ཞིག་ཡོད་པ་མ་གསལ་བས་སོ། །མདོར་ན། ཁྱུང་རབས་འགའ་ཞིག་གི་ནང་དུ་རྒྱ་རྗེ་ཞེས་སྨོས་པ་ལ་ཕྱིས་སུ«ཁྱུང་པོ་སྟེང་ཆེན1»སོགས་ཀྱི་ནང་དུ་ཡང་རྒྱ་རྗེ་ཟེར་བ་ཧོར་ལ་གོ་དགོས་པ་ལྟ་བུ་ཀློག་པ་པོ་མགོ་བོ་རྨོངས་པར་བྱེད་པའི་གནས་ཚུལ་མང་པོ་ཞིག་བཀོད་ཡོད། གཞན་ཡང་བོད་ཀྱི་ལོ་རྒྱུས་ནང་རྒྱ་ཞེས་བྱུང་བ་ཐམས་ཅད་རྒྱ་རིགས་ལ་གོ་བ་མ་ཡིན་པར་སྐབས་རེ་རུས་རིགས་ཤིག་ལ་འཇུག་པ་རེད། དཔེར་ན། ཁྱུང་རབས་ཁག་ཏུ་རྒྱ་རབ་མདའ་བཟའ་ཞེས་པ་ལྟ་བུ། བོད་ཀྱི་རུས་རིགས་ལ་རྒྱ་སྒོམ་ཟེར་བ་ཡོད་པ་ལྟ་བུ་རེད། གཞན་ཡང་རྒྱ་རྗེ་ཉི་མ་འབྲུག་གྲགས་སྐོར་ལ་ཁྱུང་ཡུལ་སྟོད་སྨད་བར་གསུམ་གྱི་སྡེ་སོ་སོར་བཤད་སྲོལ་མི་འདྲ་བ་ཡོད། དཔེར་ན། «རྣམ་དག་ཤེལ་ཕྲེང»ལས་རྒྱ་རྗེ་ཉི་མ་འབྲུག་གྲགས་སོག་ཕུག་ཉི་མ་རང་ཤར་ན་བཞུགས་པར་བཤད། ཁ་ཅིག་གིས་དེང་གི་ཁྱུང་པོ་སྟེང་ཆེན་རྫོང་དང་ཐག་ཉེ་བའི་རྒྱ་མཁར་སྣར་བཞུགས་པར་བཤད། ཡང་འགས་ཁྱུང་ཡུལ་སྟོད་ཕྱོགས་ག་ངས་ཤང་གི་ཉེ་འགྲམ་སྤུ་རྒྱལ་གངས་དཀར་གྱི་ལུང་མདའ་སྤུ་ཁུག་ཅེས་པར་བཞུགས་པ་བཤད་པ་ལྟ་བུ་རེད། ད་འོ་ན། ལོ་རྒྱུས་ཐོག་ཏུ་རྒྱ་རྗེ་ཉི་མ་འབྲུག་གྲགས་ཞེས་པ་ཞིག་བྱུང་མྱོང་ངམ། ཁྱུང་པོ་དང་རྒྱ་ཡི་བར་ལ་འབྲེལ་ཡོད་དམ་ཞེ་ན། གྱིམ་ཤོད་ཁྱུང་ཡུལ་ཕྱོགས་སུ་རྒྱ་མཁར་སྣ་སོགས་རྒྱ་དང་འབྲེལ་བའི་ས་མིང་མང་པོ་ཞིག་ད་ལྟ་ཡང་འབོད་བཞིན་ཡོད་པས་མ་ཚད། དམངས་ཁྲོད་དུ་རྒྱ་རིགས་དང་འབྲེལ་བའི་ངག་སྒྲོས་མང་པོ་ཞིག་ཡོད་པས་ཁྱུང་པོ་སྟེང་ཆེན་དང་རྒྱ་གཉིས་བར་ལ་འབྲེལ་བ་ཡོད་པ་ནི་ཧ་ཅང་གསལ་པོ་རེད། འདིའི་སྐོར་གཤམ་ནས་འཆད་པར་འགྱུར་ཞིང་། སྐབས་འདིར་གུས་པས་ཁྱུང་ཡུལ་ག་ངས་ཕྱོགས་ཀྱི་རྒན་རབས་ལ་བཅར་འདྲི་ཞུས་པའི་གནས་ཚུལ་སྐོར་ནས་གླེང་རྒྱུ་ཡིན།
       ཡུལ་དེའི་རྒན་རབས་ཀྱིས་ཟེར་ན། སྤུ་ཁུག་ལ་རྒྱ་རྗེའི་མཁར་ཡོད་པ་མ་ཚད་དེང་སང་ཡང་མཁར་ཤུལ་གྱི་ས་འབུར་ཡོད་པ། བཤད་སྲོལ་ལ་སྔོན་མ་རྒྱ་རྗེ་ཉི་མ་འབྲུག་གྲགས་ཀྱི་མཁར་རྫོང་ཡང་ཐོག་ནས་ག་ངས་དགོན་གྱི་གསེར་འཕྲུ་མཐོང་ཐུབ་པ་བཤད་སྲོལ་ཡོད་ཟེར། སྐད་ཆ་དེ་གོ་དུས་ཕྲན་ལ་དོགས་གཞི་མང་པོ་ཞིག་ཡོང་གི་འདུག དཔེར་ན། ཁྱུང་རབས་ལས་ཁྱུང་སྒར་ཧོར་གྱིས་བརླགས་རྗེས་ཁྲལ་སྡུད་མཁན་རྒྱ་རྗེ་ཉི་མ་འབྲུག་གྲགས་བསྐོས་པར་བཤད་ཡོད་ལ། རྒྱ་རྗེ་ཡང་སྔོན་ནས་ཡུལ་དེར་གཞིས་ཆགས་པ་མ་ཡིན་པར་སྐབས་དེར་ཧོར་གྱིས་བཞག་པའི་ཁྲལ་སྡུད་མཁན་ཞིག་ཡིན་པ་བཤད་ཡོད། ཡུལ་འདིའི་རྒན་རབས་ཚོས་སྐབས་དེར་ག་ངས་དགོན་ཡང་སྟོར་བརླག་ཏུ་བཏང་བར་བཤད། དེས་ན་རྒྱ་རྗེའི་མཁར་རྫོང་དང་ག་ངས་དགོན་གྱི་གསེར་འཕྲུ་གཉིས་དུས་མཉམ་གྱི་ཚུལ་དུ་ཡོང་བ་དེ་ཅུང་གོ་མི་བདེ་བ་ཡོང་གི་འདུག