logo

༄༅། །ཅོ་ནེའི་དཔོན་མོ་རིན་ཆེན་དཔལ་འཛོམས་ཀྱི་སྐོར་ཐོག་མར་གླེང་པ།

རྩོམ་པ་པོ།:ས་དམར་ཚེ་རིང་དོན་གྲུབ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-10-09 ཀློག་གྲངས།:
༄༅། །«རྣམ་ཐར་ཟླ་བའི་ཅོད་པཎ»ལས་འཕྲོས་ཏེ་ཅོ་ནེའི་དཔོན་མོ་རིན་ཆེན་དཔལ་འཛོམས་ཀྱི་སྐོར་ཐོག་མར་གླེང་པ།
ས་དམར་ཚེ་རིང་དོན་གྲུབ།

ནང་དོན་གནད་བསྡུས། འདིར་མདོ་སྨད་ཀྱི་ཡུམ་ཁམས་ཆེན་མོ་ཅོ་ནེའི་རྒྱལ་ཁམས་ཞེས་མདོ་དབུས་གཉིས་སུ་གྲགས་ཆེ་བའི་ཅོ་ནེ་དཔོན་པོ་དང་ཅོ་ནེའི་བཀའ་བསྟན་ཞེས་རྒྱལ་ཕྱི་ནང་ཀུན་ཏུ་མིང་དུ་གྲགས། ལྷག་པར་དུ་ཅོ་ནེའི་བསྟན་འགྱུར་ཞེས་མདོ་སྨད་ཀྱི་བསྟན་འགྱུར་ཤིང་དཔར་ཐོག་མ་ཡིན་ལ་མཐའ་མའང་ཡིན་པས་སྙན་གྲགས་ཤིན་ཏུ་ཆེ། དེ་ན་ཅོ་ནེའི་བསྟན་འགྱུར་གྱི་སྦྱིན་བདག་ཆེན་མོ་དཔོན་མོ་རིན་ཆེན་དཔལ་འཛོམས་ཀྱི་མཛད་པ་དང་འབྲེལ་བའི་ཡིག་ཆ་ད་སྔར་ཀུན་མཁྱེན་ཚང་གི་བསྟན་འགྱུར་དཀར་ཆག་ལས་གཞན་མི་གསལ་བས། ལོ་མང་ལ་གང་ནུས་ཀྱིས་ཡིག་ཆ་བཙལ། མཐར་དཔོན་མོའི་རྣམ་ཐར་ས་བོན་དང་བཅས་པ་ཁག་བཞི་ལག་སོར་བྱུང་བས་དགའ་བ་འབུམ་གྱིས་འདི་ལ་འཇུག་པར་བྱས། དེ་དག་ལས་མངའ་རིས་མཐོ་ལྡིང་མཁན་པོ་བྱང་ཆུབ་གཞོན་ནུ་དཔའ་བོ་ནོར་བཟང་གིས་སྤྱི་ལོ1784ལོར་མཛད་པའི«མི་དབང་གོང་མ་རྣམས་ཀྱི་རྟོགས་པ་བརྗོད་པའི་ཁ་སྐོངས་ས་སྐྱོང་དབང་མོ་རིན་ཆེན་དཔལ་འཛོམ་གྱི་རྣམ་ཐར་ཟླ་བའི་ཅོད་པཎ»ཞེས་བྱ་བ་གཞིར་བཟུང་ནས་དཔོན་མོའི་མི་ཚེའི་མཛད་པ་མཐའ་ཡས་པ་ལས་སྐུ་འཁྲུངས་པའི་ལོ་ཚིགས་ལ་ནན་གྱིས་དཔྱད་དེ་ཅོ་ནེ་བསྟན་འགྱུར་གྱི་པར་ཤིང་བཞེངས་ཚུལ་དང་ལྷ་ཁང་། རྟེན་དང་བརྟེན་པ་སྐྲུན་ཚུལ། ཅོ་ནེ་དཔོན་པོའི་རྒྱལ་ཚབ་མཛད་ཚུལ། རྣམ་ཐར་གྱི་རིན་ཐང་སོགས་བཀོད་ཙམ་བྱས་ཡོད།
བརྡ་ཆད་གཙོ་བོ། དཔོན་མོ་རིན་ཆེན་དཔལ་འཛོམས། རྒྱ་བཟའ། ཆོས་སྲིད་ཀྱི་མཛད་པ། ལོ་ཚིགས།

       སྤྱིར་རྣམ་ཐར་ཞེས་པར་འབྲུག་རྒྱལ་དབང་ཆོས་རྗེས། རྣམ་པར་ཐར་བ་ཞེས་པའི་དོན་དངོས་ནི་བརྗོད་བྱ་དང་རྗོད་བྱེད་ཀྱི་རྣམ་པ་དེ་ལ་བརྟེན་ནས་མཐོང་ཐོས་ཀྱི་གདུལ་བྱ་རྣམས་ཐར་བ་དང་ཐམས་ཅད་མཁྱེན་པ་ཐོབ་པའི་རྒྱུར་འགྱུར་བ་ཞིག་དགོས[1]ཞེས་དང་རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོས། “རྣམ་པར་ཐར་བ་ཞེས་བྱ་བ་ནི་རྣམ་པའམ་ཚུལ་དེ་ལ་བརྟེན་ནས་གདུལ་བྱ་རྣམ་པར་ཐར་པ་དང་ཐམས་ཅད་མཁྱེན་པའི་སར་བགྲོད་པའི་མིག་ལྟོས་ཕེར་བའི་མཛད་པ་བཟང་པོ་ཞིག་ལ་བྱ་ཞིང་། རྟོགས་པ་བརྗོད་པ་ཞེས་པའང་དམ་པ་དེས་ལམ་ཉམས་སུ་བཞེས་ཏེ་ཉམས་དང་རྟོགས་པ་ཀློང་དུ་གྱུར་པའི་ཚུལ་རྗེས་འཇུག་ལ་བརྗོད་པའི་ངག་ཅིག་ལ་ངོས་འཛིན་དགོས།”[2]ཞེས་དམ་པའི་རྣམ་ཐར་རམ་རྟོགས་པ་བརྗོད་པ་ཞེས་པ་ནི་འཁྲུངས་རབས་ཀྱི་ཕྲེང་བ་སྔོན་མའམ། སྐུ་ཚེ་འདི་ཉིད་གང་ཡིན་ཡང་རུང་སྟེ་གང་ཟག་ཕལ་བ་གཞན་ལས་ཁྱད་པར་དུ་འཕགས་ཤིང་ངོ་མཚར་བའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་སྤྱི་དང་། ལྷག་པར་དུ་རྒྱལ་བའི་བསྟན་པ་ལུང་ཆོས་སྡེ་སྣོད་གསུམ་དང་སྒྲ་ཚད་བཟོ་གསོ་སོགས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་པའི་གནས་མཐའ་དག་ལ་མཚན་ཉིད་དང་ལྡན་པའི་དགེ་བའི་བཤེས་གཉེན་ཞིག་གི་བསམ་སྦྱོར་ལེགས་པར་བསྟེན་པའི་གོ་རིམ་བཞིན་ཐོས་པ་དང་། དེ་ནས་ཐོས་པའི་དོན་ཚུལ་བཞིན་དུ་བསམ་པའི་བརྡར་ཤ་བཅད། གནས་དབེན་པར་སྒོམ་པ་རྣམ་པར་དག་པ་མཛད་ཚུལ་དང་། དེ་ལ་བརྟེན་ནས་མཁས་པའི་ཡོན་ཏན་མདོ་སྔགས་རིག་གནས་ཀྱི་གཞུང་དོན་གཞན་ལ་འཆད་པ་དང་། ཕ་རོལ་བའི་ལོག་རྟོག་འཇོམས་ཕྱིར་རྩོད་པ། ཕྱི་རབས་ཀྱི་གདུལ་བྱར་ཕན་ཕྱིར་རྩོམ་པ་གསུམ་དང་། བཙུན་པའི་ཡོན་ཏན་སོ་ཐར་བྱང་སེམས་གསང་སྔགས་ཀྱི་སྡོམ་པ་གསུམ་གྱི་མཚམས་ལས་མི་འདའ་བ། གྲུབ་པའི་ཡོན་ཏན་ས་ལམ་གྱི་རྟོགས་པ་ཁྱད་པར་ཅན་ཐུགས་རྒྱུད་ལ་འཁྲུངས་ཚུལ། བཟང་བོའི་ཡོན་ཏན་མཁས་གྲུབ་ཀྱི་ལག་རྗེས་བསྟན་པ་དང་འགྲོ་བ་ཡོངས་ལ་སྨན་པའི་འཕྲིན་ལས་རླབས་པོ་ཆེ་ཇི་ལྟར་མཛད་པའི་ཚུལ་ལ་སོགས་པ་རྣམས་ངག་གི་ཕྲེང་བར་སྤེལ་བ་ལས། མཐོང་བ་དང་ཐོས་པའི་གདུལ་བྱ་གང་གི་རྒྱུད་བཅོས་མ་མ་ཡིན་པའི་དད་པ་དང་གུས་པ་གོང་ནས་གོང་དུ་འཕེལ་ཞིང་། དེ་ལ་བརྟེན་ནས་གདུལ་བྱ་དེ་དག་གིས་ཀྱང་རྣམ་པར་ཐར་པའི་ཚུལ་དེ་དང་དེ་ལ་སྨོན་ལམ་ཚུན་ཆད་ཀྱིས་ཀྱང་འཇུག་པར་སྤྲོ་བའི་ལེགས་བཤད་དེ་ལྟ་བུ་ལ་བརྗོད་པ་ལྟར«མི་དབང་གོང་མ་རྣམས་ཀྱི་རྟོགས་པ་བརྗོད་པའི་ཁ་སྐོངས་ས་སྐྱོང་དབང་མོ་རིན་ཆེན་དཔལ་འཛོམ་གྱི་རྣམ་ཐར་ཟླ་བའི་ཅོད་པཎ»གྱི་བརྗོད་གཞིའང་དེ་ལས་མ་འདས་སོ། །དེ་བས་འདིར«མི་དབང་གོང་མ་རྣམས་ཀྱི་རྟོགས་པ་བརྗོད་པའི་ཁ་སྐོངས་ས་སྐྱོང་དབང་མོ་རིན་ཆེན་དཔལ་འཛོམ་གྱི་རྣམ་ཐར་ཟླ་བའི་ཅོད་པཎ»ཞེས་པ«རྣམ་ཐར་ཟླ་བའི་ཅོད་པཎ»ཞེས་བསྡུས་འབྲི་བྱས་ཡོད།
དང་པོ། ཅོ་ནེའི་དཔོན་མོ་རིན་ཆེན་དཔལ་འཛོམས་ཀྱི་ཐོག་མར་འབྲེལ་ཡོད་རྣམ་ཐར་སྐོར་གྱི་མཚམས་སྦྱོར།
       ཅོ་ནེའི་དཔོན་མོ་རིན་ཆེན་དཔལ་འཛོམས་ཀྱི་རྣམ་ཐར་རྒྱས་པ་འདིའི་ཁ་བྱང་ཆ་ཚང་ལ«མི་དབང་གོང་མ་རྣམས་ཀྱི་རྟོགས་པ་བརྗོད་པའི་ཁ་སྐོངས་ས་སྐྱོང་དབང་མོ་རིན་ཆེན་དཔལ་འཛོམ་གྱི་རྣམ་ཐར་ཟླ་བའི་ཅོད་པཎ»ཞེས་བརྗོད། རྣམ་ཐར་འདི་ཉིད་ཅོ་ནེ་རྒྱལ་ཁམས་ཆེན་པོའི་ཆོས་སྲིད་ཀྱི་ལོ་རྒྱུས་དང་སྒོས་སུ་མདོ་སྨད་ཀྱི་བསྟན་འགྱུར་ཤིང་དཔར་མའི་གཞི་མ་ཅོ་ནེའི་བསྟན་འགྱུར་ཞེས་སྙན་པའི་གྲགས་པ་སྲིད་ན་མཆེད་པ་དེའི་བྱུང་བ་ལོ་རྒྱུས་སོགས་ཤིན་དུ་གསལ་བས། ད་སྔའི་བར་དུ་རྣམ་ཐར་འདི་ཉིད་མང་ཤོས་ཀྱིས་དོ་སྣང་ཕར་ཟད། ཐ་ན་འདི་ལྟ་བུ་ཞིག་ཡོད་པའང་བརྗོད་ཀྱི་མེད་དོ། །དེ་བས་དཔོན་མོ་འདི་དང་འབྲེལ་བའི་རྣམ་ཐར་བོད་ཡིག་ཡིག་ཆ་ཐ་ཐོར་ཅན་འགའ་ཡོད་དེ། དེ་ནི་སྤྱི་ལོ2013ལོར་ཅོ་ནེ་མདོའི་དཔེ་ཤོག་རྙིང་བ་བཙོང་མཁན་ཞིག་གི་ལག་ནས་དབུ་ཅན་བྲིས་མ་ཤོག་ལྡབ་ལྔ་ཅན་གྱི«ཐེ་ཐེ་དབང་མོའི་རྣམ་ཐར་གྱི་ས་བོན་བརྗོད་པ»ཞེས་རྣམ་ཐར་གྱི་ས་བོན་ཅན་ཞིག་དེ་ནི་སྤྱི་ལོ1751ལོར་མཛད་པ་ཞིག་ཡིན། ཅིག་ཤོས་ནི་སྤྱི་ལོ2014ལོར་ཅོ་ནེའི་མདོ་ནས་དཔེ་ཆ་རྙིང་བ་བཙོང་མཁན་གྱི་ལག་ནས«དཔོན་མོ་རིན་ཆེན་དཔལ་འཛོམ་གྱི་རྣམ་པར་ཐར་བ་རིན་ཆེན་བཀའི་མཆོད་སྤྲིན»ཞེས་པ་སྤྱི་ལོ1763ལོར་མཛད་པ་དེ་ནི་ཅོ་ནེའི་དཔར་གྱི་སྣ་རིང་ལྡབ་མ་བཅུ་དྲུག་ཅན་ཞིག་ཡིན། གཞན་སྤྱི་ལོ2016ལོར་ལག་སོར་བྱུང་བའི«ས་སྐྱོང་དབང་མོ་རིན་ཆེན་དཔལ་འཛོམ་གྱི་རྣམ་ཐར་བསྡུས་པའི་དབུ་ལེགས་སོ»ཞེས་སྤྱི་ལོ1783ལོར་མཛད། ཡིན་ནའང་དེ་དག་གི་ནང་དོན་ཕལ་ཆེ་བ་དཔོན་མོ་རིན་ཆེན་དཔལ་འཛོམས་ཀྱི་མཛད་པ་གསལ་བོ་མིན་པར་ས་སྐྱོང་གོང་མའི་རྣམ་ཐར་མདོར་བསྡུས་རེ་བརྗོད་དེ་མཇུག་བསྡུས་པ་ལྟ་བུ་འདུག །སྟབས་ལེགས་པ་ཞིག་ལ་གྲོགས་པོ་བསོད་ནམས་དོན་གྲུབ་ཀྱིས་སྤྱི་ལོ2017ལོར་དཔོན་མོ་རིན་ཆེན་དཔལ་འཛོམས་ཀྱི་རྣམ་ཐར་འདི་ལྟ་བུ་ཞིག་འདུག་ཅེས་བརྗོད་པར་རང་ཉིད་ལ་སྤྲོ་བ་ཆེན་པོ་ཞིག་དང་ལྷན་ཏུ་བཀའ་འདྲི་བྱས་པར་གྲོགས་པོས་ཀྱང་སྦ་གསང་མེད་པར་ཡིག་ཆ་མཁོ་འདོན་བྱས། རང་ཉིད་ཀྱིས་ཀྱང་སྤྲོ་བ་འབུམ་གྱིས་ཐེངས་གཅིག་ལ་ཀློག །ཡིན་ནའང་སྐྱེས་ཆེན་དམ་པའི་རྣམ་ཐར་ལྟར་མི་སྣ་གཅིག་པོའི་ཆེ་བ་ལྟར་ཞིབ་ཆ་མེད་པས་ས་སྐྱོང་འཇམ་དབྱངས་ནོར་བུ་དང་སྐུ་ཚ་བསྟན་སྲུང་ཚེ་རིང་། བླ་མ་སངས་རྒྱས་དཔལ་བཟང་སོགས་འབྲེལ་ཡོད་མི་སྣ་རེ་རེར་བྲིས་པ་ཞིག་ཏུ་ཟད་དོ། །
       གཅིག །རྣམ་ཐར་ཁག་གསུམ་དང«རྣམ་ཐར་ཟླ་བའི་ཅོད་པཎ»བར་གྱི་བརྗོད་གཞི་མཚམས་སྦྱོར།
       ཅོ་ནེའི་དཔོན་མོ་རིན་ཆེན་དཔལ་འཛོམས་ཀྱི་རྣམ་ཐར་ལས་སྤྱི་ལོ1751ལོར་མདོ་སྐྱའི་དགེ་སློང་འཇམ་དབྱངས་ཆོས་ལྡན་གྱིས་མཛད་པའི«ཐེ་ཐེ་དབང་མོའི་རྣམ་ཐར་གྱི་ས་བོན་བརྗོད་པ»ཞེས་པ་དེ་རུ་ཅོ་ནེ་དཔོན་མོ་རིན་ཆེན་དཔལ་འཛོམས་ཀྱི་གསང་བའི་ཡོན་ཏན་ལ་ཆེ་བ་ཙམ་བརྗོད་དེ་ལུང་བསྟན་ཙམ་གྱིས་མཇུག་བསྡུ་བྱས་པས་གསལ་ཁ་གཞན་ཅི་ཡང་མེད་དོ། །སྤྱི་ལོ1763ལོར་ཅོ་ནེའི་ཁྲི་ཆེན་ཆོས་རྗེ་འཇམ་དབྱངས་དོན་ཡོད་ཀྱིས་མཛད་པའི«དཔོན་མོ་རིན་ཆེན་དཔལ་འཛོམ་གྱི་རྣམ་པར་ཐར་བ་རིན་ཆེན་བཀའི་མཆོད་སྤྲིན»ཞེས་པ་དེ་ནི་ཅོ་ནེའི་དཔར་གྱི་སྣ་རིང་དབུ་ཤོག་དང་བཅས་པ་པར་ངོས་བཅུ་གསུམ་ཅན་ཞིག་ཡིན། དེར་དཔོན་མོ་རིན་ཆེན་དཔལ་འཛོམས་ཀྱིས་བསྟན་འགྱུར་གྱི་དཔར་ཤིང་ཇི་ལྟར་བཞེངས་པའི་ཚུལ་དང་ཅོ་ནེ་དགོན་དུ་ལྷ་ཁང་བཞེངས་པའི་ཚུལ། མུ་ནེ་དཔོན་སློབ་བསྟེན་ནས་ཆོས་ཀྱི་སྒོར་འཇུག་ཚུལ་སོགས་ཀྱི་རིམ་པ་ཙམ་བཀོད་ཡོད། སྤྱི་ལོ1783ལོར་དཔའ་བོ་གཞོན་ནུ་ནོར་བཟང་གིས་མཛད་པའི«ས་སྐྱོང་དབང་མོ་རིན་ཆེན་དཔལ་འཛོམ་གྱི་རྣམ་ཐར་བསྡུས་པའི་དབུ་ལེགས་སོ»ཞེས་པ་ནི་སྤྱི་ལོ1784ལོར་མཛད་པའི་རྣམ་ཐར་རྒྱས་ཤོས«མི་དབང་གོང་མ་རྣམས་ཀྱི་རྟོགས་པ་བརྗོད་པའི་ཁ་སྐོངས་ས་སྐྱོང་དབང་མོ་རིན་ཆེན་དཔལ་འཛོམ་གྱི་རྣམ་ཐར་ཟླ་བའི་ཅོད་པཎ»ཞེས་པའི་བརྗོད་གཞིའི་ཟིན་ཐོ་ལྟ་བུར་སྣང་བས་ནང་དོན་ཁ་གསབ་ཅན་གཞན་མེད་དོ། །དེ་བཞིན་སྤྱི་ལོ1772ལོར་ཀུན་མཁྱེན་འཇིགས་མེད་དབང་བོས་མཛད་པའི«ཅོ་ནེའི་བསྟན་འགྱུར་དཀར་ཆག»དུ་བཀོད་པའི་རྣམ་ཐར་བསྡུས་པ་དང་སྤྱི་ལོ1783ལོར་བྱང་ཆུབ་གཞོན་ནུ་དཔའ་བོ་ནོར་བཟང་གིས་མཛད་པའི«རྒྱལ་བའི་གསུང་རབ་ཀྱི་བང་མཛོད་སྒོ་བརྒྱ་འབྱེད་པའི་ཁོག་ཕུབས་གསེར་གྱི་ལྡེ་མིག་»གི་སྔ་གཞུག་ཏུ་བཀོད་པའི་འབྲེལ་ཡོད་ལོ་རྒྱུས། མུ་ནེ་དཔོན་སློབ་སངས་རྒྱས་དཔལ་བཟང་གིས་མཛད་པའི«ས་སྐྱོང་ཆོས་ཀྱི་རྒྱལ་པོའི་རྟོགས་བརྗོད་རིན་པོ་ཆེའི་འཕྲེང་བ»སོགས་སུ་ཡོད་པའི་འབྲེལ་ཡོད་ཤེས་བྱ་དག་ཕྱོགས་གཅིག་ཏུ་བཏུས་ན་སྤྱི་ལོ1783ལོར་བྱང་ཆུབ་གཞོན་ནུ་དཔའ་བོ་ནོར་བཟང་གིས་མཛད་པའི«རྣམ་ཐར་ཟླ་བའི་ཅོད་པཎ»གྱི་ནང་དུ་མ་འདུས་པ་མེད་དོ། །དེ་བས«རྣམ་ཐར་ཟླ་བའི་ཅོད་པཎ»གྱི་མཛད་པ་པོས་གོང་ཞུས་ཀྱི་རྣམ་ཐར་དག་ཕྱོགས་གཅིག་ཏུ་བསྡུས་པ་ཙམ་ཡིན་ནམ་སྙམ། དེ་གང་ཡིན་ཞེ་ན་གཞན་དག་ཏུ་མི་གསལ་བ་ལྟར«རྣམ་ཐར་ཟླ་བའི་ཅོད་པཎ»དུའང་དཔོན་མོ་འདི་བ་ཡུལ་གང་དུ་དུས་ནམ་ཞིག་ལ་ཁྱིམ་རྒྱུད་ཅི་ལྟ་བུ་ལས་ཡབ་ཡུམ་གང་གི་སྲས་མོ་ཡིན་པ་སོགས་གཅིག་ཀྱང་མི་གསལ་བ་མཇུག་བྱང་ལས་མཚོན་ནོ། །
       གཉིས།«རྣམ་ཐར་ཟླ་བའི་ཅོད་པཎ»མཛད་པའི་རྒྱུ་རྐྱེན།
       རྣམ་ཐར་དང་རྟོགས་བརྗོད་བརྩམས་པ་ལ་བླ་མའི་བཀའ་དྲིན་རྗེས་སུ་དྲན་པ་དང་རང་གི་ཤུགས་དྲག་པོའི་དད་པ། གཞན་གྱིས་སྐུལ་བ་སོགས་ལ་བརྟེན་ནས་མཛད་པ་ཡིན་པས།«རྣམ་ཐར་ཟླ་བའི་ཅོད་པཎ»འདི་ཉིད་རྩོམ་པར་མཛད་པ་པོ་རང་སྟེང་གི་རྒྱུ་རྐྱེན་དང་ཆོས་ལུགས་ཐད་ཀྱི་རྒྱུ་རྐྱེན། སྐབས་དེའི་ཆབ་སྲིད་ཀྱི་རྒྱུ་རྐྱེན་བཅས་འདུས་མོད། མཇུག་བྱང་དུ། མི་དབང་གོང་མ་རྣམས་ཀྱི་རྟོགས་པ་བརྗོད་པའི་ཁ་སྐོངས་ས་སྐྱོང་དབང་མོ་རིན་ཆེན་དཔལ་འཛོམ་གྱི་རྣམ་ཐར་ཟླ་བའི་ཅོད་པཎ་འདི་ནི་རྒྱལ་ཁབ་ཀྱི་ཕོ་བྲང་གང་གི་དཀོན་གཉེར་གྲུ་རྩེ་ནང་བས། ངེད་ལ་མི་དབང་གོང་མ་རྣམས་ཀྱི་རྟོགས་བརྗོད་ཡོད་ཚུལ་དེའི་ཁ་སྐོངས། ཐཱེེ་ཐཱེེས་སྐུ་ཞབས་ཀྱི་རྣམ་ཐར་བྱུང་ན་ལེགས་ཚུལ་གྱི་འཕྲོས་གཏམ་ཞིག་ལ་བརྟེན་ནས། རྗེས་སོར་ཐཱེེ་ཐཱེེ་སྐུ་ཞབས་ཀྱི་ཕྱག་ནས་གཡར་པོ་ཞུས་ཏེ་མཇལ་བས་མུ་ནེ་དཔོན་སློབ་རིན་པོ་ཆེ་དེ་ཉིད་ལྗགས་བརྩོམ་ཐོག་མེད་དང་། བཅད་ལྷུག་སྤེལ་མའི་ཚིག་སྦྱོར་གང་ལ་སྙན་ངག་གི་ཉམས་དང་བརྒྱན་ཕུན་སུམ་ཚོགས་པས་ཡིད་འཕྲོག་པར་སྣང་། ངེད་རང་གཏིག་ཐུག་ལ་བརྩོམ་པའི་པར་བཀབ་མ་མཆིས་རུང་། རག་བསྡུས་ཞིག་ཐར་ཆགས་འདྲི་བར་ཁས་བླང་ཞིང་། དེ་དོན་ལྟར་ངེད་རང་གི་དབོན་པོ་མདོ་སྐྱའི་དགེ་སློང་འཇམ་དབྱངས་ཆོས་ལྡན། ཐཱེེ་ཐཱེེ་སྐུ་ཞབས་སུ་སྙན་སྒྲོན་འབུར་བར་བཏང་། ཐཱེེ་ཐཱེེ་སྐུ་ཞབས་ནས་དེ་ཁ་གྱིས་གསུང་། ཐཱེེ་ཐཱེེ་རང་གིས་བཟའ་སྐར་ཕྲོད་སྦྱོར་ལེགས་པར་གཟིགས་ནས་ས་སྙིང་སྲང་གང་ཁ་བཏག་བཅས་གནང་དྦྱིན་དང་བཅས་མགོ་ཚུགས་ཅེས་གསུང་། ཡང་དགེ་སློང་འཇམ་དབྱངས་ཆོས་ལྡན་སྐུ་མདུན་དུ་བཏང་ཏེ། ཐཱེེ་ཐཱེེ་སྐུ་ཉིད་ཅོ་ནེའི་རྒྱལ་ཁབ་འདིར་ཕེབས་ལོ་དང་། བྱོན་ནས་ལུགས་ཟུང་གི་མཛད་པ་གནངས་ཆེ་བ་དེ་དག་གི་ལོ་ཚིགས་དང་བྱ་བྱེད་ལས་གསུམ་གྱི་ཟིན་བྲིས་འདྲ་ཡོད་མེད་བཀའ་འདྲི་ཞུས་པས། དེ་རིགས་མེད་གསུངས། དྲུང་འཁོར་འདྲ་ལ་དྲིས་ཀྱང་རྒྱའི་