logo

གཏེར་སྟོན་སངས་རྒྱས་གླིང་པའི་གནས་སྒོ་འབྱེད་པའི་མཛད་རྣམ་གླེང་བ།

རྩོམ་པ་པོ།:དགེ་བཤེས་གཙུག་གཤེན་རྒྱལ་མཚན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2024-09-13 ཀློག་གྲངས།:
གཏེར་སྟོན་སངས་རྒྱས་གླིང་པའི་གནས་སྒོ་འབྱེད་པའི་མཛད་རྣམ་གླེང་བ།
དགེ་བཤེས་གཙུག་གཤེན་རྒྱལ་མཚན།

དང་པོ། སྤྱིར་གནས་སྐོར་གྱི་སྐོར་གླེང་བ།
       ཐོག་མར་ང་ཚོས་གནས་རི་དང་འབྲེལ་བའི་ཤེས་བྱ་ཁ་ཤས་ལ་རྒྱུས་ལོན་མདོར་བསྡུས་ཤིག་དགོས་པ་འདྲ། དེ་ཡང་བླ་རི་དང་སྒྲུབ་གནས། གནས་རི་གསུམ་ལ་དབྱེ་ཞིབ་ཅིག་སྔོན་དུ་འགྲོ་དགོས་པ་རེད། བླ་རི་ཞེས་པ་ནི་ཡུལ་དེའི་མི་སྣ་གྲགས་ཅན་གང་ཞིག་ཚེ་འཕོས་རྗེས་དེའི་བླ་རི་བོ་དེར་གནས་པ་དང་། རི་བོ་དེ་ལ་ཡུལ་ཁམས་དེའི་མི་རྣམས་ཀྱིས་མཆོད་བསྟོད་བྱེད་སྲོལ་ཡོད་པ་རེད། དེ་ནས་རིམ་བཞིན་བོད་ཁམས་ལ་གྲགས་ཆེ་བའི་སྲིད་པ་ཆགས་པའི་ལྷ་དགུ་སོགས་གཞི་བདག་དང་ཡུལ་ལྷ་ཧ་ཅང་མང་པོ་ཞིག་བྱུང་བ་རེད། སྒྲུབ་གནས་ཞེས་པ་ནི་སྔོན་བྱོན་རིག་འཛིན་དང་གྲུབ་ཐོབ། བླ་མ་རྣམས་བཞུགས་ཏེ་སྒོམ་སྒྲུབ་དང་ཉམས་ལེན་གནང་མྱོང་བའི་ས་གནས་ལ་གོ་བ་རེད། ཕྲན་གྱིས་བསམ་ན་ཐོག་མར་བླ་རི་བྱུང་བ་དང་དེ་ནས་རིམ་བཞིན་སྒྲུབ་གནས་དང་གནས་རི་སྐོར་བའི་ལམ་ལུགས་བྱུང་བར་འདོད། སྔ་མ་གཉིས་ཀྱི་སྐོར་གཞན་དུ་གསལ་བས་ཕྱི་མ་འདི་ཅུང་ཙམ་གླེང་ན། མཁས་དབང་མཁར་རྨེའུ་བསམ་གཏན་ལགས་ཀྱི་འཆད་ཁྲིད«བོད་ཀྱི་ཡུལ་ལྷ་གཞི་བདག་གསོལ་ཚུལ»ཞེས་པ་ལས“ངས་བསམ་པ་ལ་གཞི་བདག་མཆོད་སྲོལ་དེ་སངས་རྒྱས་ཆོས་ལུགས་ལས་བྱུང་བ་མ་རེད་བསམས་བྱུང་། སངས་རྒྱས་ཆོས་ལུགས་ལས་བྱུང་བ་ཡིན་ན། སངས་རྒྱས་ཆོས་ལུགས་ཀྱི་བྱུང་ཁུངས་རྒྱ་གར་རེད། རྒྱ་གར་ན་ཡུལ་ལྷ་གསོལ་བའི་སྐད་ཆ་མི་འདུག