གང་ལྟར་ཡུལ་དེའི་ས་གནས་དངོས་ཀྱི་མཁར་རྫོང་ཆགས་ཤུལ་སོགས་ལ་བརྟགས་ན། ཏན་ཏན་འདིར་ལོ་རྒྱུས་དངོས་དང་འབྲེལ་བའི་གནད་དོན་ཞིག་ཡོད་པ་ཤེས་ཐུབ། དེ་ཡང་ཁྱུང་རབས«གོང་སྔོན་མ»ལས། “གསང་ཕུ་ལ་དམར་ཚུར་དང་། རྐོ་མདའ་ཨ་རིང་ཡན་ཆད་ཀྱི་ས་ཆ་དེ། ཁྲ་རྒན་ཉི་མ་འབྲུག་འཕྲུལ་ཚང་གི་ཡིན།”[26]ཞེས་གསལ་ཡོད། ཁྱུང་རབས་དཔེ་རྙིང་ཕྱོགས་བསྒྲིགས་ཞེས་པའི་དཔེ་དེབ་ནང་གོང་གི་ཁྲ་རྒན་ཉི་མ་འབྲུག་འཕྲུལ་ཞེས་པའི“འཕྲུལ”དེ་ལ“གྲགས”ཞེས་མཆན་ཆུང་བཏབ་ཡོད། གང་ལྟར་ཁྲ་རྒན་དང་རྒྱ་རྗེ་གཉིས་སྒྲ་གདངས་ཐག་ཉེ་བ་ཡིན་ལ། འཕྲུལ་དང་གྲགས་གཉིས་ཀྱང་སྒྲ་གདངས་ཉེ་བ་ཡིན། ཡུལ་ལུང་གི་མིང་བརྡ་སོགས་ཐ་སྙད་མང་པོ་ཞིག་ལོ་ཟླའི་འཕེལ་རིམ་ཁྲོད་རིམ་བཞིན་འགྱུར་ལྡོག་འགྲོ་བ་ནི་ཆོས་ཉིད་ཅིག་རེད། གོང་དུ «གོང་སྔོན་མ»ལས། གསང་ཕུ་ལ་དམར་ཚུར་དང་རྐོ་མདའ་ཨ་རིང་ཡན་ཆད་དེ་ཁྲ་རྒན་ཉི་མ་འབྲུག་འཕྲུལ་ཚང་གི་ས་ཆ་ཡིན་པར་བཤད་ཡོད། གསང་ཕུ་ལ་དམར་ཚུར་ཞེས་པའི་ས་གནས་དེ་གང་ལ་ངོས་འཛིན་དགོས་པ་གསལ་པོ་ཞིག་མ་ཤེས། ཡུལ་དེའི་རྒན་རབས་འགས་ཟེར་ན། སྒང་རི་བྱང་ཐ་ལ་གསང་གཞུང་ཞེས་པའི་ས་གནས་ཡོད་པ་དང་། གསང་གི་མགར་རྒན་ཞེས་པའི་རྒྱབ་རི་གྲགས་ཅན་སོགས་ཡོད་པར་བཤད་པས། གསང་ཕུ་ལ་དམར་ཡང་དེར་ཡོད་པ་ཡིན་ནམ་ཟེར། རྐོ་མདའ་ནི་དེང་གི་ཟམ་ཞིག་ཤང་ནས་ཡར་ག་རེ་འགག་ལ་ཐོག་མར་འཛུལ་སའི་ཀོ་གཞུང་གི་མདའ་རུ་ཟེར། «མ་ཡིག་གཡུ་མགོ་མ»ལས“སླ་ཤག་ཟེ་ཡི་སུམ་མདོ་ན། ཁྲ་རྒན་ཤཀྱ་དཔོན་གཡོག་གི་རྫོང་ས་ཡིན།”[27]ཞེས་བཤད་ཡོད་པས། སྔར་ག་རེ་འགག་གི་རྒྱུད་ལ་ཁྲ་ཚང་གི་མི་སྡེ་ཆེན་པོ་ཆགས་ཡོད་པ་དང་། ཁྲ་ཚང་གི་ས་ཆ་ཡང་གཞི་རྒྱ་ཆེན་པོ་ཡོད་པ་ཤེས་ཐུབ། ད་ལྟ་ག་ཐ་ཤང་གི་ཁོངས་གཏོགས་རྫོང་ལུང་ནང་དུ་ཁྲ་ཚང་གི་ཡུལ་སྡེ་ཆགས་ཡོད་ལ། ཟམ་ཞིག་ཤང་གི་ཁོངས་གཏོགས་ལ་ཁྲ་རུ་ནང་ཞེས་པའི་ལུང་པ་དང་ཁྲ་ཚང་གོང་འོག་གི་ཁྱིམ་དུད་ཆགས་ཡོད། གསེར་མདོ་ཤང་དུ་ཁྲ་རུ་ཁ་ཞེས་པའི་ས་ཆ་དང་དེར་ཁྲ་ལྡིང་དཔོན་ཚང་གི་ཁྱིམ་གཞིས་ཆགས་ཡོད་པ་རེད། དེས་ན་སྔར་ཁྲ་རྒན་ཉི་མ་འབྲུག་འཕྲུལ་ཚང་གི་དུས་སུ་ཁྲ་ཚང་གི་ས་ཆ་གཙོ་བོ་དེ་ག་རེ་འགག་རྒྱུད་དུ་ཡོད་པ་ཤེས་ཐུབ། ས་གནས་དེའི་དཀྱིལ་དེ་སྤུ་ཁུག་གི་རྒྱ་རྗེའི་མཁར་ཤུལ་ཡོད་སར་ཁེལ་ཡོད། གུས་པས་བསམས་ན། སྤུ་ཁུག་གི་རྒྱ་རྗེ་ཉི་མ་འབྲུག་གྲགས་ཀྱི་མཁའ་ཤུལ་ཟེར་བ་དེ་ཡང་དོན་ལ་ཐོག་མར་ཁྲ་རྒན་ཉི་མ་འབྲུག་འཕྲུལ་གྱི་མཁར་རྫོང་ཡིན་པ་ལ། ཕྱིས་སུ་ཆིང་རྒྱལ་རབས་ཀྱིས་མངགས་པའི་རྒྱ་རིགས་དཔོན་གཡོག་རྣམས་ཀྱི་སྡོད་ས་བྱས་པ་རེད། དེར་བརྟེན། ཁྲ་རྒན་ཉི་མ་འབྲུག་འཕྲུལ་ནི་ཕྱིས་སུ་ཁྱུང་རབས་ཁག་ལས་རྒྱ་རྗེ་ཉི་མ་འབྲུག་གྲགས་དང་འབྲེལ་བའི་གཏམ་རྒྱུད་ཀྱི་ས་བོན་གཉིས་པ་དེ་ཆགས་ཡོད།
       བཞི། མན་ཆིང་རྒྱལ་རབས་དང་ཁྱུང་ཡུལ་གྱི་འབྲེལ་བ།