ཡི་གེར་གསལ་ཟེར་ཀྱང་། རྒྱ་ཡིག་ཏུ་དམག་དང་ཁྲིམས་ལས་གདན་ས་འཕོ་ལེན་སྐབས་བསྐོ་བཞག་ལས་ཆོས་སྲིད་ཀྱི་སྒོ་ནས་རྣམ་དཀར་དགེ་བསྒྲུབ་རྣམས་དཔང་ཆེ་བ་འདི་རིགས་མེད་འདུག་པས། འོན་ཀྱང་སྨད་ཆ་རྣམས་དུས་སང་འགོ་བ་ལས་ཐོག་པ་རྣམས་ནས་ཡིག་ཐོག་ཏུ་ས་བོན་ཞིབ་འཁོད་བྱུང་ཞིང་། སྟོད་ཆ་རྣམས། ཐཱེེ་ཐཱེེ་སྐུ་ཉིད་སྲིད་སྐྱོང་གི་བྱ་བ་རྒྱ་ཆེ་ཞིང་། སྐུ་ན་སྨིན་པས་སྣང་ལ་མ་ངེས་པ་ལྟ་བུ་མཆིས་རུང་། དགེ་སློང་འཇམ་དབྱངས་ཆོས་ལྡན་འཚམས་འཚམས་སུ་སྐུ་མདུན་དུ་ཕྱིན་ཏེ་གསུང་བརྒྱུན་ཉན་ནས་ཐོར་བུ་རེ་བློར་བཟུང་བ་དང་། འགའ་ཞིག་ཐོ་ལོ་མར་དགུང་ཡིག་མཁན་བྱམས་པ་ཚེ་རིང་གི་ཡིག་ཐོག་ཏུ་བྲིས་སྐུར་རྣམས་བྱུང་རེས་ཀྱི་གོ་རིམ་བསྒྲིགས་ཏེ། ངེད་རང་གི་དཔྱད་པ་ཞིབ་མོས་འདྲི་ཉག་གཅིག་གིས་སུག་བྲིས་བྱས་ཤིང་། དཔེ་ཤོག་ཏུ་འབེབས་མི་ཐཱེེ་ཐཱེེ་སྐུ་ཞབས་ཀྱི་བཀའ་གནང་བཞིན་ཐོ་ལོ་མར་དགུང་བྱམས་པ་ཚེ་རིང་གི་ཚང་མ་གཙང་སྒྲིལ་བྱས།[3]ཅེས་བརྗོད་པ་ལྟར་དཀོན་གཉེར་གྲུ་རྩེ་ནང་བར་མུ་ནེ་དཔོན་སློབ་སངས་རྒྱས་དཔལ་བཟང་གིས་མཛད་པའི«ས་སྐྱོང་ཆོས་ཀྱི་རྒྱལ་པོའི་རྟོགས་བརྗོད་རིན་པོ་ཆེའི་འཕྲེང་བ»ཞེས་པར་ཁ་སྐོང་མཛད་དགོས་པ་དང་གཞན་ཅོ་ནེའི་དཔོན་མོའི་རྣང་ཐར་ས་བོན«ཐེ་ཐེ་དབང་མོའི་རྣམ་ཐར་གྱི་ས་བོན་བརྗོད་པ»ཞེས་པ་འདི་ལྟ་བུ་ཞིག་ཡོད་པས་དེའི་འགྲེལ་བརྗོད་ཀྱི་ཚུལ་དུ་རྣམ་ཐར་རྒྱས་པ་ཞིག་ཡོད་ན་ལེགས་ཚུལ་གྱི་གསུང་འཕྲོས་ཀྱིས་མཛད་པ་པོས་དང་དུ་ཁས་འཆེས་པ་དེའི་སྐོར་གྱི་རྒྱུ་མཚན་སོགས་ཅོ་ནེའི་དཔོན་མོ་རིན་ཆེན་དཔལ་འཛོམས་ཀྱི་མདུན་ནས་ཞུས་པ་དང་། དཔོན་མོས་ཀྱང་དེ་ལྟར་མཛད་ན་ཆོག་པའི་གནང་བར་བརྟེན། ས་སྐྱོང་ཆོས་ཀྱི་རྒྱལ་པོ་མི་དབང་འཇམ་དབྱངས་ནོར་བུ་དང་དཔོན་མོ་རིན་ཆེན་དཔལ་འཛོམས་ཟུང་གི་ཆེ་བ་དང་མཛད་པ་བརྗོད་བྱར་དྲངས་ནས་མུ་ནེ་དཔོན་སློབ་སངས་རྒྱས་དཔལ་བཟང་གི་ས་སྐྱོང་རྟོགས་བརྗོད་ཀྱི་རྩོམ་གཤིས་ལྟར་བཅད་ལྷུག་སྤེལ་མའི་ལུས་སྤྱད་དེ་བྲིས་པར་ཟུང་ལྡན་གྱི་རྒྱན་ཤུགས་ཆེར་བཀོད་ཡོད།
       གསུམ། «རྣམ་ཐར་ཟླ་བའི་ཅོད་པཎ»གྱི་རྩོམ་པ་པོའི་མཛད་པ་མདོར་བསྡུས།
       རྣམ་ཐར་འདིའི་མཛད་པ་པོ་ལ་བཤད་རྒྱུན་ཁ་ཤས་ཡོད་དེ། «མདོ་སྨད་ཆོས་འབྱུང»དུ། འདི་ཉིད་ཀྱི་རྣམ་ཐར་དང་། དཔོན་རབས་རྟོགས་བརྗོད་མཁས་པའི་མཛེས་རྒྱན་ཅེས་བྱ་བ་མུ་ནས་དཔོན་སློབ་སངས་རྒྱས་དཔལ་བཟང་གིས་མཛད་པ་ཡོད་དོ། །ཞེས་དང་། «ཅོ་ནེ་ས་སྐྱོང་གི་ལོ་རྒྱུས་ཀླུ་ཆུ་སྔོན་མོའི་གྱེར་དབྱངས»ལས། མུ་ནེ་དཔོན་སློབ་སངས་རྒྱས་དཔལ་བཟང་ལ་ཁྲི་བ་སྔ་མ་རྗེ་དགེ་འདུན་རྒྱ་མཚོའི་རྣམ་ཐར་བློ་གསལ་ཐར་འདོད་མགུལ་རྒྱན་ཞེས་བྱ་བ་དང་རིན་ཆེན་དཔལ་འཛོམས་ཀྱི་རྣམ་ཐར་དང་དཔོན་རབས་རྟོགས་བརྗོད་མཁས་པའི་མཛེས་རྒྱན་ཞེས་བྱ་བ་སོགས་གསུང་རྩོམ་ཐོར་བུ་དུ་མ་ཡོད།[4]ཅེས་མུ་ནེ་དཔོན་སློབ་སངས་རྒྱས་དཔལ་བཟང་གིས་མཛད་པར་བཤད། ཡིན་ནའང«རྣམ་ཐར་ཟླ་བའི་ཅོད་པཎ»གྱི་མཇུག་བྱང་དུ་། པད་མ་དགའ་བའི་ལང་འཚོ་གཞོན་ནུ་དཔའ་བོ་ནོར་བཟང་ཞེས་གསལ་བས་ཨ་སྨོན་བློ་བཟང་སྨོན་ལམ་གྱི་སྤྲུལ་སྐུ་དཔའ་བོ་གཞོན་ནུ་ནོར་བཟང་ངམ་ངག་དབང་བསྟན་དར་མཆོག་ཡིན་པ་གསལ་ལོ། །འདི་བ་ཅོ་ནེའི་དགོན་ལི་ནས་སྤྱི་ལོ1738ལོར་སྐུ་འཁྲུངས། ཨ་སྨོན་བློ་བཟང་སྨོན་ལམ་གྱི་སྤྲུལ་སྐུར་ཐག་བཅད་དེ་རྒྱལ་ལུང་རི་ཁྲོད་དུ་ཁྲི་སྟོན་གསོལ། རྒྱལ་ལུང་སྤྲུལ་སྐུའང་ཟེར། དེ་ནས་མི་འགྱངས་པར་དབུས་སེར་སྨད་དུ་ཆོས་ཞུགས་མཛད་དེ་བཀའ་པོད་ལྔར་སྦྱངས་པ་མི་དམན་པ་བྱས་ནས་དགེ་བཤེས་ཐོན། དབུས་སུ་འོལ་ཁ་རྗེ་དྲུང་ལ་རྙིང་མ་ཉན། གཞུང་གི་བཀའ་བཀྱོན་གྱིས་མངའ་རིས་བར་དུ་འབྲོས་དགོས་བྱུང་། ཀིརྟི་སྐུ་ཕྲེང་དྲུག་པ་དགེ་འདུན་ཆོས་ཀྱི་དབང་ཕྱུག་གིས་རྗེ་འདི་བ་རིགས་ཀྱི་ཅོད་པད་དུ་བསྟེན། «མདོ་སྨད་ཆོས་འབྱུང»དུ་སྔར་ཅོ་ནེ་ཕྱོགས་འདི་ལྟ་གྲུབ་ཤིན་ཏུ་གཙང་ཡང་དེ་ཉིད་ཀྱི་སློབ་མ་ཡ་རུའི་བྱམས་པ་དཔལ་བཟང་སོགས་བན་མིན་བོན་མིན་བྱེད་མཁན་རེ་གཉིས་བྱུང་བ་ལ་བླ་མ་བྱམས་པ་ཁོང་ནས་བཀའ་ནན་ལྕི་བའི་གསུང་ཤོག་བསྩལ་བས་ཤུགས་ཆེན་པོ་མ་བྱུང་། ཞེས་བརྗོད། རྗེ་ཉིད་ཀྱི་ཕྱག་རྩོམ«རྒྱལ་བའི་གསུང་རབ་གསེར་གྱི་ལྡེ་མིག»ཏུ། འཕགས་པ་ཉེ་བར་འཁོར་དང་དབྱེར་མེད་པ་དོན་གྱིས་སླད་དུ་མཚན་ནས་སྨོས་པ་བདག་གི་མཁན་རིན་པོ་ཆེ་རྗེ་བཙུན་བླ་མ་ངག་དབང་བྱམས་པ་དཔལ་བཟང་པོ་དེ་ཉིད་ཀྱིས་བདག་བསྙེན་པར་རྫོགས་པས[5]ཞེས་དང་། ཡང་དེ་ཉིད་ལས། རྒྱལ་དབང་ལྔ་པ་དང་པཎ་ཆེན་རིན་པོ་ཆེ་ལས་དབེན་ས་བཀའ་བརྒྱུད་དེ་ངེད་རང་གིས་ཐོབ་ཡིག་ལྟར། ཚེ་ལྟ་ཟུང་འབྲེལ་རིག་འཛིན་པདྨ་འཕྲིན་ལས་ཀྱི་ཡིག་ཆ་ཡང་འདུག་པས། ངེད་ནས་ཆུ་བཟང་མཁན་པོའི་དྲུང་དུ་ཐོབ་པ་སོགས་རྗེས་གནང་གི་སྐོར་མཚོན་ཙམ་ཡིན[6]ཞེས་པས་རྗེ་འདིའི་སློབ་དཔོན་ལྟ་བུ་ནི་འོལ་ཁ་ཚང་དང་ངག་དབང་བྱམས་པ། ཆུ་བཟང་མཁན་པོ་བཅས་ཡོད་པར་འདུག །«རྗེ་བཙུན་བྱམས་པ་མཐུ་སྟོབས་ཀུན་དགའ་རྒྱལ་མཚན་གྱི་རྣམ་ཐར»ལས། འདི་བ་མངའ་རིས་གསེར་ཁྲི་ལ་ཕེབས། མདོ་སྨད་དུ་བྱོན་ནས་ཀུན་མཁྱེན་འཇིགས་མེད་དབང་བོ་བླ་མར་བསྟེན། ཨ་མདོའི་ཆོས་འབྱུང་སོགས་གསུང་རྩོམ་མང[7]ཞེས་དང་།«ངག་དབང་བློ་གྲོས་དཔལ་བཟང་པོའི་རྣམ་ཐར་ཕྲེང་བ»ལས། སེང་བཟང་སྤྲུལ་སྐུ་དཔའ་བོ་ནོར་བཟང་གི་དྲུང་ནས་གསང་འདུས་དང་བདེ་མཆོག་སོགས་ཀྱི་ལུང་རྗེ་ངག་དབང་བློ་གྲོས་ཁོང་ཉིད་ནས[8]ཞུས་པ་སོགས་སོ། །དགུང་ལོ་དོན་བཞི་བ་སྟེ་སྤྱི་ལོ1811ལོར་སྐུ་གཤེགས། གསུང་རྩོམ་ལ་སྤྱི་ལོ1783ལོར་མཛད་པའི«ས་སྐྱོང་དབང་མོ་རིན་ཆེན་དཔལ་འཛོམ་གྱི་རྣམ་ཐར་བསྡུས་པའི་དབུ་ལེགས་སོ» «རྒྱལ་བའི་གསུང་རབ་ཀྱི་བང་མཛོད་སྒོ་བརྒྱ་འབྱེད་པའི་ཁོག་ཕུབས་མན་ངག་གསེར་གྱི་ལྡེ་མིག»ཅེས་པ་དང་། སྤྱི་ལོ1784ལོར་མཛད་པའི«མི་དབང་གོང་མ་རྣམས་ཀྱི་རྟོགས་པ་བརྗོད་པའི་ཁ་སྐོངས་ས་སྐྱོང་དབང་མོ་རིན་ཆེན་དཔལ་འཛོམ་གྱི་རྣམ་ཐར་ཟླ་བའི་ཅོད་པཎ»ཞེས་པ་མཛད། སྤྱི་ལོ1776ལོར་མཛད་པའི«བཀའ་བརྒྱད་བདེ་གཤེགས་འདུས་པའི་ལས་བྱང་ཁྲག་འཐུང་རོལ་བའི་གད་རྒྱངས» «གསོལ་འདེབས་རྣམ་ཐར་དྲི་མེད་མ»དང«ཨ་མདོའི་ཆོས་འབྱུང» «ཀྭ་རི་བཞི་མདོའི་དཀར་ཆག»སོགས་མང་ངོ་། །