ཡིན་ནའང་རྒྱ་གར་དུ་གནས་སྐོར་ལ་འགྲོ་བའི་ལུགས་སྲོལ་ཡོད་པ་རེད། ང་རང་གི་བསམ་ཚུལ་བཤད་པ་ཡིན་ན། གནས་སྐོར་ལ་འགྲོ་བ་བོད་པ་རང་གི་ལུགས་སྲོལ་མ་རེད། རྒྱ་གར་ནས་བྱུང་བ་ཞིག་རེད་འདུག་བསམས་བྱུང་། ཡིན་ནའང་ཡུལ་ལྷ་གསོལ་བ་དེ་རྒྱ་གར་ནས་བྱུང་བ་མ་རེད། དེ་བོད་པ་རང་ནས་བྱུང་བ་ཞིག་རེད།”[1]ཅེས་གནས་རི་སྐོར་བའི་ལམ་ལུགས་འདི་ཉིད་རྒྱ་གར་ནས་བྱུང་བ་བཤད་ཡོད། རི་ཞིག་གནས་རི་འགྱུར་བ་ལ་བྱ་བའི་གོ་རིམ་འདི་དག་བརྒྱུད་དགོས་པར་བཤད་དེ། “༡ རྐང་ཐང་དུ་རི་དེ་ལ་བསྐོར་བ་བརྒྱབ་ནས་སྐོར་ལམ་འཚོལ་ཞིབ་དགོས་པ། ༢ ལམ་གྱི་ས་ཆ་རེ་འགའ་ནི་གནའ་མིའི་འཚོ་སྡོད་ཀྱི་ཤུལ་ཡིན་ཚུལ་ངོས་འཛིན་བྱ་དགོས་པ། ༣ སྐོར་ལམ་འཚོལ་ཞིབ་བྱས་རྗེས་ཀྱི་ཉིན་མཐའ་མ་དེ་ལ་རྟེན་འབྲེལ་གྱི་ཉིན་མོ་གཏན་ཁེལ་བྱ་བ། ༤ གནས་རི་དེའི་དཀར་ཆག་ཅིག་བསྒྲིག་དགོས་པ་བཅས”[2]རེད། བོད་ཡུལ་གྱི་གནས་སྒོ་འབྱེད་མཁན་བླ་མ་ཐོག་མ་དེ་སུ་ཞིག་ཡིན་མིན་ཁ་གསལ་བཤད་པ་མ་མཐོང་མོད། ཡིག་ཆ་ཁ་ཤས་སུ་རྒྱལ་བ་རྒོད་ཚང་པ་མགོན་པོ་རྡོ་རྗེས(༡༡༨༩-༡༢༥༨)གནས་མཆོག་གངས་ཏི་སེ་གནས་སྒོ་ཕྱེས་པ་བཤད་འདུག་པས་འདི་ཉིད་ཐོག་མ་ཡིན་ནམ་སྙམ། འདིར་ཁ་ཅིག་གིས་དེ་འདྲ་མ་ཡིན་ཏེ། དེའི་སྔ་རོལ་དུ་མི་ལ་རས་པ(༡༠༤༠-༡༡༢༣)སོགས་གནས་དེར་བཞུགས་པའི་ཕྱིར་ཟེར་ན། བོན་གྱི་ལོ་རྒྱུས་ལས་གངས་ཏི་སེ་ནི་གནའ་བོའི་དུས་ནས་བོན་གཤེན་རྣམས་ཀྱི་སྒྲུབ་གནས་ཡིན་པ་བཤད་ལ། མི་ལ་རས་པའི་རྣམ་ཐར་སོགས་ལས་ཀྱང་མི་ལ་རས་པ་གངས་ཏི་སེར་མ་ཕེབས་པའི་སྔ་རོལ་ནས་གནས་དེ་བོན་གྱི་བླ་མས་བཟུང་བ་བཤད་ཡོད་པས། གནས་འདི་ནི་ཆེས་སྔ་མོའི་དུས་ནས་གཡུང་དྲུང་བོན་གྱི་སྒྲུབ་གནས་ཡིན་པ་དང་། དུས་རབས་བཅུ་གཅིག་པའི་ནང་མི་ལ་རས་པ་བཞུགས་པ་ནས་ཐུབ་བསྟན་ཆོས་ལུགས་ཀྱི་སྒྲུབ་གནས་སུ་འགྱུར་འགོ་བརྩམས་པ་ཞིག་རེད། ཡིན་ནའང་སྐབས་དེར་ད་དུང་གནས་སྒོ་ཕྱེས་ཏེ་གནས་སྐོར་འགྲོ་བའི་ལམ་ལུགས་དར་མེད་པ་འདྲ། དེར་བརྟེན། དུས་རབས་བཅུ་གསུམ་པའི་ནང་དུ་རྒྱལ་བ་རྒོད་ཚང་པས་གངས་ཏི་སེ་གནས་སྒོ་ཕྱེས་པ་དང་། དེ་རྗེས་འགྲོ་མགོན་དུང་མཚོ་རས་པས་རབ་བྱུང་ལྔ་པའི་ཤིང་སྟག(༡༣༡༤)ལོར་ཙ་རི་གནས་སྒོ་ཕྱེས་པ། རྟོགས་ལྡན་རི་པ་འབྲུག་གསས་ཀྱིས་རབ་བྱུང་དྲུག་པའི་ལྕགས་རྟ(༡༣༣༠)ལོར་བོན་རི་གནས་སྒོ་ཕྱེས་པ། དུས་རབས་བཅོ་ལྔ་པའི་ནང་ནམ་མཁའ་ཆོས་ཀྱི་རྒྱ་མཚོ་དཔལ་བཟང་པོས་ཁ་བ་དཀར་པོ་གནས་སྒོ་ཕྱེས་པ་སོགས་ཀྱིས་བོད་ཁམས་ཀུན་ཏུ་གནས་སྐོར་འགྲོ་བའི་ལམ་ལུགས་རྒྱ་ཁྱབ་ཏུ་དར་བ་ཞིག་ཡིན་སྙམ་མོ། །