       སྤྱིར་ན་ཕྲན་རང་ཆུང་དུས་སུ་རྒན་རབས་ཀྱི་ངག་ལས་ཁྱུང་ཡུལ་ཁུལ་དུ་རྒྱ་བོད་ཧོར་གསུམ་གྱིས་དབང་སྒྱུར་བྱས་མྱོང་བ་ཐོས་མྱོང་ལ། དེང་གི་ཆར་ཡང་རྒྱ་བོད་ཧོར་གསུམ་སོ་སོ་དང་འབྲེལ་བའི་ས་མིང་སྡེ་མིང་ཡོད་པ་རེད། མཁར་རྨེའུ་བསམ་གཏན་ལགས་ཀྱིས་བརྩམས་པའི«བོད་བྱང་ཐང་གི་ཧོར་ཚོ་སོ་དགུའི་ལོ་རྒྱུས་ཀྱི་བྱུང་འཕེལ་ལ་རགས་ཙམ་དཔྱད་པ།»ཞེས་པ་ལས།“ཧོར་རྒྱལ་ཐོག་བཅུ་གཅིག་པ་ཁྲི་དཔོན་རྒྱལ་གྱི་དུས་སུ་ཨམ་བན་ཞེས་པའི་དཔོན་གནས་ཤིག་ཆིང་སྲིད་གཞུང་གིས་སྤྱི་ལོ༡༧༢༨ལོར་ཐོག་མར་ལྷ་སར་བཙུགས་པ་དང་ཧོར་ཚོ་དེ་ཡང་ཨམ་བན་ནས་དམིགས་བསལ་དབང་བསྒྱུར་བྱ་ཡུལ་དུ་གྱུར། སྒྲིག་གཞི་དེ་སྤྱི་ལོ༡༩༡༢བར་གནས་ཡོད། སྤྱི་ལོ༡༧༢༨ནས༡༩༡༢བར་གྱི་ཧོར་གྱི་ལོ་རྒྱུས་དུས་མཚམས་དེ་ལ་“རྒྱ་དུས་”ཞེས་བརྗོད་སྲོལ་ཡོད།”[28]ཅེས་བཤད་ཡོད། ཁྱུང་ཡུལ་ལ་ཆིང་རྒྱལ་རབས་ཀྱིས་དབང་སྒྱུར་བྱས་པའི་སྐོར་དེ«ཁྱུང་པོ་སྟེང་ཆེན1»ནང་གསལ་པོར་བཀོད་ཡོད་པ་ལས་མདོར་ཙམ་དྲངས་ན། རྒྱ་ནག་མན་ཆིང་གོང་མའི་རྒྱལ་རབས་ཁྲི་ཐོག་གསུམ་པ་གཡུང་ཀྲིང་ཁྲི་ལོ་ལྔ་པའི་སྐབས་ཏེ“སྤྱི་ལོ༡༧༣༡ལོར་ཚོ་པ༧༩ས་མཚམས་བཟོས་ནས་དེམ་ཆི་ཚོ་པ༤༠ཐམ་པ་མཚོ་སྔོན་གྱི་ཁོངས་སུ་སྦྱར་བ་དང་། ཚོ་པ་སུམ་ཅུ་སོ་དགུ་འདི་ཡང་ཟི་ཁྲོན་གྱི་ཁོངས་སུ་སྦྱར་བ་རེད། སྤྱི་ལོ༡༧༥༡ལོར་མན་ཆིང་སྲིད་གཞུང་གིས་ཧོར་ཚོ་པ་སུམ་ཅུ་སོ་དགུའི་ས་ཁོངས་དེ་དག་བོད་སྡོད་ཨམ་བན་ཡ་མོན་གྱི་ཐད་ཀའི་མངའ་ཁོངས་སུ་བརྩིས་ནས་དོ་དམ་བྱེད་ཀྱི་ཡོད་པ་རེད། ཆིང་རྒྱལ་རབས་སྲིད་གཞུང་ནས་ཚོ་པ་སུམ་ཅུ་སོ་དགུའི་ས་ཁུལ་ཁག་ཏུ་སྤྱི་ཁྱབ་དཔོན་རིགས་མངགས་གཏོང་བྱས་པ་ཕུད་ད་དུང་ལོ་ལྟར་འཇལ་སྒྲུབ་དགོས་པའི་ཁྲལ་རིགས་འཕྲི་སྒྲུབ་ཞུ་སྒོ་གཏན་འབེབས་བྱས་པ་རེད། མན་ཆིང་རྒྱལ་རབས་ཀྱི་དུས་མཇུག་ཏུ་ཀྲའོ་འར་ཧྥུང་ཚོ་པ་སུམ་ཅུ་སོ་དགུའི་ས་ཁུལ་དུ་སླེབས་ཤིང་སྡེ་དཔོན་འཐེན་ནས་གཞུང་དཔོན་བསྐོ་བའི་ལམ་ལུགས་མ་འགྲུབ་པས་ཆིང་རྒྱལ་རབས་སྲིད་གཞུང་གིས་ཚོ་པ་སུམ་ཅུ་སོ་དགུའི་ས་ཁུལ་གྱི་དབང་བསྒྱུར་སྲུང་སྐྱོང་ཕྱིར་སྔར་གྱི་དཔོན་གནས་རྣམས་ཕ་ཤུལ་བུ་འཛིན་བྱེད་དུ་བཅུག་ནས་ས་ཆ་དེ་དག་ཟི་ཁྲོན་མཐའ་མཚམས་ཀྱི་མངའ་ཁོངས་སུ་བཅུག་པ་རེད། དེའི་ཡན་གྱི་དུས་དེར་རྒྱ་དུས་ཟེར་གྱི་ཡོད་པ་རེད།”[29]ཅེས་དང་། ཡང“༡༩༡༦ལོར་སླེབས་མཐར་དེའི་ལོ་ཤས་ནང་དུ་དམག་ཤེད་ཅན་དབར་གྱི་འཐབ་རེས་དང་གོ་མིན་ཏང་གི་དངོས་ཡོད་སྟོབས་ཤུགས་མི་འདང་བ་སོགས་ཀྱི་རྐྱེན་པས་སྤྱི་ལོ༡༩༡༦ལོ་སྟེ་བོད་མེ་འབྲུག་ལོར་ཚོ་པ་སུམ་ཅུ་སོ་དགུའི་ཁུལ་དུ་བོད་བཀའ་ཤག་སྲིད་གཞུང་གིས་དབང་སྒྱུར་བྱས།”[30]ཞེས་བཀོད་ཡོད་པ་རེད། ཕལ་ཆེར་ལོ་ཉིས་བརྒྱ་ཡས་མས་རིང་ཁྱུང་ཡུལ་སོགས་སུ་མན་ཆིང་གིས་དབང་བསྒྱུར་བ་རེད། དེས་ན་ཁྱུང་ཡུལ་སྟོད་སྨད་བར་གསུམ་དུ་རྒྱ་ཡི་དཔོན་རིགས་སྡོད་སའི་མཁར་རྫོང་དང་ས་གནས་མང་བ་རེད། ཕྱིས་ཀྱི་ཁྱུང་རབས་ཁག་ལས། རྒྱ་གནམ་རྫོང་བཀྲ་ཤིས་བསྡད་ས་ན། དེ་ན་བློན་པོ་ས་གཡར་གྱིས། རྒྱ་སོག་ཆུང་བཀྲ་ཤིས་བསྡད་ས་ན། དགུན་དང་གངས་དཀར་ཞུ་མེད་ཡིན། རྒྱ་གྱང་ཁམས་གསུམ་དབང་སྡུད་ཡོད་པས་ན། ཁམས་གསུམ་དབང་དུ་སྡུད་པ་ཡིན། ལྟ་བུ་འཁོད་ཡོད། ལྷག་ཏུ་ག་ངས་ཤང་གི་སྤུ་ཁུག་སོགས་སུ་མན་ཆིང་སྲིད་གཞུང་གི་མངགས་པའི་དཔོན་རིགས་བསྡད་པའི་རྟགས་གསལ་པོར་འདུག་སྟེ། ཡུལ་དེའི་ཁ་དཔེ་ལ། རྒྱ་ཨ་ཏི་མི་ལི་ཚ་གྱང་ཁ། །རྒྱ་ཇི་བི་རི་བི་ར་ཡོབ་རྒས། །རྒྱ་ཨ་སྤུངས་ཁ་དེ་མཁར་སྤུངས་ཁ། །[31]ཞེས་བརྗོད་སྲོལ་འདུག དམིགས་བསལ་ག་ངས་ཤང་གི་ཉེ་འགྲམ་དུ་སྐབས་དེར་རྒྱ་ཡི་དཔོན་རིགས་སྡོད་པའི་རྒྱུ་མཚན་གཅིག་ནི་ཡུལ་དེའི་གྱང་མར་དང་སེ་མར་ཞེས་པའི་ས་གནས་གཉིས་ལ་རྒྱ་འབྲས་སོགས་འདེབས་ཆོག་པས་ཡིན་འདུག ས་ཆ་དེ་གཉིས་ནི་ག་ཆུའི་འགྲམ་རྒྱུད་དུ་ཡོད་པས་སྤྱིའི་ཆ་ནས་དྲོད་ཁུལ་ཆེ་བ། གྱང་མར་ནི་ག་ཆུ་དང་ཚྭ་ཆུ་གཉིས་ཀྱི་འབྲེལ་མཚམས་སུ་ཡོད་པའི་ན་གཞུང་ལྟ་བུ་ཞིག་ཡིན། སེ་མར་ནི་གཏེར་ཆུ་ཞེས་པ་ཆུ་ནག་དགུན་ལ་ཆབ་རོམ་མི་ཡོང་བ་ཞིག་ཡོད་པ་དེ་དང་ག་ཆུ་གཉིས་ཀྱི་འབྲེལ་མཚམས་སུ་ཡོད་པའི་ན་གཞུང་ཞིག་ཡིན། ས་གནས་དེ་དག་ལ་སྔོན་མ་རྒྱ་འབྲས་སྨིན་པ་བཤད་སྲོལ་ཡོད་པ་མ་ཟད། ཁྱུང་རབས«གཡུ་མགོ་མ»ཡི་ནང་དུ། “རྒྱང་དམར་འབྲས་ཀྱི་དིང་ཁུག་ན། ལྷོ་པ་འགོ་རས་བཟུང་ནས་འདུག”[32]ཅེས་གསལ་བ་དང་། ཕྱིས་སུ་གཤེན་སྤྲུལ་ཐུགས་རྗེ་ཉི་མས(༡༩༠༡-༡༩༤༩)ཀྱང་ཡུལ་དེའི་གནས་ཡིག་ཅིག་ཏུ“གྱང་མར་སེ་མར་བཅས་ལ་རྒྱ་འབྲས་ཚར(སྨིན་པའི་ཡུལ་སྐད་ཡིན)།”ཞེས་བཀོད་ཡོད་པ་རེད་ཟེར། གཞན་ཡང་ཡུལ་དེའི་གཡས་གཡོན་གྱི་རི་ངོས་དང་འདབས་རོལ་སོགས་ལ་ཞིབ་ཏུ་བལྟས་ན་སྔོན་མ་རྒྱ་ཞིང་གྲུ་བཞི་མ་ཧ་ཅང་མང་པོ་བཏབ་མྱོང་བའི་རྗེས་ཤུལ་མཐོང་ཐུབ། ཡུལ་དེའི་རྒན་རབས་ཀྱིས་ཟེར་ན། དེང་གི་མཁར་སྤུངས་ཁ་ཟེར་བ་དེར་ཆགས་པའི་ཁྱིམ་དུད་དག་ནི་ཕྱིས་སུ་གསར་དུ་ཆགས་ཤིང་། སྔོན་མ་དེར་མཁར་ཚོམ་ཁ་ཟེར་ཞིང་རྒྱ་མཁར་ཁ་ཤས་ཀྱི་ཞིག་ཤུལ་ཡོད་པར་བཤད། དེར་བརྟགས་ན། མན་ཆིང་རྒྱལ་རབས་ཀྱི་དུས་སྐབས་སུ་སྤུ་ཁུག་དང་མཁར་སྤུངས་ཁ་སོགས་སུ་རྒྱ་རིགས་དཔོན་གཡོག་མང་དུ་བསྡད་པ་ལ། སྤྱི་ལོ༡༩༡༡ལོར་སུན་ཀྲུང་ཧྲན(孙中山)གྱིས་སྣེ་ཁྲིད་པའི“ལྕགས་ཕག་ལོའི་གསར་བརྗེ་བསླངས་པ་དང་། ཆིང་རྒྱལ་རབས་མགོ་རྟིང་བསློགས་པ”[33]རེད། དེ་ནས་ཡུན་རིང་མ་འགོར་བར་རབ་བྱུང་ལྔ་པའི་མེ་འབྲུག(༡༩༡༤)ལོར་བོད་བཀའ་ཤག་སྲིད་གཞུང་གིས་ཡུལ་དེར་དབང་སྒྱུར་བྱས་པ་དང་། ཡུལ་དེར་གནས་སྡོད་བྱས་པའི་བོད་སྡོད་ཨམ་བན་དག་སླར་ཡང་རྒྱ་ཡུལ་དུ་ལོག་དགོས་བྱུང་བས་མཁར་ཤུལ་ཙམ་ལས་མ་ལུས་པར་གྱུར། དེ་ནས་རིམ་བཞིན་ག་ལེར་ས་གནས་དེ་དག་ཏུ་ཁྱིམ་དུད་ཁ་ཤས་ཀྱིས་ས་བཟུང་བ་དང་དེང་གི་ཡུལ་སྡེ་ཆགས་པ་ཤེས་ཐུབ། དེ་བས་ང་ཚོས་ཞིབ་ཏུ་དཔྱད་ཅིང་བརྟགས་ན་རྒྱ་རྗེ་ཉི་མ་འབྲུག་གྲགས་ཀྱི་གཏམ་རྒྱུད་ཇི་ལྟར་ཡོང་བ་གསལ་པོར་ཤེས་ཐུབ། དེ་བཞིན་དེང་གི་སྟེང་ཆེན་རྫོང་དང་ཉེ་བའི་སར་ཡོད་པའི་རྒྱ་མཁར་སྣ་རུ་འབོད་པའི་ས་མིང་སོགས་རྒྱ་དུས་སུ་བྱུང་བ་ཤེས་ཐུབ་བོ། །འདི་ནི་རྒྱ་རྗེ་ཉི་མ་འབྲུག་གྲགས་དང་འབྲེལ་བའི་གཏམ་རྒྱུད་ཀྱི་ས་བོན་གསུམ་པ་དེ་ཡིན་ནོ། །
བཞི་པ། མཐའ་བསྡོམས།