གཉིས་པ། «རྣམ་ཐར་ཟླ་བའི་ཅོད་པཎ»ལས་རིན་ཆེན་དཔལ་འཛོམས་ཀྱི་ཆེ་བ་དངོས་བཤད་པ།
       གཅིག །ཅོ་ནེའི་དཔོན་མོ་རིན་ཆེན་དཔལ་འཛོམས་ཀྱི་འཁྲུངས་འདས་ལོ་ཚིགས་སོགས་བཤད་པ།
       ཅོ་ནེའི་དཔོན་མོ་རིན་ཆེན་དཔལ་འཛོམས་འདི་བ་དུས་ནམ་ཞིག་ལ་ཡུལ་གང་དུ་ཁྱིམ་རྒྱུད་ཅི་ལྟ་བུ་ལས་ཡབ་ཡུམ་སུ་ཞིག་གི་སྲས་མོར་འཁྲུངས་པ་ད་སྔའི་ཡིག་ཆར་མི་གསལ་བས་ཕལ་ཆེར་རྒྱའི་ཡིག་ཆར་ཡོད་པར་སྣང་། ཡིན་ནའང་རྒྱའི་མཁས་པ་དག་གིས་འདི་དང་འབྲེལ་བའི་ཡིག་ཆ་ད་སྔར་མ་རྙེད་པ་འདྲ་སྟེ། ཅོ་ནེའི་བསྟན་འགྱུར་བཞེངས་ཚུལ་གྱི་དཔྱད་བརྗོད་ཁ་ཤས་འདུག་ཀྱང་འབྲེལ་ཡོད་ལོ་ཚིགས་སོགས་མེད་དོ། །
       ༡ འཁྲུངས་ཡུལ་ངོས་འཛིན་གྱི་དོགས་གཞི།
       དཔོན་མོ་འདིའི་མཚན་གྱི་རྣམ་གྲངས་སུ་འདྲེན་ཚུལ་ཁ་ཤས་འདུག་པས«ཐེ་ཐེ་དབང་མོའི་རྣམ་ཐར་གྱི་ས་བོན་བརྗོད་པ»དང«དཔོན་མོ་རིན་ཆེན་དཔལ་འཛོམ་གྱི་རྣམ་པར་ཐར་བ་རིན་ཆེན་བཀའི་མཆོད་སྤྲིན»དུ་རྒྱལ་བཟའ་ཐེ་ཐེ་དབང་མོ་དང་དཔོན་མོ་རིན་ཆེན་དཔལ་འཛོམ་ཞེས་དང་།«ཐེ་ཐེ་དབང་མོའི་རྣམ་ཐར་གྱི་ས་བོན་བརྗོད་པ»ར་རྒྱལ་རོང་རྣམ་རྒྱལ་སྒྲོལ་མ་ཞེས་བརྗོད། «ས་སྐྱོང་ཆོས་ཀྱི་རྒྱལ་པོའི་རྟོགས་བརྗོད་རིན་པོ་ཆེའི་འཕྲེང་བ»དང«ཅོ་ནེའི་བསྟན་འགྱུར་དཀར་ཆག»དུ། གླི་བཟའ་མཁའ་འགྲོ་འཚོ། རྒྱ་བཟའ་ཨུ་ཤི་བཱ། ཅོའུ་ཏི། རྡོ་རྗེ་འཚོ་སོགས་བཙུན་མོར་ཁབ་ཏུ་བཞེས། ཞེས་ས་སྐྱོང་འཇམ་དབྱངས་ནོར་བུས་བཙུན་མོ་ལྔ་ཁབ་ཏུ་བཞེས་པ་གསལ། ཡིན་ནའང་སྤྱི་ལོ1783ལོར་བྱང་ཆུབ་གཞོན་ནུ་དཔའ་བོ་ནོར་བཟང་གིས་མཛད་པའི«རྒྱལ་བའི་གསུང་རབ་ཀྱི་བང་མཛོད་སྒོ་བརྒྱ་འབྱེད་པའི་ཁོག་ཕུབས་གསེར་གྱི་ལྡེ་མིག»ཏུ། ཅོ་ནེའི་རྒྱལ་མོ་ཐེ་ཐེས་བསོད་ནམས་དཔལ་འཛོམས་ཞེས་དང་སྤྱི་ལོ1784ལོར་མཛད་པའི«རྣམ་ཐར་ཟླ་བའི་ཅོད་པཎ»ཏུ། རྒྱ་བཟའ་ཐཱཻ་ཐཱཻ་རིན་ཆེན་དཔལ་འཛོམ་ཞེས་བརྗོད།«མདོ་སྨད་ཆོས་འབྱུང»དུ། མེས་པོ་འཇམ་དབྱངས་ནོར་བུའི་བཙུན་མོ་མ་ག་དྷ་བཟང་གཉིས་པ་རིན་ཆེན་དཔལ་འཛོམས་གཉིས་ཀྱིས་བསྟན་འགྱུར་ཡོངས་རྫོགས་ཀྱི་དཔར་བསྐྲུན། ཞེས་འཁོད་པ་སོགས་ལ་གཞིགས་ན་རྒྱ་བཟའ་ཐཱཻ་ཐཱཻ་རིན་ཆེན་དཔལ་འཛོམས་དང་བསོད་ནམས་དཔལ་འཛོམས། རྒྱལ་རོང་རྣམ་རྒྱལ་སྒྲོལ་མ། རྒྱ་བཟའ་ཨུ་ཤི་པཱ། རྒྱལ་བཟའ་ཐེ་ཐེ་དབང་མོ་དང་དཔོན་མོ་རིན་ཆེན་དཔལ་འཛོམ་བཅས་ཟེར། དེ་ན་མཚན་ཟུར་གྱི་རྒྱ་བཟའ་དང་རྒྱལ་བཟའ་ནི«ཐེ་ཐེ་དབང་མོའི་རྣམ་ཐར་གྱི་ས་བོན་བརྗོད་པ»ར་སྔ་གཞུག་ཏུ་རྒྱལ་བཟའ་དང་རྒྱ་བཟའ་ཞེས་བཀོད་འདུག་པས་ཡུལ་ལུང་གི་སྐད་ཀྱིས་འབྲི་ལུགས་མ་འདྲ་བ་ལས་གཅིག་ཏུ་སྣང་། དེ་ལྟར་ན«ཐེ་ཐེ་དབང་མོའི་རྣམ་ཐར་གྱི་ས་བོན་བརྗོད་པ»ལས། ཡེ་ཤེས་མཆོག་གི་ལང་ཚོའི་དབྱིག །འགྲོ་ཀུན་བདེ་བའི་བསྟན་ས་འདིར། །སྦྱིན་པའི་ཚོགས་སུ་འཇོ་བའི་སྐུ། །རྒྱལ་མོ་ཁྱེད་རང་ལུང་ལས་འཕོས། །[9]ཞེས«རྣམ་ཐར་ཟླ་བའི་ཅོད་པཎ»དུ། ཀིརྟི་ཉིད་རྒྱལ་མོ་རོང་ཁྱེའུ་དགེ་ལེགས་ཚོར་འཁྲུངས་དུས། ཆུང་གྲོགས་བྱི་བ་ལྷ་འབུམ་དང་རྡོ་རྗེ་བུ་མོ་ཨ་ལུ་གསུམ་བྱུང་བ། བུ་ཚ་གཉིས་བྱང་ཕྱོགས་ཀྱི་རྒྱུད་འདིར་དགེ་བཤེས་དང་། བུ་མོ་བསྟན་པའི་སྦྱིན་བདག་ཟླ་མེད་པ་ཞིག་འབྱུང་བའི་ལུང་ཟིན་གྱི་བུ་མོ་དེ་མིན་པའི་ངེས་པ་མི་འདུག །[10]ཅེས་ཀིརྟི་བསྟན་པ་དར་རྒྱས་ཀྱི་རྣམ་ཐར་དུ་བཀོད་པའི་ལུང་བསྟན་འདི་ཉིད་ཡིན་ནམ་སྙམ་ནས་«རྒྱལ་བའི་གསུང་རབ་གསེར་གྱི་ལྡེ་མིག»ཏུ། ཅོ་ནེའི་རྒྱལ་མོ་ཐེ་ཐེས་བསོད་ནམས་དཔལ་འཛོམས་འདི་ནི་སྐྱེ་བོ་ཀུན་གྱི་སྤྲུལ་བ་ཡིན་ཞེས་གླེང་མོད། དམ་པ་མང་པོས་རྗེ་བཙུན་མའི་རྣམ་འཕྲུལ་དུ་གསུངས་པར་གྲགས།[11] “གང་ལྟར་འདི་བའི་དབུ་སྐྲ་ལ་ཞལ་ཏ་མ་རྣམས་ཀྱི་ལག་པས་རེད་ན་མེ་སྟག་ཕྲོམ་ཕྲོམ་བྱེད་པ་ཞིག་ཡོད་འདུག་པས་ལན་གཅིག་ཞལ་ཏ་མས་མི་ལ་ལབ་པའི་རྐྱེན་གྱི་དུས་ཕྱིས་འགྲིབ་སོང་བ་ནི་མཁའ་འགྲོའི་མཚན་རྟགས་ཅན་ནོ། །”[12]ཞེས་ཐུན་མོང་བའི་སྣང་ངོར་མ་གྲུབ་པའི་གང་ཟག་ཅིག་ཏུ་ངོས་འཛིན་བྱེད། ལུང་བསྟན་འདི་དག་ལ་བརྟེན་ནས«ཅོ་ནེ་ས་སྐྱོང་གི་ལོ་རྒྱུས་ཀླུ་ཆུ་སྔོན་མོའི་གྱེར་དབྱངས»ལས། བཙུན་མོ་རིན་ཆེན་དཔལ་འཛོམས་རྒྱལ་བཟའ་ཟེར་ཏེ་རྒྱལ་མོ་རོང་ནས་ཁབ་ཏུ་བཞེས[13]ཞེས་འཁྲུངས་ཡུལ་རྒྱལ་མོ་རོང་ནས་ཡིན་པར་བཤད་ལ་འབྲེལ་ཡོད་མི་སྣ་ཁ་ཤས་ཀྱིས་ཀྱང་དེ་ལྟར་ཟེར་བས་མུ་ནས་ཡིག་ཆ་འཚོལ་དགོས། ཡང་དཔོན་མོ་རིན་ཆེན་དཔལ་འཛོམས་ནི་ད་ལྟའི་སྤྲ་ཚལ་རྫོང་ནས་ཡིན་པར་བཤད། རུས་གླི(李)ཡིན་ཏེ་ཐོག་མའི་མིང་ལ་གླི་མཁའ་འགྲོ་འཚོ་ཟེར། དེ་ནས་རིན་ཆེན་དཔལ་འཛོམས་ཟེར་ཞེས་རྒྱའི་དཔྱད་རྩོམ་དུ་ཡོད།«ཅོ་ནེ་ས་སྐྱོང་གི་ལོ་རྒྱུས་ཀླུ་ཆུ་སྔོན་མོའི་གྱེར་དབྱངས»ལས། ཁོར་བཙུན་མོ་བསྐལ་བཟང་དཔལ་མོ(李氏太太)ཞེས་པ་བླངས། ཀླུ་གསར་སྡེ་བའི་ཕྱུག་པོའི་ཤུལ་ཆད་ཅིག་གི་བུ་མོ་ཡིན་པ་ཆུང་དུས་དཔོན་ཚང་ལ་ཕུལ[14]ཞེས་མི་དབང་བསོད་ནམས་རིན་ཆེན་ལ་བཙུན་མོ་བཞེས་པར་གླི་ཐཱེ་ཐཱེ་ཞེས་བརྗོད།«རྣམ་ཐར་ཟླ་བའི་ཅོད་པཎ»དུ་ཟི་ལིང་ཕྱོགས་ནས་ཨ་སྤོ་བསྐལ་བཟང་དཔལ་མོ་བཙུན་མོར་བསུས་པར་བརྟག་ན་འདི་བ་མཚོ་སྔོན་ཟི་ལིང་ཕྱོགས་ཡིན་པ་ཤེས་སོ། །གླི་བཟའ་མཁའ་འགྲོ་འཚོ་དང་རྒྱ་བཟའ་རིན་ཆེན་དཔལ་འཛོམས་གཉིས་གཅིག་ཡིན་མིན་དཔྱད་དགོས། གླི་བཟའ་མཁའ་འགྲོ་འཚོ་ཁབ་ཏུ་བཞེས་དུས་རྒྱ་བཟའ་ཨུ་ཤི་བཱ་ཟེར་བ་ཞིག་ཡོད་དེ། རྒྱ་བཟའ་ཨུ་ཤི་བཱ་ནི་རིན་ཆེན་དཔལ་འཛོམས་ཡིན་ནམ་སྙམ་པས་བརྟག །
       ༢ འཁྲུངས་འདས་ལོ་ཚིགས་ཀྱི་སྐོར།