གཉིས་པ། བོན་གྱི་གནས་སྐོར་ལམ་ལུགས་གླེང་བ།
       ཕྲན་གྱིས་འབྲེལ་ཡོད་ཡིག་ཆ་ཁག་འཚོལ་ཞིབ་བྱས་ནས་ཤེས་རྟོགས་བྱུང་བ་ལྟར་ན། བོན་གྱི་གནས་རི་གྲགས་ཆེ་བ་དང་གནས་སྐོར་བ་ཆེས་མང་བ་ནི་ཀོང་པོ་བོན་རི་རེད། གནས་མཆོག་འདི་ནི་མདོ་སྨད་ཟླ་ཤོད་ཅེས་པའི་ཡུལ་དུ་རྨ་ར་ཞེས་པའི་གདུང་ལས་གྲོལ་བ་ཡབ་དཀོན་མཆོག་དགེ་དང་ཡུམ་ཨ་ལྕམ་ལུ་གུ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་པའི་བོན་གྱི་གྲུབ་ཐོབ་རྟོགས་ལྡན་རི་པ་འབྲུག་གསས(༡༢༩༠-༡༣༧༠)ལགས་ཀྱིས་རབ་བྱུང་དྲུག་པའི་ལྕགས་རྟ(༡༣༣༠)ལོར་གནས་སྒོ་ཕྱེས་པ་ཞིག་རེད། ཁོང་ཐོག་མར་ཕ་ཡུལ་ནས་ཡུལ་གྱར་ཚུལ་དུ་འཇང་ཡུལ་དང་དར་རྩེ་མདོ་སོགས་སུ་ཕེབས་ཤིང་། དེ་ནས་དབུས་གཙང་དུ་ཕེབས་ཏེ་ཐོག་མར་སྙེ་མོ་འཕགས་པུ་ལ་བཞུགས་ནས་གྲྭ་སའི་ཇ་མ་བྱས། དེ་ནས་གྲོགས་མཆེད་ཁམས་ཆེན་པ་དང་ཁྲོ་ཆེན་བྱ་བ་གཉིས་དང་འགྲོགས་ནས་སྟོད་མངའ་རིས་ཀྱི་གངས་རི་མཚོ་གསུམ་ལ་གནས་སྐོར་བྱས། སྒྲུབ་གནས་ཁག་ལ་སྒོམ་སྒྲུབ་མཛད་པས་ཉམས་རྟོགས་རྒྱུད་ལ་སྐྱེས། དེ་ནས་ཕྱིར་བྱོན་ནས་སྙེ་མོ་ཟངས་རི་བརྒྱུད་ཀོང་པོའི་ཚོང་པ་འགའ་དང་འགྲོགས་ཏེ་ཀོང་པོ་རོང་དུ་བྱོན། དེར་སྒོམ་སྒྲུབ་ཡུན་རིང་གནང་ནས་བོན་རིའི་གནས་སྒོ་ཕྱེས་ཤིང་གདན་ས་སྲིད་རྒྱལ་དགོན་ཆེན་ཕྱག་བཏབ་པ་དང་མཐར་གནས་དེར་དགོངས་པ་རྫོགས་འདུག དུས་དེ་ནས་བཟུང་ཀོང་པོ་བོན་རི་ནི་བོན་གྱི་གནས་མཆོག་གཙོ་གྲས་སུ་ཆགས་ནས་མདོ་ཁམས་ཡུལ་གྲུ་ཀུན་ནས་བོན་གྱི་དད་ལྡན་རྣམས་ཀོང་པོ་བོན་རི་སྐོར་དུ་འགྲོ་སྲོལ་ཆགས་པ་རེད། ལྷག་ཏུ་གནས་འདི་ལྕགས་རྟ་ལོར་གནས་སྒོ་ཕྱེས་པ་ཡིན་པས་རྟ་ལོ་ནི་བོན་རིའི་གནས་མགྲོན་ཡིན་པས་ལོ་དེར་ལྷག་ཏུ་གནས་སྐོར་བའི་ཁྱུ་ཚོགས་རྡོལ་བ་རེད། དེ་རྗེས་སྤྲུལ་པའི་སྐུ་མཆོག་བློ་ལྡན་སྙིང་པོས(༡༣༦༠-༡༤༠༦)མདོ་ཁམས་ཁྱུང་ཡུལ་དུ་ཆགས་པའི་བོན་གྱི་གནས་མཆོག་ཁྱུང་པོ་རི་བོ་རྩེ་དྲུག་གནས་སྒོ་ཕྱེས་གནང་ཡོད་དེ། «རྩེ་དྲུག་གནས་ཀྱི་ལོ་རྒྱུས་གསལ་བའི་སྒྲོན་མེ»ལས“སྔོན་ཆད་རིག་འཛིན་སྒྲུབ་པའི་གནས། །ད་ལྟ་སྐལ་ལྡན་སྒྲུབ་གཤེན་གྱིས། །མཆོག་ཐུན་སྒྲུབ་པའི་གནས་སུ་བསྟན། །ཕྱི་རབས་གང་ཟག་སྐྱེས་བུ་ལ། །རིགས་ལྡན་གནས་སྒོ་ཕྱེ་བར་མཛོད། །”[3]ཅེས་ཁོང་ལ་གནས་སྒོ་འབྱེད་དགོས་པའི་ལུང་བསྟན་བྱུང་བ་དང་། དེ་ནས་ཁོང་གིས་གནས་སྒོ་ཕྱེས་ཏེ་གནས་ཡིག་འདི་ཉིད་གཏན་ལ་ཕབ་གནང་འདུག དེར་བརྟེན། གནས་རི་འདི་གཉིས་ནི་བོན་གྱི་ཐུན་མིན་གྱི་གནས་རི་ཞིག་ཆགས་པ་རེད་ལ། བོན་གྱི་དད་ལྡན་རྣམས་ཀྱི་སེམས་སུ་གཞན་གྱིས་ཚབ་བྱེད་མི་ཐུབ་པའི་གོ་གནས་གལ་ཆེན་བཟུང་ཡོད།
གསུམ་པ། གནས་སྒོ་འབྱེད་པའི་ཀུན་སློང་གི་འབྱུང་རྐྱེན་གླེང་བ།
       གཏེར་སྟོན་སངས་རྒྱས་གླིང་པ་མཆོག་ནི་མདོ་ཁམས་ཚ་བ་རོང་དེང་གི་སྲིད་འཛིན་ས་ཁོངས་ཀྱི་དབང་དུ་བྱས་ན། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་གླིང་ཁ་འོག་མ་ཤང་གི་དབྱིབས་པ་གྲོང་དུ་རབ་བྱུང་བཅུ་གཉིས་པའི་ཤིང་བྱ(༡༧༠༥)ལོར་ཡབ་འཕགས་བུ་གཡུང་དྲུང་ཚེ་དབང་རྒྱལ་པོ་དང་ཡུམ་སྒར་བཟའ་རིན་ཆེན་མཚོ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཁོང་ནི་བོན་གྱི་རིག་འཛིན་རྣམ་བཞིའི་ཡ་གྱལ་ཡིན་ལ། སྤྲུལ་སྐུ་བློ་ལྡན་སྙིང་པོ་མཆོག་གི་ཡང་སྲིད་ཤེལ་ཞིག་གཡུང་དྲུང་རྒྱལ་པོའམ་མི་ཤིག་རྡོ་རྗེ་ལགས་ཀྱི་སྤྲུལ་སྐུ་ཡིན་པ་གསལ་ཡོད། ཁོང་གི་སྐྱེ་རབས་གོང་མ་གཉིས་ཀྱིས་ཀྱང་ཡུལ་ཁམས་མང་པོར་ཕེབས་ནས་གཏེར་འདོན་པ་དང་གནས་སྒོ་འབྱེད་པ། ས་གནད་བཅོས་པ་སོགས་ཀྱི་མཛད་འཕྲིན་བསྐྱངས་ཤིང་། ཞིང་ཁམས་ཀྱི་མཇལ་སྣང་དང་ལྷ་སྲུང་གི་ལུང་བསྟན་བྱུང་ནས་བོན་སྡེ་མང་པོ་སྙན་རྒྱུད་བྱས་པ་རེད། ལྷག་ཏུ་སྤྲུལ་སྐུ་བློ་ལྡན་སྙིང་པོ་མཆོག་གིས་ཚ་བ་སྒང་རོང་གཉིས་དང་། གྱིམ་ཤོད་དང་ཀོང་པོ་སོགས་སུ་ཕེབས་བཞུགས་མཛད་དེ་སྒོམ་སྒྲུབ་ཉམས་ལེན་གནང་བ་དང་དགོན་སྡེ་གསར་འདེབས་མཛད་ཡོད། ཁྱད་པར་དུ་ཁོང་ཀོང་པོར་བྱོན་ནས་གནས་མཆོག་བོན་རིར་མཇལ་སྐོར་བྱས་པ་དང་། བོན་རིའི་གནས་ཡིག་གཏན་འབེབས་པ་སོགས་བྱས་ཤིང་། ཁྱུང་ཡུལ་གྱིམ་ཤོད་གནས་ཤེལ་ལེ་རྒྱ་སྐར་གནས་སྒོ་ཕྱེས་གནང་བ་རེད། འདི་དག་ནི་གཏེར་སྟོན་སངས་རྒྱས་གླིང་པ་མཆོག་གིས་གནས་སྒོ་འབྱེད་པའི་ཀུན་སློང་གི་འབྱུང་རྐྱེན་གཙོ་བོ་དེ་ཆགས་ཡོད། རྒྱུ་རྐྱེན་གཞན་ཞིག་ནི་ཁོང་གི་རང་རྣམ་ལས“དེ་ནས་ཚ་བ་པདྨ་འབུམ་གླིང་གི །གནས་ཆེན་རྣམ་གྲངས་བསམ་གྱིས་མི་ཁྱབ་ཀྱང་། །བྲག་དཀར་རྩེ་རྫོང་གནས་སྒོ་ཕྱེ་དགོས་ཀྱི། །ལུང་བསྟན་མང་པོ་ཡང་ཡང་བྱུང་བ་ལ། །”ཞེས་རིག་འཛིན་མཁའ་འགྲོ་རྣམས་ཀྱི་གནས་སྒོ་འབྱེད་དགོས་པའི་ལུང་བསྟན་ཡང་ཡང་བྱུང་བ་དང། “ཕག་ལོར་ཤར་ཕྱོགས་སྦས་པའི་རོང་ཆེན་ལས། །དུས་ཀྱི་འཁྲུག་པ་ཉེ་བར་སྡང་ལ་ཁད། །བཟློག་ཐབས་གནས་ཀྱི་སྒོ་ཕྱེས་སྨོན་ལམ་ཐོབས། །”[4]ཞེས་གནས་སྒོ་འབྱེད་ཐུབ་ན་དུས་ཀྱི་འཁྲུག་པ་བཟློག་པའི་ཕན་ནུས་ཡོད་པར་བཤད་པ་དག་རེད། གཞན་ཡང«མདའ་དང་འཕང»ལས“ཁོ་བོའི་ལྟ་ཚུལ་ལ། གཏེར་ཞེས་པའི་འདུ་ཤེས་སམ་ཐ་སྙད་དེ་ནི་རི་བོ་སོགས་ཚུད་པའི་གནས་སུ་གནས་སྒོ་འབྱེད་པ་དང་། དེ་ལ་བསྐོར་བ་བྱེད་པའི་སྲོལ་དར་བའི་ཐོག་མའི་རྒྱུ་རྐྱེན་ཞིག་ཡིན་པར་སེམས།”[5]ཞེས་གསལ་བ་ལྟར། ཁོང་གིས་རི་བོ་དང་ས་གནས་མང་པོ་ཞིག་ནས་གཏེར་འདོན་དགོས་པ་དེ། གནས་སྒོ་འབྱེད་དགོས་པའི་རྒྱུ་རྐྱེན་དུ་གྱུར་ཡོད།
བཞི་པ། གནས་སྒོ་ཕྱེས་པའི་གནས་རིའི་རྣམ་གྲངས་གླེང་བ།
       གཏེར་སྟོན་ཁོང་གི་མཛད་པ་གཙོ་བོ་ནི་རོང་ཆེན་བཞི་དང་ཤོད་ཆེན་བཅོ་བརྒྱད་དུ་ཕེབས་ནས་གནས་སྒོ་འབྱེད་པ་དང་གཏེར་འདོན་རྒྱུ། ས་གནད་བཅོས་རྒྱུ་བཅས་ཡིན། ད་ལན་ཁོང་གི་གནས་སྒོ་འབྱེད་པའི་མཛད་རྣམ་མདོར་ཙམ་གླེང་ན། ཁོང་གིས་དགུང་ལོ་བཅུ་བདུན་ནས་སོ་གཅིག་བར་ཕ་ཡུལ་ཚ་རོང་ནས་ཁྱུང་པོ་དང་། ཀོང་པོ། རྒྱལ་རོང་སོགས་སུ་ཕེབས་ཏེ་གནས་རི་ཉི་ཤུ་གཡས་གཡོན་ཞིག་གནས་སྒོ་ཕྱེས་ཡོད། དེ་དག་ལས་གྲགས་ཆེ་བ་ནི་རྒྱལ་རོང་དམུ་རྡོ་ལྷ་གཉན་དང་ཚ་རོང་དྲག་པོ་རྫོང་གཉིས་ཡིན། དེ་ཡང་རབ་བྱུང་བཅུ་གཉིས་པའི་ལྕགས་གླང(༡༧༢༡)ལོ་སྟེ་ཁོང་དགུང་ལོ་བཅུ་བདུན་ལོན་སྐབས་བྲག་དཀར་རྩེ་རྫོང་གནས་སྒོ་ཕྱེས་པ་རེད། གནས་འདི་ནི་ཚ་རོང་མཛོ་སྒང་རྫོང་གླིང་ཁ་འོག་མ་ཤང་གི་གད་རལ་གྲོང་དུ་གནས་ཡོད། འདི་ནི་ཁོང་གིས་ཆེས་ཐོག་མར་གནས་སྒོ་ཕྱེས་པ་དེ་ཡང་རེད། ལོ་དེ་རང་ལ་ཡུལ་དེ་གའི་གནས་རི་སེང་གེ་འབར་བ་དང་། དབྱིབས་པ་གྲོང་གི་རྒྱབ་རི་ཁྱུང་མཆོག་རབ་གསལ་གཉིས་གནས་སྒོ་ཕྱེས་པ་རེད། ཆུ་སྟག(༡༧༢༢)ལོར་ཁོང་མཛོ་སྒང་རྫོང་གི་ཤར་ངོས་དེང་གི་དབུ་ཡག་ཤང་ཁོངས་ཀྱི་གནས་མཆོག་ཁ་བ་དཀར་པོའི་ནུབ་སྒོ་རུ་གྲགས་པ་སྒྲོ་བྲག་པདྨ་བྱང་རྩེའི་གནས་སྒོ་ཕྱེས་ཤིང་གནས་ཀྱི་དཀར་ཆག་གཏན་ལ་ཕབ། དེ་ནས་ཡར་མཛོ་སྒང་རྫོང་གི་ནུབ་ཕྱོགས་སུ་ཕེབས་ནས་ཤིང་འབྲུག(༡༧༢༤)ལོར་ལྷ་རི་འོད་འཕྲོ་གནས་སྒོ་ཕྱེས། དེ་ནས་རིམ་བཞིན་ཡར་བྱོན་ཏེ་དེང་གི་དཔའ་ཤོད་རྫོང་ཝ་དག་ཤང་ཁོངས་སུ་གནས་པའི་ཝ་ཤོད་སེང་གེ་གཡུ་རྫོང་གནས་སྒོ་ཕྱེས། མེ་རྟ(༡༧༢༦)ལོར་ཚ་བ་སྒང་དེང་གི་མཛོ་སྒང་རྫོང་སྨད་ཡུལ་ཤང་ཁོངས་སུ་གནས་པའི་ཁེ་རྒྱལ་འོད་འཕྲོ་དང་རྡོ་རྗེ་དྲིལ་དཀར་གཉིས་གནས་སྒོ་ཕྱེས། དེ་ནས་ཡར་བྱོན་ནས་དེང་གི་ལྷོ་རོང་རྫོང་དང་དཔའ་ཤོད་རྫོང་གཉིས་ཀྱི་སྦྲེལ་མཚམས་སུ་གནས་པའི་བྱ་དམར་སྒང་རུམ་གནས་སྒོ་ཕྱེས། མེ་ལུག(༡༧༢༧)ལོར་ཁྱུང་ཡུལ་ཕྱོགས་སུ་ཕེབས་པ་དང་ག་ཤེལ་བླ་མ་སོགས་ཀྱིས་གདན་ཞུས་ལྟར་ག་རེ་འགག་ཏུ་བྱོན་ནས། ག་རེའི་གཡུ་མཚོའམ་གཡུ་མཚོ་གཏེར་ཕུག་རྫོང་གི་གནས་སྒོ་ཕྱེས་གནང་ཡོད། དེ་ནས་ས་སྤྲེལ(༡༧༢༨)ལོར་ཀོང་པོ་རོང་དུ་ཕེབས་ནས་དབུས་ཕུག་གསང་བ་ཡང་རྫོང་གི་གནས་སྒོ་ཕྱེས། ས་བྱ(༡༧༢༩)ལོར་ཀོང་པོ་ནས་ལྷོ་ལམ་བཞིན་མར་ཕེབས་པ་དང་། ལམ་བར་དུ་ཙ་རིའི་དཀར་ཆག་གཏན་ལ་ཕབ། དེང་གི་དཔའ་ཤོད་ར་འོག་ཤང་ཁོངས་སུ་གནས་པའི་ནམ་མཁའ་མཛོད་ཀྱི་གནས་སྒོ་ཕྱེས། ལོ་དེར་ཁོང་གི་འཁྲུངས་གཞིས་སུ་འབྱོར་བ་དང་དྲག་པོ་རྫོང་གི་གནས་སྒོ་ཕྱེས། དེ་ནས་ལྕགས་ཁྱི(༡༧༣༠)ལོར་ཚ་རོང་ནས་ཤར་རྒྱལ་མོ་རོང་དུ་ཆིབས་བསྐྱོད་གནང་། ལམ་བར་དུ་རྗེ་གཡུང་དྲུང་བསྟན་འཛིན་མཆོག་གི་གདན་ས་བཀྲ་ཤིས་སྨིན་གྲོལ་གླིང་དང་ཉེ་བའི་ཡུལ་ཁམས་པད་ཡུལ་ཞེས་པ་ནས་ཁྲོ་ཆུ་བྲག་གི་གནས་སྒོ་ཕྱེས། ལྕགས་ཕག(༡༧༣༡)ལོར་རྒྱལ་རོང་ཡུལ་དུ་ཕེབས་ནས་རྒྱལ་མོ་དམུ་རྡོ་ལྷ་གཉན་གྱི་གནས་སྒོ་འབྱེད་པའི་མཛད་འཕྲིན་བསྐྱངས་ཡོད། དེའི་སྐོར་ཞིབ་ཕྲ་ཁོང་གི་རང་རྣམ་རྒྱས་བསྡུས་གཉིས་དང་། མཁར་རྨེའུ་བསམ་གཏན་ལགས་ཀྱིས་བརྩམས་པའི«རྒྱལ་རོང་ཡུལ་གྱི་དམུ་རྡོ་རིའི་དད་མོས་སྐོར་གླེང་བ»ཞེས་པར་གསལ་ཡོད། དེ་ནས་རྒྱལ་རོང་དམུ་རྡོ་ལྷ་གཉན་གྱི་གནས་སྒོ་འབྱེད་པ་དང་། སྐོར་ལམ་གཏོད་པ་སོགས་ཀྱི་མཛད་པ་ཡོངས་སུ་གྲུབ་རྗེས་ཡར་ཕེབས་པའི་ལམ་བར་དུ་ཆུ་བྱི(༡༧༣༢)ལོར་འབྲོང་རི་སྨུག་པོ་གནས་སྒོ་ཕྱེས་གནང་ཡོད། གནས་འདི་དེང་གི་གསེར་རྟ་རྫོང་གི་བྱང་ཕྱོགས་སུ་གནས་པའི་འབྲོང་རི་སྨུག་པོ་ཞེས་པ་དེ་ཡིན་མིན་བརྟག་དགོས། ཆུ་གླང(༡༧༣༣)ལོར་ཉག་ཤོད་ཨ་འཛི་ལུང་གི་གནས་ལྷང་ལྷང་བྲག་དཀར་གནས་སྒོ་ཕྱེས། གནས་འདི་ནི་དེང་གི་ཉག་རོང་རྫོང་ཤང་ལོང་གཤིས་ཤང་དུ་གནས་ཡོད། དེ་ལྟར་ཁོང་གིས་གནས་རི་མང་པོ་ཞིག་གནས་སྒོ་ཕྱེས་པ་རང་རྣམ་ནང་གསལ་པོར་འཁོད་ཡོད།
ལྔ་པ། ཁོང་གིས་ཕབ་པའི་གནས་ཀྱི་དཀར་ཆག་སྐོར།
       ཁོང་གི་རང་རྣམ་ནང་གསལ་བ་ལྟར་ན་ཁོང་གིས་གནས་སྒོ་ཕྱེས་པའི་གནས་རི་རེ་ལ་གནས་ཀྱི་དཀར་ཆག་རེ་ཕབ་ཡོད་པ་གསལ་མོད། དུས་ཀྱི་འགག་འཕྲང་མང་པོ་ཞིག་བརྒྱུད་རྗེས་ད་ལྟ་མཇལ་ཡུལ་དུ་བཞུགས་པ་མང་པོ་ལྷག་མེད། འགའ་ཞིག་བཞུགས་པ་ནི་དེང་སང་པར་སྐྲུན་གནང་བའི་གནས་རིའི་དཀར་ཆག་ཕྱོགས་བསྒྲིགས་ཁྲོད་དུ་བཞག་འདུག་པ་དེ་དག་ནི«ཀོང་པོ་བོན་རིའི་དཀར་ཆག་ཡིད་བཞིན་ལྗོན་པའི་ཕྲེང་བ»[6] «བོན་རིའི་དབུས་ཕུག་གི་དཀར་ཆག་དང་བའི་ཡིད་འདྲེན»[7] «རྩེ་དྲུག་གནས་ཀྱི་དཀར་ཆག་མཐོང་བ་དོན་གསལ»[8] «རྒྱལ་མོ་རོང་གི་གནས་ཆེན་དམུ་རྡོ་གཡུང་དྲུང་སྤུངས་རྩེ་ལ་སོགས་རི་བོ་དྲུག་ཅུའི་དཀར་ཆག»[9] «བམ་ཆེན་ཚལ་རིའི་དཀར་ཆག་དྲི་མེད་རྒྱན»[10] «འཇའ་ཚོན་ཕུག་གི་དཀར་ཆག»[11] «དམུ་རྡོ་སྐོར་བའི་ཕན་ཡོན་ཟུར་བཀོད»[12] «རིག་འཛིན་བྱིན་རླབས་རྒྱ་ནག་གླང་པོ་རི་ཡི་དཀར་ཆག»[13]ཞེས་པ་བཅས་རེད། གོ་ཐོས་སུ་ཁོང་གིས་ཕབ་པའི་དཀར་མཛེས་ཁུལ་གྱི་གནས་ཆེན་པདྨ་བརྩེགས་པའི་དཀར་ཆག་ཅིག་བཞུགས་ཡོད་པར་བཤད་ཀྱང་མིག་སྔར་ལག་ཏུ་མ་སོན། ད་དུང་ཁོང་གིས་ཕབ་པའི་གནས་ཀྱི་དཀར་ཆག་ཁ་ཤས་བཞུགས་ཡོད་ཀྱང་སྲིད་པས། འདི་དག་ལས་མེད་ཅེས་ཐག་བཅད་པ་ནི་མ་ཡིན་ནོ། །དཀར་ཆག་འདི་དག་ནི་བོད་ཀྱི་ས་ཁམས་ཆགས་ཚུལ་དང་ས་དཔྱད་རིག་གནས། གནས་རི་དང་གཞི་བདག་རིག་གནས། དེང་གི་འབོད་ཚུལ་ལྟར་ན་བོད་ཡུལ་གྱི་རི་ཆུའི་རིག་གནས་ཀྱི་དཔྱད་གཞིའི་རྒྱུ་ཆ་གལ་ཆེན་ཞིག་ཆགས་ཡོད་པ་བསྙོན་དུ་མེད་དོ། །

དཔྱད་ཡིག
[1] གཡང་མོ་མཚོ་དང་བཙུན་པོ་དོན་འགྲུབ་ཀྱིས་བསྒྲིགས། བོད་རིག་པའི་འཆད་ཁྲིད་གཅེས་བཏུས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༢༡ལོར། ཤ༤༨
[2][5] མཁར་རྨེའུ་བསམ་གཏན། མདའ་དང་འཕང་། [M] བར་ཆ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༢༢ལོར། ཤ༣༧༩ ཤ༣༧༨
[3] སྤྲུལ་སྐུ་བློ་ལྡན་སྙིང་པོ། སྤྲུལ་སྐུ་བློ་ལྡན་སྙིང་པོའི་རྣམ་ཐར་བཞུགས་སོ།། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ༢༠༢༡ལོར་དཔར། ཤ༢༡༨
[4] སངས་རྒྱས་གླིང་པ། སངས་རྒྱས་གླིང་པའི་སྐྱེས་རབས་གཏེར་འབྱུང་ལོ་རྒྱུས་རྡོ་རྗེ་རིན་ཆེན་ཕྲེང་བའི་རྒྱན། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༢༡ལོར། ཤ༩༥ ཤ༡༨༩
[6] བོད་ཀྱི་གནས་ཡིག་བདམས་བསྒྲིགས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༣ལོར།
[7][13] སོག་སྡེ་བརྟེན་འགྱུར་ཁྲོད་བཞུགས་ཡོད།
[8] བོན་གྱི་གནས་ཡིག་ཕྱོགས་བསྒྲིགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༢༡ལོར།
[9][10][11][12] ཤར་རྒྱལ་མོ་ཚ་བ་རོང་གི་གནས་ཡིག་དང་ཡུལ་ལྷའི་བསང་མཆོད་རིན་ཆེན་ཕྲེང་བ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༢༤ལོར།
འབྲེལ་ཡོད་འོས་སྦྱོར།