       དེ་ལྟར་ཁྱུང་རབས་ཚད་ལྡན་ཁག་ཏུ་རྒྱ་རྗེ་ཉི་མ་འབྲུག་གྲགས་སྐོར་མ་གསལ་བ་དང་། དེ་ལས་ལྡོག་སྟེ། «ཁྱུང་པོའི་དཀར་ཆབ་ཆེན་མོ»ལས། ཁྱུང་པོ་ནང་ཆེན་གྲགས་པ་སྐུ་ན་ཕྲ་བའི་དུས་སུ་སྐྱ་བོ་དཔོན་རྒྱལ་ལ་ཁྱུང་པོའི་གདན་ས་འཛིན་བཅུག་པ་དང་། ཕྱིས་སུ་གདན་ས་ནང་ཆེན་གྲགས་པར་གཏད་པ་སོགས་འཁོད་པར་གཞིགས་ན། རྒྱ་རྗེ་ཉི་མ་འབྲུག་གྲགས་དང་ཁྱུང་པོ་གཉིས་གདན་ས་བརྗེ་ལེན་བྱས་ཞེས་པའི་གཏམ་རྒྱུད་དེ་མ་མཐའ་ཁྱུང་པོ་བློ་གྲོས་རྒྱལ་མཚན་བྱོན་ཟིན་པའི་རྗེས་སུ་བྱུང་བ་ཤེས་ཐུབ་ཅིང་། གཏམ་རྒྱུད་དེ་འགྲུབ་བྱེད་ཀྱི་ས་བོན་ཡང་ང་ཚོས་གོང་དུ་གླེང་ཟིན་པ་དེ་རེད།
 
མཆན།
[1] ཚངས་སྲས་འཇིགས་མེད་སོགས་ཀྱིས་བསྒྲིགས་པའི«མེས་པོའི་རིག་མཛོད»ཅེས་པའི་དེབ་ཕྲེང་བཅུ་གཅིག་པ«ཁྱུང་རབས་དཔེ་རྙིང་ཕྱོགས་བསྒྲིགས»ཞེས་པའི་ཤོག་ངོས༢༢༦སྟེང་གསལ། ༢༠༢༢ལོར།
[2] གཙུག་གཤེན་རྒྱལ་མཚན་གྱིས་བརྩམས་པའི«གྱིམ་ཤོད་ཡུལ་དུ་ཁྱུང་པོའི་གདུང་རབས་བྱུང་ཚུལ་ལ་དཔྱད་པ།»ཞེས་པ་ལས“སྤོ་བོ་ལ་ནག་ནི་སྤུ་བོ་དང་ལྷོ་རོང་རྫོང་གི་འབྲེལ་མཚམས་སུ་ཡོད་ཅིང་དེང་སང་ཡང་ཁྱུང་འཐོར་ལ་ཞེས་འབོད། སྤྱི་ཚོགས་རྙིང་པའི་དུས་སུ་ལྷོ་རྒྱུད་ནས་མདོ་སྨད་དང་ཁྱུང་ཡུལ་སོགས་སུ་འགྲོ་དུས་བརྒྱུད་དགོས་ངེས་ཀྱི་ལ་ཞིག་ཡིན་པ་བཤད”ཞེས་གསལ་ཡོད། རྩོམ་ཁུངས་ཧི་མ་ལ་ཡི་བོན། ༢༠༡༩ལོར།
[3] ཚངས་སྲས་འཇིགས་མེད་སོགས་ཀྱིས་བསྒྲིགས་པའི«མེས་པོའི་རིག་མཛོད»ཞེས་པའི་དེབ་ཕྲེང་ཉི་ཤུ་པ«རྒྱལ་ཁྱུང་དཀར་པོའི་གདུང་རབས་རྣམ་ཐར་གྱི་དཀར་ཆབ་ཆེན་མོ་བཞུགས་སོ།»ཞེས་པའི་ཤོག་ངོས༩༦པ་ལས“འདན་ཁྱུང་སྟག་པའི་རྒྱུད་ཀྱི་འབྲི་རྒྱུད་ན། རག་ཏག་རིན་ཆེན་སྟེངས། ལྷུན་གྲུབ། ཁ་མར། ཟུར་ཀར། མདོ་བཀྲ། ཝར་འཛི། ལྡ་ཀློང་། རབ་མདའ་ལ་སོགས་ན་དེབ་ཐེར་ལ་ཐེབ་པའི་གནས་གཞི་བརྒྱད་ཅུ་བཟུང་ཞིང་། གྲྭ་སྐོར་གྱི་མཐའ་རྒྱ་ཡོན་བདག་མི་སྡེའི་བཅད་རིས་ཆེན་མོ་མདོ་སྨད་དུ་ཡོད་དེ།”ཞེས་གསལ་བས། རག་ཏག་ཅེས་པ་ནི་འབྲི་ཆུ་ཤར་རྒྱུད་ཀྱི་དེང་གི་སྡེ་དགེ་ཞེས་པའི་ས་ཁོངས་དེ་ལ་གཙོ་བོར་གོ་བ་ཤེས་ཐུབ། ༢༠༢༣ལོར།
[4] རྒྱ་ཚ་སྤུན་དྲུག་ཅེས་པའི་གོ་དོན་ནི་མ་ཡུལ་རྒྱལ་རབ་མདའ་བཟའ་ཡིན་པ་ལ། ཚིག་བསྡུས་པས་རྒྱལ་བཟའ་འམ་རྒྱ་བཟའ་ཞེས་འབོད་པ་རེད། ཁྱུང་རབས་དཔེ་དཀོན«ཁྱུང་པོའི་དཀར་ཆབ་ཆེན་མོ»ནང་དུ་རྒྱལ་རབ་མདའ་བཟའ་ཞེས་བྲིས་འདུག ཁྱུང་རབས་རྙིང་པ་འགའ་རུ་རྒྱ་རབ་མདའ་བཟའ་ཞེས་བྲིས་པ་ཡང་འདུག གང་ལྟར་འབྲི་ཆུའི་ཤར་རྒྱུད་རབ་མདའ་ཞེས་པའི་ས་གནས་ཀྱི་བུ་མོ་ཞིག་རེད། ས་ཆ་འདི་དེང་སང་སྡེ་དགེའི་ཁོངས་སུ་གཏོགས་པ་འདྲ། ཕྱིས་སུ་ཁྱུང་རབས«ལེགས་བཤད་ཕྲེང་བ»ཞེས་པ་ལས་རྒྱ་དར་རྩེ་མདོ་ནས་ཡིན་པར་བཤད་པ་ནི་རང་བཟོས་འབའ་ཞིག་རེད། མ་གཞི་དར་རྩེ་མདོ་ནས་ཡིན་ན་རྒྱ་བཟའ་ཡིན་པའི་ངེས་པ་ཡང་མེད་དོ། །
[5] བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོས་བརྩམས་པའི«བསྟན་རྩིས་ཡིད་ཀྱི་མུན་སེལ»ཞེས་པའི་ཤོག་ངོས༡༠༩སྟེང་གསལ། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༠༩ལོར།
[6] དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་བརྩམས་པའི«དུང་དཀར་ཚིག་མཛོད་ཆེན་མོ»ཞེས་པའི་ཤོག་ངོས༥༢༦སྟེང་གསལ། [M] ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༤ལོར།
[7] ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱིས་བརྩམས་པའི«བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ»(ཧྲག་བསྡུས་དེབ།) ཅེས་པའི་ཤོག་ངོས༩༢ གསལ། [M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༦ལོར།
[8] «མ་ཡིག་གཡུ་མགོ་མ»ལས་འབྲི་གུང་རིན་པོ་ཆེ་དང་ཁྱུང་པོའི་བར་དུ་ཞུ་ལན་མང་པོ་བྱས་པ་དེ་དག་འདི་སྐབས་སུ་ཡིན་པ་ཤེས་དགོས།
[9] སྒོ་སྤེ་བོན་གྱིས་བརྩམས་པའི«ཧོར་སྦྲ་ཆེན་མངའ་ཁུལ་སོག་གཡུང་དྲུང་གླིང་ངམ་ལྕགས་ཟམ་གཡུང་དྲུང་གླིང་དགོན་ལོ་རྒྱུས་ཅུང་ཙམ་དཔྱད་པ» རྩོམ་ཁུངས། ཧི་མ་ལ་ཡི་བོན། ༢༠༢༡ལོར།
[10] རྣམ་དག་ཡེ་ཤེས་ཀྱིས་བརྩམས་པའི«ག་ངས་ལས་འཕྲོས་ཏེ་རི་གྲོང་གི་ངོ་སྤྲོད་གནའ་མི་རྒས་པའི་ཞལ་ལུང»རྩོམ་ཁུངས། རི་དམར་དགོན་གྱི་འཕྲིན་སྟེགས། ༢༠༢༢ལོར།
[11] འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་སོགས་ཀྱིས་བསྒྲིགས་པའི«ཞང་བོད་ཚིག་མཛོད་ཆེན་མོ»ཞེས་པའི་ཤོག་ངོས༢༠༠སྟེང་གསལ། བར་ཆ། [G]  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༢༠ལོར།
[12] ཁྲོམ་ཚང་གི་ལོ་རྒྱུས་རྒྱས་པ་ནག་ཆུ་ས་གནས་སྦྲ་ཆེན་རྫོང་སྲིད་གྲོས་ཀྱིས་བསྒྲིགས་ཤིང་དཔར་བའི«སྦྲ་ཆེན་རྫོང་ཁོངས་སྔོན་མའི་ཚོ་ཤོག་སོ་སོའི་ལོ་རྒྱུས་དཔྱད་གཞི་ཕྱོགས་བསྒྲིགས་དོན་ལྡན་ངག་གི་རྒྱུད་མང»ཞེས་པའི་ཤོག་ངོས༢༩༡ནས་༣༤༤བར་གསལ། [G] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༢ལོར།
[13] གཙུག་གཤེན་རྒྱལ་མཚན་གྱིས་བརྩམས་པའི«ནག་གསང་ཞིག་པོའི་ལོ་རྒྱུས་དཔྱོད་ལྡན་དགྱེས་པའི་རོལ་མོ»ཞེས་པར་གསལ། གསལ་བཤད། རྩོམ་འདི་ད་སྔོན་འགྲིམ་སྤེལ་བྱས་མེད་ཀྱང་མི་འགྱངས་བར་སྒོར་ཐོན་ངེས་ཡིན།
[14] ཡུལ་ས་སྤུ་རྒྱལ་མཆོད་ཐབས། ཞེས་པའི་ནང“དབེན་གནས་རྒྱལ་བུ་ལུང་གི་རི་ཁྲོད་ནས། ཤིང་ཕག་ཟླ་བ༣པའི་ཡར་ཚེས་བཟང་པོ་ལ། ཤེལ་ཞིག་བདུད་འདུལ་མིང་གིས་མཐོང་སྣང་དུ་བཀོད་པ་དགེ་ལེགས་འཕེལ།”ཞེས་པའི་ཤོག་ངོས༡༡༤གསལ་བས་ཕྱིས་སུ་འབྲི་སྲོལ་འགའ་བྱུང་བ་ཤེས་ཐུབ། དཔེ་ཆ་འདི་དབུ་མེད་སྣ་རིང་དཔར་མ་ཞིག་ཡིན། ད་ལྟ་ཁྱུང་ཡུལ་ག་ངས་ཀྱི་བོན་གཤེན་གཡང་འཇིག་གི་ཕྱག་ཏུ་བཞུགས་ཡོད།
[15] ཚངས་སྲས་འཇིགས་མེད་སོགས་ཀྱིས་བསྒྲིགས་པའི«མེས་པོའི་རིག་མཛོད»ཅེས་པའི་དེབ་ཕྲེང་ཉི་ཤུ་པ«རྒྱལ་ཁྱུང་དཀར་པོའི་གདུང་རབས་རྣམ་ཐར་གྱི་དཀར་ཆབ་ཆེན་མོ་བཞུགས་སོ།»ཞེས་པའི་ཤོག་ངོས༢༥སྟེང་གསལ། ༢༠༢༣ལོར།
[16] ཚངས་སྲས་འཇིགས་མེད་སོགས་ཀྱིས་བསྒྲིགས་པའི«མེས་པོའི་རིག་མཛོད»ཅེས་པའི་དེབ་ཕྲེང་བཅུ་གཅིག་པ«ཁྱུང་རབས་དཔེ་རྙིང་ཕྱོགས་བསྒྲིགས»ཞེས་པའི་ཤོག་ངོས༢༢༦སྟེང་གསལ།༢༠༢༢ལོར།
[17] ཚངས་སྲས་འཇིགས་མེད་སོགས་ཀྱིས་བསྒྲིགས་པའི«མེས་པོའི་རིག་མཛོད»ཅེས་པའི་དེབ་ཕྲེང་ཉི་ཤུ་པ«རྒྱལ་ཁྱུང་དཀར་པོའི་གདུང་རབས་རྣམ་ཐར་གྱི་དཀར་ཆབ་ཆེན་མོ་བཞུགས་སོ།»ཞེས་པའི་ཤོག་ངོས༨༢སྟེང་གསལ། ༢༠༢༣ལོར།
[18] ཁྱུང་རབས་ཞེས་པ་ནི་བོན་གྱི་གདུང་རིགས་གྲགས་ཅན་ཁྱུང་པོའི་རུས་ཁུངས་དང་འཕོ་འགྱུར། ད་ལྟའི་གནས་བབ་སོགས་བཀོད་པའི་ལོ་རྒྱུས་ཡིག་ཆ་ཞིག་ཡིན། ཁྱུང་རབས་སྣ་ཁ་གཅིག་ལ་མ་དཔེ་མི་འདྲ་བ་ཡོད་པ་མ་ཟད། དུས་རིམ་སྔ་ཕྱི་མི་འདྲ་བ་དང་རྩོམ་པ་པོ་མི་འདྲ་བས་བརྩམས་པའི་ཁྱུང་རབས་སོགས་ཡོད། ཁྱུང་རབས་དཔེ་རྙིང་ཕྱོགས་བསྒྲིགས་ཞེས་པའི་དེབ་ནང་ཁྱུང་རབས་སྣ་ཁ་མི་འདྲ་བ་བཅུ་བསྡུས་ཡོད། དེར་མ་བསྡུས་པའི་ཁྱུང་རབས་ཕྲན་གྱིས་མཐོང་བ་གཉིས་ཡོད། ད་དུང་ཁྱུང་རབས་དཔེ་དཀོན་གཞན་ཡོད་སྲིད། འོན་ཀྱང་། ཁྱུང་རབས་མང་པོ་ཞིག་ལ་ཕྱིས་སུ་ནང་དོན་གསར་པ་མང་པོ་ཁ་སྣོན་བྱས་པས་མ་ཚད། ནང་དོན་ཁ་ཤས་རང་གི་འདོད་པ་ལྟར་དུ་བཅོས་ཡོད་པས་ང་ཚོས་ཞིབ་ཏུ་དཔྱད་དགོས།
[19] ཀ་ཤུལ་བསོད་རིན་གྱིས་བརྩམས་པའི«ཁྱུང་པོ་བློ་གྲོས་རྒྱལ་མཚན་གྱི་སྐུ་ཚེ་དང་མཛད་རྗེས་སྐོར་གྱི་དཔྱད་ཞིབ»ཞེས་པའི་ཤོག་ངོས༢༧སྟེང་གསལ། [J] གཉའ་ཁྲི་བཙན་པོ་དུས་དེབ། སྤྱིའི་དེབ་གྲངས༢༢པ།
[20] སྟེང་ཆེན་རྫོང་སྲིད་གྲོས་ཀྱིས་དཔར་བའི«ཁྱུང་པོ་སྟེང་ཆེན»དེབ་ཕྲེང་དང་པོའི་ཤོག་ངོས༡༡༨སྟེང་གསལ། [G] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༥ལོར། 
[21] སྟེང་ཆེན་རྫོང་སྲིད་གྲོས་ཀྱིས་དཔར་བའི«ཁྱུང་པོ་སྟེང་ཆེན»དེབ་ཕྲེང་དང་པོའི་ཤོག་ངོས༢༨༧གསལ། [G] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༥ལོར།
[22] ཚངས་སྲས་འཇིགས་མེད་སོགས་ཀྱིས་བསྒྲིགས་པའི«མེས་པོའི་རིག་མཛོད»ཅེས་པའི་དེབ་ཕྲེང་བཅུ་གཅིག་པ«ཁྱུང་རབས་དཔེ་རྙིང་ཕྱོགས་བསྒྲིགས»ཞེས་པའི་ཤོག་ངོས༢༢༨སྟེང་གསལ།༢༠༢༢ལོར།
[23] རྒྱལ་ཁྱུང་དཀར་པོའི་གདུང་རབས་རྣམ་ཐར་གྱི་དཀར་ཆབ་ཆེན་མོ་བཞུགས་སོ།། འདི་ནི་ཁྱུང་རབས་དཔེ་དཀོན་ཞིག་ཡིན། མིང་གཞན་ལ་ཁྱུང་མཛོད་ཀྱང་ཟེར། དེང་སང་གསར་དུ་རྙེད་སོང་བྱུང་བ་ཞིག་ཡིན་ལ། ཐ་སྙད་ཀྱི་འགྲོས་དང་ནང་དོན་སོགས་གང་ལ་གཞིགས་ཀྱང་ཕྱིས་སུ་བཟོ་བཅོས་ཆེན་པོ་མ་ཐེབས་པའི་ཡིག་ཆ་རྩ་ཆེན་ཞིག་ཡིན། ཕྲན་གྱི་ལག་ལ་བྱུང་བའི་ཡིག་ཆ་ནི་པར་བཤུས་བརྒྱབ་པ་ཞིག་ཡིན་ལ། མཇུག་གི་ཤོག་ལྡེབ་ཚང་མི་འདུག དེ་བས་རྩོམ་པ་པོ་སུ་ཡིན་མིན་ཁ་ཚོན་གཅོད་དཀའ། རེད་དེ། དེང་སང་ཞིབ་འཇུག་པ་འགའ་ཤས་ཀྱིས་ཡིག་ཆ་འདི་ཁྱུང་པོ་བླ་ཆུང་བློ་གྲོས་རྒྱལ་མཚན་གྱིས་བརྩམས་པར་བཞེད་ཀྱིན་ཡོད་པ་རེད། དེར་རྒྱུ་མཚན་མེད་པ་མིན་ཏེ་འདིའི་དཀྱིལ་གྱི་ལེའུ་ཁ་ཤས་ཁོང་གིས་བརྩམས་པ་དངོས་སུ་གསལ་ཡོད་པ་རེད། གཞན་ཡང་ཁོང་གིས་བརྩམས་པའི་ཁྱུང་རབས་གཞན་པ་ཞིག་ཡོད་པ་དེ་དང་འདི་གཉིས་བརྗོད་བྱ་བསྟན་སྟངས་སོགས་འདྲ་བ་རེད། ཁོང་གི་འཁྲུངས་འདས་སྐོར་ལ་ཞིབ་འཇུག་གནང་མཁན་མང་ཡང་གཅིག་མཐུན་ཞིག་བྱུང་མེད་པས་ད་དུང་དཔྱད་དགོས་པར་མཐོང་།
[24] ཚངས་སྲས་འཇིགས་མེད་སོགས་ཀྱིས་བསྒྲིགས་པའི«མེས་པོའི་རིག་མཛོད»ཅེས་པའི་དེབ་ཕྲེང་ཉི་ཤུ་པ«རྒྱལ་ཁྱུང་དཀར་པོའི་གདུང་རབས་རྣམ་ཐར་གྱི་དཀར་ཆབ་ཆེན་མོ་བཞུགས་སོ།»ཞེས་པའི་ཤོག ངོས༦༦སྟེང་གསལ། ༢༠༢༣ལོར།
[25] «ཀྲུང་གོ་བོད་ཀྱི་ཤེས་རིག»སྤྱི་ལོ༡༩༩༣ལོའི་ལོ་དེབ་གཉིས་པ། ཤ150ལས། “སྐྱབས་སྟོན་རིན་ཆེན་འོད་ཟེར།” ཞེས་པ་ནས། “ཀ་མད་ཀྱི་བོན་པོའི་བསྟན་བཅོས་ཀྱི་དཀར་ཆག་གི་ཤོག་ངོས༢༢པ་ལས། དབྱིན་ཇིའི་པར་གྱི་ཁྲོ་འགྲེལ་གྱི་གླེང་གཞི་ལྟར་ན་ཁོང༡༣༥༣ལོར་འཁྲུངས་ཤིང་།”ཞེས་གསལ།
[26] ཚངས་སྲས་འཇིགས་མེད་སོགས་ཀྱིས་བསྒྲིགས་པའི«མེས་པོའི་རིག་མཛོད»ཅེས་པའི་དེབ་ཕྲེང་བཅུ་གཅིག་པ«ཁྱུང་རབས་དཔེ་རྙིང་ཕྱོགས་བསྒྲིགས»ཞེས་པའི་ཤོག་ངོས༢སྟེང་གསལ། ༢༠༢༢ལོར།
[27] ཚངས་སྲས་འཇིགས་མེད་སོགས་ཀྱིས་བསྒྲིགས་པའི«མེས་པོའི་རིག་མཛོད»ཅེས་པའི་དེབ་ཕྲེང་བཅུ་གཅིག་པ«ཁྱུང་རབས་དཔེ་རྙིང་ཕྱོགས་བསྒྲིགས»ཞེས་པའི་ཤོག་ངོས༡༩༡སྟེང་གསལ། ༢༠༢༢ལོར།
[28] མཁར་རྨེའུ་བསམ་གཏན་གྱིས་བརྩམས་ཤིང་བདེ་ཁང་བསོད་ནམས་ཆོས་རྒྱལ་གྱིས་བསྒྱུར་བའི«མདའ་དང་འཕང»དེབ་གསུམ་པའི་ཤོག་ངོས༦༥སྟེང་གསལ། [M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༢༠ལོར།
[29] སྟེང་ཆེན་རྫོང་སྲིད་གྲོས་ཀྱིས་དཔར་བའི«ཁྱུང་པོ་སྟེང་ཆེན»དེབ་ཕྲེང་དང་པོའི་ཤོག་ངོས༡༤༨སྟེང་གསལ། [G]  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༥ལོར།
[30] སྟེང་ཆེན་རྫོང་སྲིད་གྲོས་ཀྱིས་དཔར་བའི«ཁྱུང་པོ་སྟེང་ཆེན»དེབ་ཕྲེང་དང་པོའི་ཤོག་ངོས༡༥༨སྟེང་གསལ། [G] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༥ལོར།
[31] ཚིག་བཅད་འདི་དག་ནི་དེང་སང་ཡུལ་དེའི་རྒན་རབས་ཀྱི་ངག་ལ་ཡོད་པ་ཡིག་ཐོག་ཏུ་ཕབ་པ་ཡིན་ལ། ཁྱུང་རབས«གཡུ་མགོ་མ»ལས།“མཁར་སྤོམ་ཁ་ཡི་ས་ཆ་ན། ཧོར་ཨ་བར་གྱི་བསྡད་ས་ཡིན། ར་ཡོག་སྒེས་ཀྱི་ས་ཆ་ན། ཧོར་གྱི་བི་ར་ལུ་ཡི་བསྡད་ས་ཡིན། ཚ་གྱང་ཁ་ཡི་ས་ཆ་ན། ཨར་ཏི་མུ་རུ་བསྡད་ས་ཡིན།”ཅེས་ས་གནས་འདི་དག་ལ་སྔོན་མ་ཧོར་དམག་བསྡད་པ་བཀོད་ཡོད། དེས་ན་ས་གནས་འདི་དག་ནི་སྔོན་མ་ཧོར་གྱིས་བཟུང་བ་ལ་ཕྱིས་སུ་རྒྱ་ཡིས་བདག་བྱས་པ་གསལ་པོ་རེད།
[32] ཚངས་སྲས་འཇིགས་མེད་སོགས་ཀྱིས་བསྒྲིགས་པའི«མེས་པོའི་རིག་མཛོད»ཅེས་པའི་དེབ་ཕྲེང་བཅུ་གཅིག་པ«ཁྱུང་རབས་དཔེ་རྙིང་ཕྱོགས་བསྒྲིགས»ཞེས་པའི་ཤོག་ངོས༡༩༡སྟེང་གསལ། ༢༠༢༢ལོར།
[33] བསོད་ནམས་ཆོས་འཕེལ་གྱིས་བསྒྱུར་ཅིང་ཙེང་ཧྲེང(曾恒)གིས་བསྒྲིགས་པའི«བོད་ཀྱི་ལོ་རྒྱུས་པར་རིས་དཔྱད་ཡིག» [G] ཤོག་ངོས༦༡སྟེང་གསལ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༣ལོར།
འབྲེལ་ཡོད་འོས་སྦྱོར།