       དཔོན་མོ་འདི་བའི་འཁྲུངས་ལོ་དང་འདས་ལོ་འདིའོ་ཞེས་ཁ་གསལ་ཞིག་དང་རྒྱུ་ཆའི་ཁུངས་སྣེ་ཞིག་རྣམ་ཐར་དང་དཀར་ཆག་འདི་དག་རུ་མི་གསལ་མོད། རྒྱའི་ཡིག་ཆར་ཡོད་ཀྱང་མ་རྙེད་པས་འདིར་ཡིག་ཆ་རྣམས་གུང་བསྒྲིགས་ནས་ཅུང་ཟད་དཔྱད་ན། ཅོ་ནེའི་ས་སྐྱོང་འཇམ་དབྱངས་ནོར་བུ་ནི«ས་སྐྱོང་ཆོས་ཀྱི་རྒྱལ་པོའི་རྟོགས་བརྗོད་རིན་པོ་ཆེའི་འཕྲེང་བ»ལས། ཡབ་ཆོས་རྒྱལ་ཆེན་པོ་དམག་ཟོར་མགོན་པོ་དང་། ཡུམ་རིགས་རུས་ཀྱི་མངོན་པར་མཐོ་ཞིང་བྱམས་བརྩེ་དང་ལྡན་པ་སྨན་བྱང་ཉིང་གཉིས་ཀྱི་སྲས་སུ་ཁང་སྤྱི་རྒྱལ་པོ་དགུང་ལོ་ཞེ་གཉིས་པ་ཆུ་མོ་ལུག་གི་ལོའི་སྨིན་དྲུག་ཟླ་བའི་དམར་ཕྱོགས་ཀྱི་དགའ་བ་དང་པོ། ཚེས་བཅུ་གཉིས་དགུའི་གཟའ་སྐར་འཕྲོད་སྦྱོར་འཛོམས་པའི་ཉིན་གུང་དུས་ཚོད་བཟང་པོ་ལ་དགེ་མཚན་ཁྱད་པར་ཅན་དུ་མ་དང་བཅས་ཏེ་སྐུ་འཁྲུངས[15]ཞེས་སྤྱི་ལོ1703ལོར་སྐུ་འཁྲུངས་པ་ལྟར«ཅོ་ནེའི་བསྟན་འགྱུར་དཀར་ཆག»ལས། ཡབ་ཡུམ་དེ་གཉིས་ཀྱི་སྲས་སུ་ཁང་ཞི་རྒྱལ་པོ་དགུང་ལོ་རེ་གཅིག་པ་ཆུ་ལུག་སྨིན་དྲུག་ཟླ་བའི་དམར་ཕྱོགས་ཀྱི་ཚེས་བཅུ་དགུའི་ཉིན་པར་དགེ་མཚན་དུ་མ་དང་བཅས་སྐུ་བལྟམས[16]ཞེས་དང་ཡང་དེ་ཉིད་ལས། “ཡུང་ཊིང་རྒྱལ་པོ་དགུང་ལོ་གཉིས་པ་ཤིང་སྦྲུལ་ཟླ་བ་གཉིས་པར་ཡབ་ཆོས་ཀྱི་རྒྱལ་པོས་ལུགས་གཉིས་ཀྱི་བྱ་བཞག་གཏད་དེ་རྒྱལ་སྲིད་སྐྱོང་བར་དབང་བསྐུར།[17]ཞེས་ཁང་ཞི་རྒྱལ་པོ་དགུང་ལོ་རེ་གཅིག་པ་ནི་སྤྱི་ལོ1722ལོ་དང་ཆུ་ལུག་ནི་སྤྱི་ལོ1703ལོར་ཁེལ། ཡབ་ཀྱི་རྒྱལ་ས་སྤྱི་ལོ1725ལོར་བཟུང་ཞེས་ཁང་ཞི་རྒྱལ་པོ་དགུང་ལོ་རེ་གཅིག་པ་ནི་མ་དག་པས་ནང་འགལ་དུ་འདུག །«ས་སྐྱོང་དབང་མོ་རིན་ཆེན་དཔལ་འཛོམ་གྱི་རྣམ་ཐར་བསྡུས་པའི་དབུ་ལེགས་སོ»ལས། ལྷ་རིགས་དགའི་གདུང་རྒྱུད་དམག་ཟོར་མགོན་པོ་དང་ཡུམ་སྨན་བྱང་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་པའི་ཆུ་མོ་ལུག་གི་ལོར་བལྟམས་ནས[18]ཞེས་སྤྱི་ལོ1703ལོར་འཁྲུངས། “དེ་ནས་རང་ལོ་བཅུ་བཞི་བའི་སྟེང་། རིགས་རུས་ལང་ཚོའི་ཀུནྡ་རྣམ་པར་རྒྱས་ཤིང་ཡིད་གཞུངས་དང་གཏོང་སོགས་ཀྱི་བདུད་རྩིའི་ཟིལ་བ་མངར་དང་ལྡན་པ་སྨིན་ལེགས་མའི་ཡོན་ཏན་ཡོངས་སུ་རྫོགས་པའི་གླི་བཟའ་མཁའ་འགྲོ་འཚོ། རྒྱ་བཟའ་ཨུ་ཤི་པཱ། ཅོའུ་ཏི། རྡོ་རྗེ་འཚོ་སོགས་བཙུན་མོར་ཁབ་ཏུ་བཞེས། དེ་ནས་ཡུན་ཇིང་རྒྱལ་པོ་དགུང་ལོ་གཉིས་པ་ཤིང་སྦྲུལ་གྱི་ཟླ་བ་མེ་ཡོས། ཉི་མ་མེ་ཁྱི་དུས་ཚོད་ལྕགས་འབྲུག་གི་སྐབས་ལ་བབས་པ་རྒྱལ་ཕུར་འཛོམས་པའི་ཉི་མ་ལ་ཡབ་ཆོས་ཀྱི་རྒྱལ་པོས་ལུགས་ཟུང་གི་བྱ་གཞག་སྐོར་གསུམ་ཕྱག་ཏུ་གཏད་དེ་འཇིགས་མེད་སེང་གེའི་ཁྲི་ལ་སྟོབས་ཀྱི་འཁོར་ལོས་བསྒྱུར་བའི་རྒྱལ་པོར་དབང་བསྐུར་བར་གྱུར་ཏོ། །”[19]ཞེས་ཅོ་ནེའི་དཔོན་མོ་རིན་ཆེན་དཔལ་འཛོམས་ནི་ས་སྐྱོང་མི་དབང་འཇམ་དབྱངས་ནོར་བུའི་བཙུན་མོར་བཞེས་པའི་དུས་ནི་ས་སྐྱོང་ཁོ་རང་དགུང་ལོ་བཅུ་བཞི་སྟེ་སྤྱི་ལོ1717ལོ་དང་སྤྱི་ལོ1725ལོར་ཡབ་དམག་ཟོར་མགོན་པོའི་རྒྱལ་ས་བཟུང་བ་གསལ། ཡིན་ནའང«རྣམ་ཐར་ཟླ་བའི་ཅོད་པཎ»དུ། མཛེས་སྡུག་གི་བཙུན་མོ་རྣམས་ཀྱི་ཁྲོད་ནས་རྒྱ་བཟའ་ཐཱཻ་ཐཱཻ་རིན་ཆེན་དཔལ་འཛོམས་ནི་རྒྱ་ནག་གོང་མ་གཡུན་ཅིང་གི་དུས། ཐཱཻ་ཐཱཻ་རང་གི་ཡབ་དགུང་ལོ་ཉི་ཤུ་རྩ་བཞི། རང་ཉིད་དགུང་ལོ་བཅུ་བཞིའི་ཐོག་ས་ལ་རྒྱུ་བ་མིའི་ཉི་མ་སྔོན་བསགས་སྨོན་ལམ་རྟ་བདུན་གྱིས་ཤིང་རྟས་ཉེ་བར་དྲངས་ཏེ་བསོད་ནམས་ཀྱི་གཟི་བྱིན་བླ་ན་འབར་ཞིང་ལྗོངས་འདིར་དགེ་ལེགས་ཀྱི་སྣང་བ་ཆེ་ཆེས་གསལ་བར་མཛད་པའི་སླད་དུ། མེ་ལུག་ཧོར་ཟླ་བཞི་བའི་ཚེས་བཅུ་བདུན་གྱི་ཉིན་བསུ་བའི་བཀོད་པ་དང་བཅས་རྣམ་པར་རྒྱལ་བའི་ཁང་བཟང་སུམ་རྩེན་ལྷའི་གྲོང་ཁྱེར་དང་བཅས་པ་འདིར་འཕོས་པ་ལྟ་བུ་ཅོ་ནེ་མདོའི་རྒྱལ་ཁབ་ཆེན་པོའི་ཕོ་བྲང་ནང་དུ་ཕེབས་པ་དང་ས་ཡོམ་ཞིག་བྱུང་ཞེས་རབ་འབྱམས་པ་བློ་བཟང་དཔལ་འབྱོར་གྱི་ཨ་ཁུ་དགེ་སློང་འཇམ་དབྱངས་སངས་རྒྱས་ལགས་ནས་གསུངས་པ་ངེད་རང་གི་ཐོས།[20]ཞེས་རྒྱའི་གོང་མ་གཡུན་ཅིང་ནི་སྤྱི་ལོ1678-1735བར་ཡིན་ལ་གཡུན་ཅིང་གི་ཁྲི་ལོ་བཟུང་བའི་དུས་ནི་སྤྱི་ལོ1722-1735བར་ཡིན། སྐབས་འདིའི་མེ་ལུག་ནི་སྤྱི་ལོ1727ལོར་ཡིན་དགོས། དེ་ལྟར་ན་དཔོན་མོ་རིན་ཆེན་དཔལ་འཛོམས་ཀྱི་ཡབ་དགུང་ལོ་ཉེར་བཞི་བ་སྤྱི་ལོ1703ལོར་སྐུ་འཁྲུངས་པར་ངེས་པས་མི་དབང་འཇམ་དབྱངས་ནོར་བུ་རང་ལོ་བཅུ་བཞི་ཞེས་པ་དང་འགལ་བས་དཔོན་མོའི་ཡབ་དགུང་ལོ་ཉེར་བཞི་བ་སྤྱི་ལོ1692ལོར་འཁྲུངས་པ་ཡིན་དགོས། མེ་ལུག་ཧོར་ཟླ་བཞི་བའི་ཚེས་བཅུ་བདུན་གྱི་ཉིན་ཞེས་པ་སྤྱི་ལོ1727ལོར་དཔོན་མོ་ཁབ་ཏུ་བཞེས་པ་མི་དག་པར་མེ་བྱ་ཡིན་དགོས་སོ། །དེ་ན“རང་ཉིད་དགུང་ལོ་དགུའི་ཐོག་ཡབ་ཀྱིས་རྩིས་པ་རིན་ཆེན་ཆོས་གྲགས་ལ་ཞུས་པ་ལྟར་ཇོ་ནིའི་རྒྱལ་སྲས་ལ་ཕུལ། ཡུམ་གྱིས་མི་འདོད་ཀྱང་ཇོ་ནི་རྒྱལ་བོའི་ཁམས་ལ་ཕུལ་ན་རང་གཞན་གཉིས་ཀར་ལེགས་སོ། །”[21]ཞེས་དཔོན་མོ་རིན་ཆེན་དཔལ་འཛོམས་ཉིད་རབ་བྱུང་བཅུ་གཉིས་པའི་ས་བྱི་སྤྱི་ལོ1708ལོར་འཁྲུངས་པ་ངེས་སོ། །དེ་བཞིན་དུ་དཔོན་མོའི་སྐུ་ཚ་ལྷ་སྲས་བསྟན་བསྲུངས་ཚེ་རིང(1744-1772)ལ“ཐཱཻ་ཐཱཻ་རིན་ཆེན་དཔལ་འཛོམ་དགུང་ལོ་བཞི་བཅུ་རྩ་གཅིག་གི་ཐོག་ཏུ་བདག་མོ་ཞིག་ཁབ་ཏུ་བླང་བ་སྐུ་ཚེ་མ་ཟིན། སླར་སྐུ་ཞང་སྙིང་བ་ཐང་ཝང་དམག་རྒྱའི་སྲས་མོ་ནེ་ནེས་བསོད་ནམས་གཡང་འཛོམས་འདི་བ་བཙུན་མོར་བཞེས་པ་གནང་། ལྷ་སྲས་བསྟན་བསྲུངས་ཚེ་རིང་དགུང་ལོ་བཅོ་ལྔའི་ཐོག་སྤྱི་ཆོས་སུ་གྲགས་པ་རྒྱལ་ཁབ་ཆེན་པོར་ཡབ་མེས་ཀྱི་ཁྲིར་འཁོད་དེ་རྒྱལ་སྲིད་བཟུང་ནས་འབངས་རྣམས་ཆོས་བཞིན་སྐྱོངས་པ་གནང”[22]ཞེས་སྤྱི་ལོ1759ལོར་ཡབ་བསོད་ནམས་རིན་ཆེན་གྱི་ཁྲི་བཟུང་བ་སོགས་ལ་བརྟག་ན་ཅོ་ནེའི་དཔོན་མོ་རིན་ཆེན་དཔལ་འཛོམས་སྐུ་འཁྲུངས་པའི་ལོ་ཕལ་ཆེར་སྤྱི་ལོ1708ལོའི་སྔ་གཞུག་ཏུ་ཡིན་པ་རྣམ་ཐར་རང་དུ་གསལ་ལོ། །སྐུ་འདས་པའི་དུས་ནི་ད་སྔར་ལག་སོར་མ་བྱུང་ལ། «རྣམ་ཐར་ཟླ་བའི་ཅོད་པཎ»ལས་དཔོན་མོ་མཆོག་སྤྱི་ལོ1783ལོའི་བར་གྱི་ལས་དོན་གསལ་བ་དང་མཛད་པ་པོས་སྤྱི་ལོ1784ལོར་མཇུག་བསྡུས་པ་ལྟར་ན་དེ་དུས་ད་རུང་དཔོན་མོ་བཞུགས་པར་ངེས་སོ། །
       གཉིས། ཅོ་ནེའི་དཔོན་མོ་རིན་ཆེན་དཔལ་འཛོམས་ཀྱི་མཛད་པ་དངོས་བཤད་པ།
       «ཅོ་ནེའི་བསྟན་འགྱུར་དཀར་ཆག»དུ། སྔོན་བགྲང་དུ་ཡས་པའི་ཚེ་རབས་ཀྱི་ཕྲེང་བར་ལེགས་བྱས་རྒྱ་མཚོ་ཡང་དང་ཡང་དུ་འདུ་བྱས་པའི་མཐུ་ལས་རིགས་གཟུགས་དཔལ་གྱིས་མཛེས་ཤིང་དགེ་བ་ལ་ཀུན་ཏུ་སྤྲོ་བ། རང་བཞིན་གྱིས་ཡིད་གཞུངས་ཤིང་བྱམས་བརྩེ་དང་ལྡན་པ། བསོད་ནམས་ཀྱི་དཔལ་ལས་འོངས་པའི་ལོངས་སྤྱོད་མཐའ་དག་དགེ་བའི་ཕྱོགས་སུ་གཏོང་བ། འཇིག་རྟེན་གྱི་ཚུལ་ལུགས་ལ་མཁྱེན་པའི་སྤྱན་མཆོག་ཏུ་ཡངས་པས་ཆབ་འབངས་ཀྱི་སྐྱེ་བོ་མ་དུལ་བ་རྣམས་དུལ་བར་བྱེད་ཅིང་། དུལ་བ་རྣམས་རྣལ་དུ་དགོད་པ། འཁོར་བ་དང་ངན་སོང་གི་སྡུག་བསྔལ་གྱིས་འཇིགས་ཏེ་དཀོན་མཆོག་མཆོད་པ་ལ་བརྩོན་པ། སྐུ་གསུང་ཐུགས་ཀྱི་རྟེན་མཐའ་ཡས་པ་བཞེངས་པ་ལ་སྙིང་སྟོབས་ཆེན་པོས་ངང་གིས་འཇུག་པ་ཞིག་སྟེ།[23]ཞེས་དང་དེ་ཉིད་ལས། “རྣམ་དཀར་གྱི་བྱ་བ་རླབས་པོ་ཆེ་ཡང་དག་པར་སྒྲུབ་པའི་ཕྱག་རྗེས་འདི་དག་ལ་དཔག་ན་རྗེ་བཙུན་འཕགས་མ་སྒྲོལ་མ་མི་མོའི་གཟུགས་སུ་བྱོན་པའམ། སངས་རྒྱས་བྱང་སེམས་ཀྱི་བྱིན་གྱིས་བརླབས་པའི་སྤྲུལ་བ་ཞིག་ཏུ་གདོན་མི་ཟའོ་སྙམ་དུ་སེམས་ཤིང”[24]ཞེས་དཔོན་མོ་འདི་བ་ཐུན་མོང་བའི་སྣང་ངོར་བསྟན་པ་ལ་རྩེ་གཅིག་གིས་གུས་ཤིང་ལྷག་ཏུ་རྒྱལ་བ་ཙོང་ཁ་བའི་རིང་ལུགས་དྲི་མ་མེད་པ་ལ་བཀུར་མཁན་ཞིག་ཏུ་གྱུར་བ་མ་ཟད་གསང་བའི་ཡོན་ཏན་དུ་མས་ཕྱུག་པའི་སྐྱེ་བུ་ཞིག་ཏུ་ཟད་དོ། །
       ༡ ཐོས་པ་མཛད་ཚུལ། 
       འདིར«རྣམ་ཐར་ཟླ་བའི་ཅོད་པཎ»ལས། འཆི་མེད་བུ་མོ་འབུམ་གྱི་ལང་ཚོའི་དབྱིག །གཅིག་ཏུ་བསྡུས་པ་འགྲན་པའི་ཟླ་བྲལ་བ། །རིན་ཆེན་བཙུན་མོ་འདོད་དགུ་འཛོམ་པའི་དཔལ། །འབྱོར་བའི་ཡུལ་འདིར་སྨོན་ལམ་མཐུ་ཡི་བྱིན། །མ་འགུལ་ས་ཆེན་རབ་ཏུ་གཡོས། །མ་བོས་སྤྲིན་གསར་ལང་ལོང་འདུས། །མ་སྒྲིག་བརྟེན་འབྲེལ་ལྷུན་གྲུབ་པའི། །མ་གཅིག་ཁྱོད་ཀྱི་མཐུ་ལས་ཅི། །གང་གི་ཡོན་ཏན་མཐའ་དག་ནི། །བདག་བལྟས་བརྗོད་པ་ག་ལ་ནུས། །མཁའ་ལྡིང་གཤོག་རྩལ་ཆེ་ན་ཡང་། །རི་རྒྱལ་འགྱེལ་བ་མི་ནུས་བཞིན། །མི་ལོ་རྒྱ་བཟའ་རིན་ཆེན་དཔལ་འཛོམ་འདི། །མུ་མེད་སྐྱེ་བོས་སྤྲུལ་བ་ཡིན་ཞེས་གླེང་། །མེ་སྟག་འཕྲོ་བའི་དབུ་སྐྱེས་ལན་བུ་གཡོ། །མོ་བརྒྱུད་མཁའ་འགྲོའི་གཙོ་མ་ཡིན་པར་ཁུམས། །[25]ཞེས་བརྗོད་པ་ལྟར་སྐུ་ན་ཕྲ་མོའི་དུས་ནས་རྒྱལ་བ་ཙོང་ཁ་པ་ཆེན་པོར་མི་ཕྱེད་པའི་དད་པ་ཐོབ་པས་སྐྱབས་འགྲོ་དང་ལྟུང་བཤགས། སྒྲོལ་མ་དཀར་ལྗང་། རིགས་གསུམ་མགོན་པོའི་སྙིང་བོ་སོགས་ཆག་མེད་དུ་ཞལ་འདོན་མཛད། རྒྱའི་ཡི་གེ་མཁྱེན་པའི་སྟབས་ཀྱིས་ཕྱི་ནང་གི་དོན་གལ་ཆེན་གྱི་རིགས་ཕལ་ཆེར་ཡིག་ཐོག་ནས་གནང་ཞིང་ཧར་སྤྱོད་ཧུར་སྤྱོད་ཡེ་ནས་མི་མཛད། ཅོ་ནེ་དཔོན་གྱི་རྒྱབ་སྐྱོར་ལ་བརྟེན་ནས་ཅོ་ནེའི་ཁྲི་རིན་པོ་ཆེ་ལས་ཡི་གེའི་ལམ་སྲོལ་བསླབ། སྤྱི་ལོ1719ལོར་སྟག་ཚང་དཔོན་སློབ་བློ་བཟང་རབ་བརྟན་ལས་ཡི་གེའི་ཀློག་སོགས་ཞལ་འདོན་གྱི་ཆོས་སྤྱོད་སྐོར་ལ་སྦྱངས་པ་མཛད། རྗེ་བཙུན་ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་མདུན་ནས་ཆོས་སྤྱོད་ཀྱི་རིམ་པ་བསླབ། སྤྱི་ལོ1738ལོར་རྗེ་རིན་པོ་ཆེའི་གསེར་ཁྲིར་མངའ་བ་རྒྱལ་ཚབ་དམ་པ་རྒྱལ་མཚན་སེང་གེ་མཆོག་ཡུལ་འདིར་གདན་དྲངས་ནས་བཀའ་ཆོས་ཅི་རིགས་མནོས། ལྷག་དོན་སྤྱི་ལོ1738ལོ་ནས་མུ་ནེ་དཔོན་སློབ་སངས་རྒྱས་དཔལ་བཟང་མཆོག་གཙུག་གི་ནོར་བུ་བསྟེན་ནས་སྤྱི་ལོ1772ལོའི་བར་དུ་དབང་ལུང་མན་ངག་སོགས་མང་བོ་ཐོབ་ནས་མཐར་བླ་མའི་དགོངས་རྫོགས་སོགས་གྱ་སྙོམ་པ་མཛད། སྤྱི་ལོ1760ལོར་མདོ་རྒྱུད་རྒྱ་མཚོའི་མངའ་བདག་ཐང་ནག་དཔོན་སློབ་རིན་ཆེན་ཆོས་འབྱུང་གི་མདུན་ནས་ལམ་རིམ་ས་བཅད་ཀྱི་ལུང་སོགས་ཞུས། སྤྱི་ལོ1772ལོར་ཀུན་མཁྱེན་འཇིགས་མེད་དབང་བོ་གདན་དྲངས་ནས་བཅུ་གཅིག་ཞལ་དང་གདུགས་དཀར་རྣམས་ཀྱི་དབང་ཆེན། རྗེ་གནང་ཁ་ཤས་ཟབ་ཆོས་ཅི་རིགས་ནོད། དེ་བཞིན་པཎ་ཆེན་སྣང་བ་མཐའ་ཡས་ཐུགས་རྗེ་སྤྲུལ་བའི་སྐུ་བློ་བཟང་དཔལ་ལྡན་ཡེ་ཤེས་མཆོག་སྤྱི་ལོ1779ལོར་ཞལ་མཇལ་བ་སོགས་མདོ་དབུས་ཀྱི་སྐྱེ་ཆེན་མང་པོར་བསྟེན། སྔོན་གོམས་བསོད་ནམས་ཀྱི་མཐུ་དང་སྨོན་ལམ་དུས་སུ་སྨིན་པའི་འབྲས་བུ་རུ་བཀའི་དགོངས་འགྲེལ་བསྟན་འགྱུར་ཡོངས་རྫོགས་ཀྱི་པར་གསར་བསྐྲུན་ལ་དྲུང་འཁོར་རྣམས་ནས་ཁུར་བླངས་ཏེ་ཡོངས་སུ་འགྲུབ་པར་མཛད་པ་མ་ཟད་ཅོ་ནེའི་བཤད་སྒྲུབ་གླིང་སོགས་དགོན་ཆེ་ཆུང་དུ་མར་མང་འགྱེད་དང་ཞིག་གསོ། གསར་སྐྲུན་སོགས་མཛད། མདོར་ན་མཐོན་པའི་ངོ་འཛིན་དམའ་བའི་སྐྱོངས་པར་ལ་མཁས་ཤིང་དགྲ་ཐོག་ཏུ་དཔའ་བ་རྒྱལ་ཐབས་ཀྱི་བྱ་བ་རྣམས་ཐུགས་ལེ་ཤོར་མེད་པའི་སྒོ་ནས་རྒྱུན་པར་ཉིན་རེ་ཆགས་མེད་ཀྱི་བརྒྱ་ཕྱགས་ཚར་གསུམ་རེ་གཟིམ་མལ་ནས་བཞེངས་མ་ཐག་ཁྲུས་མཛད་དེ་དཔོན་སློབ་གྲགས་པ་བཤད་བསྒྲུབ་རིན་པོ་ཆེ་དང་མུ་ནེ་དཔོན་སློབ་སངས་བརྒྱས་དཔལ་བཟང་རྣམས་ཀྱི་གསོལ་འདེབས་དང་རྒྱལ་དབང་པཎ་ཆེན་གྱི་ཞབས་བརྟན་རྣམས་དཔེ་ཐོག་ལ་གཟིགས་ནས་གསུངས། རྒྱལ་བ་གཙོང་ཁ་པ་ཆེན་པོ་ལ་མི་ཕྱེད་པའི་དད་པ་དང་ལྡན་ཞིང་དམིགས་རྩེ་མ་རང་ལ་ཚིག་འདྲིལ་མཛད་པ་སོགས་ཀྱིས་འཐུས་པར་བྱའོ། །
       ༢ བསྟན་པ་ལ་ཕྱག་རྗེས་མཛད་ཚུལ།
       ཅོ་ནེ་དགོན་ཆེན་དུ་བསྟན་པ་རྒྱ་ཆེར་སྤེལ་བར་བཀའ་བསྟན་གྱི་ཤིང་པར་འདི་ལྟ་བུ་བྱུང་བའི་གཞི་ནི། གཅིག་ནས་སྔོན་ཧོར་སེ་ཆེན་རྒྱལ་པོས་སྨན་རྩེའི་རྒྱལ་ཁམས་ཆམ་ལ་ཕབ་དུས་མིའི་འགྲོ་བ་གྲངས་མེད་པ་བསད་པའི་སྒྲིབ་སྦྱོང་དུ་འགྲོ་མགོན་ཆོས་རྒྱལ་འཕགས་པའི་སྐུ་དུས་སུ་འཕགས་པའི་གྲྭ་ཆེན་བཞིས་མདོ་སྨད་ལྷོ་རྒྱུད་ཀྱི་བོན་བསྒྱུར་ཏེ་ས་སྐྱ་པའི་བསྟན་པ་དར་བའི་དབུ་བརྩམས་པ་དང་། གཉིས་ནས་ཞལ་སློབ་དགེ་བཤེས་ཤེས་རབ་ཡེ་ཤེས་མཆོག་གིས་རབ་བྱུང་ལྔ་པའི་ཤིང་ལུག་སྤྱི་ལོ1295ལོར་ཅོ་ནེ་དགོན་ཆེན་ཕྱག་བཏབ་པ་དང་དགེ་བཤེས་ཁོང་སྐབས་དེའི་དབུས་གཙང་གི་བསྟན་པའི་གནས་བབ་དང་ལྷག་དོན་མདོ་སྨད་ཀྱི་ཤིང་ཀུན་ཆོས་སྡེ་སོགས་དང་ཡང་གང་ལ་གང་མཚམས་ཀྱིས་འདྲེས་ཆ་ལྡན་པར་ངེས། གསུམ་ནས་རྗེ་དགེ་འདུན་གྲུབ་ཀྱི་ལུང་བསྟན་བཞིན་སྐྱིད་ཤོད་བྲག་དཀར་དཔོན་ཉང་ཤེས་རབ་རིན་ཆེན་གྱི་བརྒྱུད་ཅོ་ནེའི་དཔོན་རིན་ཆེན་ལྷུན་པོས་དབུས་སུ་སློབ་གཉེར་མཛད་དེ་རྗེ་རྒྱལ་པ་གཉིས་པའི་རིང་ལུགས་དྲི་མ་དང་བྲལ་བ་དེར་དམིགས་ནས་རང་དགོན་ས་སྐྱ་དེ་དགེ་ལུགས་སུ་བསྒྱུར་པ་དང་དགེ་འདུན་གྱི་སྡེ་འཕེལ་བས་འཆད་ཉན་གྱི་སྲོལ་རྒྱ་ཆེར་ཕྱེ་པས་དབུས་ཀྱི་བསྟན་པའི་གནས་སྟངས་ལ་ཆ་རྒྱུས་ལྡན་པ་མ་ཟད། ཉེ་ལོགས་ཀྱི་ཤིང་ཀུན་ཆོས་སྡེ་དང་ཁམས་སྟོད་ཀྱི་ཙོམ་མདོ་གནས་གསར་སོགས་སུ་ཤིང་པར་བརྐོ་བའི་སྲོལ་སྔ་མོ་ནས་ཡོད་པ་ལྟར་འཕགས་པ་ཤིང་ཀུན་ཆོས་སྡེ་དང་ཉེ་འབྲེལ་ཡོད་པ། བཞི་ནས་ཅོ་ནེ་དཔོན་གྱིས་སྲིད་ཕྱོགས་ནས་ཀྲུང་དབྱང་སྲིད་གཞུང་དང་ཆོས་ཕྱོགས་ནས་དབུས་གཙང་བླ་ཆེན་ཁག་ལ་འབྲེལ་བ་དམ་ཟབ་ཡོད་པ་མ་ཟད། གཞན་མཐའ་འཁོར་གྱི་དབང་ཤུགས་ཆེ་ཁག་གི་བར་གཉེན་འབྲེལ་དང་ཆོས་འབྲེལ་བཙུགས་ནས་འབྲེལ་འདྲིས་མང་དུ་བྱས་ཏེ་ཕྱི་དགྲ་ལ་རྒོལ་ལན་དང་ནང་སྲིད་བརྟན་བརླིང་མཛད་ནས་མངའ་ཐང་རྒྱ་བསྐྱེད་སོགས་ཀྱིས་ཆོས་ཕྱོགས་ནས་སེ་འབྲས་དགའ་གསུམ་དང་བཀྲ་ལྷུན་བཅས་སུ་ཁང་ཚན་གསར་འཛུགས་དང་སློབ་པ་བསླབ་གཉེར་སོགས་དགེ་བཤེས་གསོ་སྐྱོང་གིས་དགའ་ལྡན་ཁྲི་བ་སོགས་ཀྱིས་སྐབས་དེ་དུས་ཀྱི་དབུས་གཙང་ཕྱོགས་སུ་རྗེ་རིན་པོ་ཆེའི་གསུང་རྩོམ་སྐོར་ཞིག་པར་དུ་བརྐོས་ཏེ་དགའ་ལྡན་པར་རྙིང་སོགས་བྱུང་ཟིན་པས་ཤིང་པར་གྱི་སྐོར་ལ་རྒྱུས་ལོན་ལྡན་ལ། སྲིད་ཕྱོགས་ནས་ཅོ་ནེ་དཔོན་པོས་སྤྱི་ལོ1418ལོར་མིང་རྒྱལ་རབས་ཀྱི་གོང་མ་ཡུང་ལོར་འབྲེལ་བ་ཐོག་མར་བཙུགས་ནས་ཨུག་ཏྲཻ་ཀྱཱན་ཀྱཱིང(武德将军)གི་མིང་བཞེས་ནས་གོང་མའི་སྲིད་གཞུང་གིས་མཐའ་མཚམས་བདེ་སྲུང་གི་ཆེད་དུ་མདོ་སྨད་ཕྱོགས་ནས་ཕེབས་པའི་བླ་དཔོན་ཁག་ལ་ཆོས་དཔེ་པར་མ་མང་པོ་གནང་བའི་སྐབས་དང་། ཅོ་ནེ་དཔོན་རབས་ལྔ་པ་དཔོན་དབང་ཕྱུག་གིས་སྤྱི་ལོ1515ལོར་གོང་མ་མཇལ་ནས་རྒྱལ་པོ་དགྱེས་པའི་གསུང་འཕྲོས་ལ་ཁྱོད་ཀྱིས་རྒྱ་བོད་འདྲེས་པའི་ས་མཚམས་དེ་ནས་སྤྱི་སེམས་ཀྱིས་ལར་རྒྱ་ཡག་པོ་བཟུང་སྣང་ཟེར་ནས། རུས་མིང་ལ་རྒྱ་མིང་ཡང་འགྱར་དྲངས་ཏེ་མིང་ལ་ཡང་ཧཱོུ་ཟེར་བ་གདགས་རྐྱེན་དུ་གནང་ནས། ཁྱོད་ཀྱིས་སླད་ནས་ཀྱང་ཐབས་མཁས་པའི་སྒོ་ནས་རྒྱ་བོད་སྐྱོངས་ཤིག་གསུངས་ནས་གཞན་ཡང་གདགས་རྐྱེན་ཚད་མེད་པ་གནང་། ཡར་ཕེབས་ནས་ལ་ལུང་དུ་བཞུགས་ཏེ་ཡོ་བྱད་མཐའ་ཡས་པ་བསགས་ཏེ། རྡོ་རྗེ་གཅོད་པ། ཏིང་ངེ་འཛིན་རྒྱལ་བོ། བརྒྱད་སྟོང་བ་སོགས་གསུང་རབ་མང་དུ་བཞེངས། གདུགས་ཤེར་གྱི་ཁ་འདོན་ལ་ཤིན་ཏུ་འགྲུས་པར་མཛད། སྤྱི་ལོ1538ལོར་དཔོན་མགོན་པོ་དར་རྒྱས་ཀྱིས་སུམ་རྟགས་སོགས་ཆོས་གཞུང་ཤིང་སྤར་དུ་བཏབ། དེ་དང་འབྲེལ་ནས་ཅོ་ནེ་དགོན་པས་བོད་ཀྱི་སྐད་ཡིག་འཇུག་སྒོ་དང་སྟོན་པའི་སྐྱེས་རབས། གཞན་ད་དུང་སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐྱེས་རབས་བཅས་དཔར་དུ་བཏབ་ནས་མི་རབས་དང་མི་རབས་བརྒྱུད། ཅོ་ནེ་དཔོན་རབས་དགུ་པ་ཚེ་དབང་དོན་གྲུབ་ཀྱིས་སྤྱི་ལོ1658ལོར་ནས་བཟུང་རང་ཉིད་ཀྱིས་བརྒྱད་སྟོང་བ་ཚར་གཅིག་གསེར་བྲིས་དང་བཀའ་འགྱུར་སྐྱ་པོད་དངུལ་བྲིས་མཛད། བཀའ་འགྱུར་དབུས་དཔར་དང་། ཁམས་དཔར་དང་པེ་ཅིན་དཔར་སོགས་དངུལ་སྲང་བརྒྱད་བརྒྱ་གྱ་བདུན་བཏང་ནས་བླུས། གསེར་བྲིས་བཀའ་འགྱུར་སྐྱ་པོད་ལ་གསེར་ཡོན་ཟགས་མའི་དོང་ཙེ་ཁྲི་བདུན་བརྒྱ་སོ་དྲུག་ཕུལ། སྤྱི་ལོ1669ལོར་མི་སྐོར་ཞིག་ལ་ཤོག་བུ་དང་གསེར་དངུལ་འདུལ་རྩལ་སྦྱོང་དུ་བཅུག་པར་མ་ཟད་རང་སྦྱོང་བྱས་ནས་ཤོག་བུ་དང་གསེར་དངུལ་བཙོ་སྦྱང་གི་ལག་རྩལ་གྱིས་ཤོག་བུ་སོགས་གང་དགོས་མཁོ་འདོན་བྱས། སྟག་ཚང་རྗེ་དྲུང་ངམ་བ་སོ་རྗེ་དྲུང་ངག་དབང་དཀོན་མཆོག་ཉི་མ་སྤྱན་དྲངས་ནས་དབང་ལུང་མང་པོ་ཞུས། ནགས་མདོ་དགོན་པ་གསར་དུ་འདེབས་རོགས་བྱས། ཕྱིས་སུ་གུར་ཡག་ཆོས་པ་ཚང་ངམ་ནེའུ་མགོའི་བན་དེ་ངག་དབང་རྒྱལ་མཚན་ཚང་གི་མདུན་ནས་རྒྱུད་སྡེ་བཞི་ཚར་སྟོང་བཀླགས། ཤོག་སྟེང་དུ་ཡིག་བྱད་མཁས་པ་ཞིག་གདན་དྲངས་ནས་གསེར་དངུལ་གྱི་བྱིན་གྱིས་ཕྱུག་པའི་བཀའ་འགྱུར་ཐེངས་གཉིས་བཤུ་འབྲི་བྱེད་དུ་བཅུག །བཀའ་འགྱུར་རེར་ཤོག་ངོས་ཧ་ལམ་ཁྲི་ཉི་ཤུ་ཉེར་ལྔ་ཡོད། དུས་སྐབས་འདིར་ཅོ་ནེ་ལ་ཤོག་བུ་བཟོ་སྐྲུན་བྱེད་པའི་ལག་རྩལ་ཡོད་པ་མངོན་གསལ་དུ་སྣང་། དུས་དེ་ནས་བཟུང་ཅོ་ནེ་བས་གང་མཁོ་རང་གིས་འདོན་སྤྲོད་བྱས་པ་བཞིན་དུ་པར་བརྐོའི་ཤིང་དང་རྒྱུ་ཆ་ལ་གཙོ་བོ་ཧོང་ཧ་ཤིང་ཞེས་པའི་རྒྱུ་ཆ་ཡན་གར་མ་ཡིན་པ་ཞིག་བཀོལ་སྤྱོད་བྱེད་བཞིན་ཡོད། རྒྱུ་ཆ་དེ་དག་གཙོ་ཆེར་ཅོ་ནེའི་དག་ཡིག་ཁོག་གི་ཡན་རྐྱང་སྡེ་མི་དང་ཅོ་ནེ་དགོན་ཆེན་གྱི་གྲྭ་བཙུན་མང་ཤོས་ཀྱིས་རྒྱུ་ཆ་འདེམས་པས་ཤིང་བཞོག་པ་དང་བརྡར་བ། ཆུས་འཆོས་པ། སྣུམ་གྱིས་སྲེག་པ་དང་ཉི་མར་སྐམ་པ། ཚ་སོབ་སོགས་ཀྱི་ལས་ཀ་དང་ལག་རྩལ་ལ་བྱང་ཆུབ་པར་བྱས་ཐོག བཀའ་བསྟན་པར་བརྐོའི་ལག་རྩལ་དང་སྒྱུ་རྩལ་གྱི་ཉམས་སོགས་རྩ་བའི་རྨང་གཞི་བརྟན་ཞིང་འགྱུར་བ་མེད་པའི་དངོས་ཤུགས་བསྐྲུན་ནས་ཅོ་ནེའི་པར་འདེབས་ཀྱི་ལས་དོན་ཡོངས་སུ་འགྲུབ་པའི་རྨང་འདིང་བའོ། །
       ༡-༡ རྒྱལ་བའི་བཀའི་དགོངས་འགྲེལ་བསྟན་བཅོས་འགྱུར་རོ་ཅོག་གི་ཤིང་པར་སྒྲུབ་ཚུལ།
       ཅོ་ནེའི་བསྟན་འགྱུར་གྱི་ཤིང་པར་སྒྲུབ་པར་ས་སྐྱོང་མི་དབང་འཇམ་དབྱངས་ནོར་བུའི་བཙུན་མོ་ཐཱེ་ཐཱེ་རིན་ཆེན་དཔལ་འཛོམས་དང་ཚ་བོ་བསྟན་སྲུང་ཚེ་རིང་གཉིས་ཡིན། དེ་ནི«ཅོ་ནེའི་བསྟན་འགྱུར་དཀར་ཆག»ལས། གོང་མ་ཆེན་པོ་ཆན་ལུང་གསེར་ཁྲིར་ཕེབས་ནས་བགྲང་བྱ་བཅུ་བདུན་གྱི་སྟེང་དུ་ཞེས་པ་ནས་བདེ་བར་གཤེགས་པའི་བཀའི་དགོངས་འགྲེལ་བསྟན་བཅོས་འགྱུར་རོ་ཅོག་ཕྱོགས་ཀུན་ཏུ་སྤེལ་བའི་མ་མོ་འདི་ཐོག་མར་མགོ་རྩོམ་པའི་ལས་ཀྱི་གྲྭ་འཛུག་པར་མཛད་པ་ཡིན།[26]ཞེས་སྤྱི་ལོ1752ལོར་ལས་གྲྭ་བཙུགས། “བསྟན་བཅོས་འགྱུར་རོ་ཅོག་པར་དུ་བསྐྲུན་པ་ཞིག་བྱུང་ན་བསྟན་པ་སྤྱི་སྒོས་ལ་ཕན་པ་རྒྱ་ཆེར་འགྱུར་རོ་ཞེས་རྟིང་བསྐུལ་ཡང་ཡང་མཛད་པ་ལ་བརྟེན། དཔོན་མོ་རིན་ཆེན་དཔལ་འཛོམས་དང་དཔོན་ཆེན་བསྟན་བསྲུང་ཚེ་རིང་བཅས་ཐུན་མོང་ནས་རྣམ་དཀར་གྱི་བྱ་བ་རྒྱ་ཆེན་པོ་བསྒྲུབ་པའི་ཁུར་བཞེས་ཏེ། པར་ཡིག་འབྲི་བའི་ཡོ་བྱད་ཀྱི་ཤོག་བུ་དང་། སྣག་ཚ་ལ་སོགས་པ་དང་། པར་གཞིའི་ཤིང་རྣམས་དང་བཅས་པ་ཐམས་ཅད་ལ་དབང་ཡོད་ཀྱི་མི་སྲིད་བསྐུལ་ཞིང་ཁྲལ་ལེན་པ་སོགས་མི་མཛད་པར་རིན་ཐང་ཡུལ་དུས་ལ་དཔག་པ་ལས་ལྷག་པར་སྩལ་ཏེ། ཐམས་ཅད་རྒྱུ་དག་ཅིང་ཕུན་སུམ་ཚོགས་པར་མཛད་ནས། པར་གྱི་དོ་དམ་པ་རྣམ་དཔྱོད་དང་ལྡན་པ་དགེ་སློང་ངག་དབང་དར་རྒྱས། སྲིད་ཀྱི་བྱ་བ་ལ་བློ་གྲོས་ཀྱི་མིག་རྣམ་པར་ཡངས་པའི་མགོ་པ་ཀ་འབུམ་ཚེ་རིང་། ཞིབ་ཚག་ཆེ་ཞིང་དཔོན་ལ་སྙིང་ཉེ་བ་གཉེར་བ་ཟན་ཀྱིན། གཞན་ཡང་མགོ་བ་ཚེ་དབང་ནོར་བུ། མགོ་བ་རྡོ་རྗེ། གཉེར་བ་ཚེ་རིང་། གཉེར་བ་ཝང་ཧན་རྣམས་ཀྱིས་བྱས་ཤིང་། པར་ཡིག་འབྲི་མི་དགེ་སློང་བློ་བཟང་རྒྱལ་མཚན་གྱིས་གཙོས་གཟབ་ལ་མཁས་པ་ལྔ་བཅུ། དེ་བཞིན་དུ་དབུ་ལྷ་འབྲི་མི་དཔལ་འབྱོར་རྒྱ་མཚོ། ཞུས་དག་པ་བཅུ་སྐོར། པར་བརྐོས་པ་སུམ་བརྒྱ་ལྷག་ཙམ། ཤིང་བཟོ་བ། སྣག་ལས་པ། ཤོག་ལས་པ་སོགས་ལས་ཚན་ཤིན་ཏུ་མང་བ་བར་མ་ཆད་དང་བཅས་ཆུ་བྱ་ནས་ཆུ་འབྲུག་བར་བགྲང་བྱ་ཉེར་གཅིག་གི་ངོ་མཐོང་བར་བརྩོན་པ་ཆེན་པོས་བསྒྲུབས”[27]ཞེས་པ་ལྟར«རྣམ་ཐར་ཟླ་བའི་ཅོད་པཎ»ལས། སྔ་མོ་ནས་ཁྲི་ཆེན་རྡོ་རྗེ་འཆང་རྒྱལ་མཚན་སེང་གེའི་ཞལ་ནས་རྒྱལ་བའི་བཀའ་བོད་འདིར་འགྱུར་རོ་ཅོག་གི་དགོངས་འགྲེལ་བསྟན་བཅོས་འཛམ་གླིང་མཛེས་བྱེད་པཎ་ཆེན་རྣམས་དང་། གྲུབ་བརྙེས་བརྟུལ་ཞུགས་སྤྱོད་པ་དུ་མས་རྒྱུ་དང་འབྲས་བུའི་ཐོག་མ་གསལ་བར་མཛད་པ་ནང་དོན་དང་། སྒྲ་ཚད་བཟོ་གསོ་སྟེ་རིག་གནས་ཐུན་མོང་དང་། ཐུན་མོང་མ་ཡིན་པའི་བསྟན་བཅོས་ཇི་སྙེད་གངས་ལྗོངས་འདིར་བསྒྱུར་བ་རྣམས་ཕྱོགས་གཅིག་ཏུ་བཀོད་པའི་བསྟན་འགྱུར་ཞིག །ཅོ་ནེའི་ཡུལ་འདིར་རྐོས་ན་ལེགས་ཚུལ་གྱི་བཀའ་ཞིག་ཡོད་པ་ཆུ་བྱ་ལོར། དཔོན་སློབ་རིན་པོ་ཆེ་སངས་རྒྱས་དཔལ་བཟང་གིས་ཐཱཻ་ཐཱཻ་རིན་ཆེན་དཔལ་འཛོམ་ལ་བསྙེལ་བསོ་ཞུས། སླར་དངུལ་སྲང་སུམ་ཅུའི་གནང་སྦྱིན་དང་བཅས་འཕྲལ་དུ་བསྒྲུབས་ཤིག་ཅེས་པའི་བཀའ་གནང་། དེ་དོན་ལྟར་འདི་ལོ་ཟླ་བ་བརྒྱད་པའི་ཚེས་བཅུ་གསུམ་གྱི་ཉིན་དབུ་བཙུགས་པའི་པར་ཡིག་འགྲོ་ཉེའི་དགེ་སློང་ངག་དབང་ཤེས་རབ། རྐོས་པའི་དབུ་མཛད་འཆང་རྔ་ཡུག་གཞི་བའི་གཡུང་དྲུང་སྨན། ཞུས་དག་པ་བེ་རུའི་རྒན་པ་སོགས་མཁས་མགྱོག་རྣམས་བསྡུས་ཏེ་ཅོ་ནེའི་མངའ་ཁུལ་གྱི་པར་བརྐོ་མཁན་རྣམས་དམག་དང་ཁྲལ་རྟགས་མེད་པ་དམིགས་གསལ་བྱས་ནས་བཀྲིས་ཀྱང་། ཟླ་བ་དེ་གའི་ནང་དུ་ལྷ་རིགས་མི་རྗེ་འཇམ་དབྱངས་ནོར་བུ་སྐུ་བསྙུན་གཞི་བབས་ཤིན་ཏུ་ལྕི་བར། དཔོན་སློབ་རིན་པོ་ཆེ་ནས་དགའ་ལྡན་རི་ཁྲོད་གསུང་རོགས་པ་བཀའ་རིམ་ཁ་ཤས་དང་བཅས་སྣམས་འཇོམས་བུམ་བསྒྲུབ་གནང་སྨིན་བདུན་ཕྲག་གཅིག་གནང་། གཞན་ཡང་རྒྱལ་བའི་བཀའ་འགྱུར་གསུང་སྒྲོགས། བཟློག་བསྒྱུར་མདོས་གཏོར་སོགས་སྐུའི་རིམ་གྲོ་དང་སྨན་དཔྱད་སོགས་སྒོ་དུ་མ་ནས་གང་དྲག་བྱེད་ཀྱང་འཁོར་འབངས་བསོད་ནམས་དམན་པའི་མཐུས་སྐུ་གཤེགས། དེ་ནས་མུ་ནེ་དཔོན་སློབ་རིན་པོ་ཆེ་དང་། ཁྱ་དགེའི་དགེ་སློང་གསར་མ། བཤད་སྒྲུབ་གླིང་གི་ཁྲི་གདན་ཟུར་རྣམས་གདན་དྲངས་ཏེ་ཟབ་ལམ་འཕོ་བ་བཏབ། ཐཱཻ་ཐཱཻ་རིན་ཆེན་དཔལ་འཛོམ་རང་ནས་ཁུར་བཞེས་གྱི་རྒྱལ་ཁབ་ཆེན་པོའི་མཆོད་ཁང་དང་། བཤད་སྒྲུབ་གླིང་གི་ལྷ་ཁང་རྣམས་སུ་བརྒྱ་མཆོད། གུང་ཞག །དགོངས་རྫོགས་ཆེན་མོར་བཤད་སྒྲུབ་གླིང་པ་ཚོགས་ཡོངས་སྟོང་ཕྲག་གསུམ་གྱི་སྟེང་དུ། དགོན་ལག་གོང་སོ། ནགས་མདོ། ཁྱ་དགེ་གསུམ་བསྡུས་ཏེ་དགེ་ཙ་རྒྱ་ཆེར་བྱས་ཤིང་། དགོན་ཁག་གཞན་རྣམས་མང་འགྱེད་བསྩལ། རྒྱ་ནག་གི་ཁྲིམས་འོག་ཏུ་སོང་སྟབས་དངུལ་སྲང་སྟོང་ཕྲག་བརྒལ་བའི་རྒྱའི་ལུགས་སྲོལ་ཡང་གནང་དགོས་ཀྱི་བྲེལ་བས་རེ་ཞིག་བསྟན་འགྱུར་གྱི་པར་ལུས་པ་འདྲ་ཞིག་བྱུང་བར། དཔོན་སློབ་རིན་པོ་ཆེ་དང་། ཁྱ་དགེའི་སྒོམ་ཆེན་པ་དགེ་སློང་གསར་མ་སོགས་དམ་པ་མང་པོས། ཐཱཻ་ཐཱཻ་རིན་ཆེན་དཔལ་འཛོམ་ལ་བསྟན་འགྱུར་གྱི་པར་མུ་མཐུད་ཀྱི་བརྐོ་བ་གནང་ན་རྒྱལ་བསྟན་སྤྱི་དང་བྱེ་བྲག་འཇམ་དཔལ་སྙིང་བོའི་རིང་ལུགས་ལ་ཕན་ཞིང་། མི་དབང་གོང་མ་ཞིང་གཤེགས་པ་རྣམས་ཀྱི་དགོངས་རྫོགས་དང་། ཞལ་བཞུགས་རྣམས་ཀྱི་ཞབས་བརྟན། རྒྱལ་ཁབ་ཆེན་པོའི་ཆབ་སྲིད་རྒྱས་པ། ཅོ་ནེའི་རྒྱལ་ཁམས་སུ་བདེ་སྐྱིད་འབྱུང་བ་སོགས་སྒོ་དུ་མ་ནས་སྙན་ཞུ་ཕུལ་བར་བརྟེན། ཐཱཻ་ཐཱཻ་རིན་ཆེན་དཔལ་འཛོསམ་ནས་བླ་མ་རྣམས་ཀྱི་བཀའ་སྤྱི་བོར་བླང་། སྙིང་སྟོབས་ཀྱི་གོ་ཆ་བཙན་པོ་གྱོན། སྔར་པོ་ཏི་གཉིས་ཙམ་བརྐོས་ཟིན་པ་ནས་པར་བཏབ་ཏེ། གཡོ་སའི་བཀའ་ཆེན་པོས་རྗེས་བསྣམས་ཏེ་སོག་ཡུལ་དུ། ཅོ་ནེ་ན་འདིའི་པར་བརྐོ་གིན་ཡོད་པས་སྦྱིན་བདག་རྣམས་ལ་ཞལ་འདེབས་དགོས་ཕེབས་སོག་པོ་འདི་བླ་མར་ཆ་འཇོག་ཆེ་བ་དང་། ཆོས་ལ་མོས་སྟབས་ཀྱི་ཞལ་འདེབས་གང་བྱུང་རྣམས་བརྟུལ་པས་དངུལ་སྲང་སྟོང་ཕྲག་ལོང་བ་བཀའ་ཆེན་ཆོས་རྗེས། ཐཱཻ་ཐཱཻ་རང་གི་ཕྱག་ཏུ་འབྱོར་བ་ཕུལ། དེ་ཐོག་ཐཱཻ་ཐཱཻ་རིན་ཆེན་དཔལ་འཛོམ་རང་གི་ཕྱག་གང་ཡོད་པང་བ་མེད་པ་གཏོང་བའི་སྒོ་ཡངས་པར་བྱས་ཏེ། དེ་བཞིན་གཤེགས་པས་སྔོན་སློབས་པ་ལམ་གྱི་གནས་སྐབས་སུ་ཆོས་ཚོགས་སུ་བཅད་པ་རེའི་དོན་དུ། སྐུ་ལུས་ལ་ལྕགས་གཟེར་སྟོང་བཏབ་པ། མར་མེ་སྟོང་བཙུགས་པ། སྐུ་ལུས་སྦྱིན་པར་བཏང་བ་དང་རྒྱལ་སྲིད་ཡོངས་སུ་གཏོང་བར་མཛད་པའི་རྣམ་ཐར་ཐུགས་སུ་བཅག་ཏེ་པར་ཤིང་རེ་ལ་བརྐོ་ཡོན་དངུལ་ཞོ་རེའི་ཅིས་ཀྱི་པར་ཤིང་བརྒྱ་ལ་དངུལ་སྲང་བཅུ་རེ། བྲིས་གཞི་ཤོག་གུ་པོ་ཏི་རེ་ལ་དངུལ་ཞོ་བཞི་རེ། པར་ཡིག་པ་རྣམས་ཀྱི་པོ་ཏི་རེ་བྲིས་པའི་ཡོན་དངུལ་སྲང་བཞི་རེ། དབུ་ལྷ་འབྲི་མི་དགེ་སློང་བློ་བཟང་རྒྱལ་མཚན་དང་། དྲུང་འཁོར་གྲས་དཔལ་འབྱོར་རྒྱ་མཚོ། བརྐོ་མི་ཆག་གི་ཀླུ་འབུམ། བྱམས་པ་རིན་ཆེན་སོགས། ཞུས་དག་པ་བཀའ་རམས་སྔ་ཕྱི་མང་དག་དང་། ཁྱོའུ་ལུང་གི་དགེ་སློང་བཟོད་པ་ཕུན་ཚོགས་སོགས་དབྱར་གྱི་རིང་རྒྱལ་ཁབ་ཆེན་མོར་འཛོམས་པའི་དུས་བསྙེན་བཀུར། དགུན་གྲང་ངར་དང་ཐུག་དུས་འཚམས་འཇོག་པའི་ཚེ། ན་བཟའི་ཐེབས་སུ་དངུལ་སྲང་བཞི་ལྔ་རེ་ཕུལ་ཞིང་། ལས་རྒྱུན་ལོ་ཉི་ཤུ་རྩ་ལྷག་འགོར་འདུག་པ་དེའི་རིང་། ཐཱཻ་ཐཱཻ་རིན་ཆེན་དཔལ་འཛོམ་རང་གི་འགྱུར་མེད་ཀྱི་དམ་བཅའ་བརྟན་པོས་དཀར་ཆོས་ཐམས་ཅད་ཀྱི་རྩ་བ་དད་པ་དང་། དགེ་བ་ཆེ་ཆུང་གི་རྒྱུ་ཅི་འདྲ་ཡང་བསམ་པ་རྫོགས་བྱང་དོན་གཉེར། སངས་རྒྱས་ཞེས་པའི་སྒྲ་བོ་ཆེ་དེ་ཡང་རྒྱུ་ཐབས་ཀྱི་ཆ་བསོད་ནམས་ཀྱི་ཚོགས་བསགས་པ་ལས་བྱུང་། བསོད་ནམས་ཀྱི་གཞི་སྦྱིན་པ་དང་། ཚུལ་ཁྲིམས་དང་། སྒོམ་པ་ལས་བྱུང་བའི་གཞི་གསུམ་ལས་སྦྱིན་པ་རྣམ་བཞི་ལས་ཆོས་སྦྱིན་ཟད་མི་ཤེས་པ། བརྗོད་བྱ་རྒྱལ་བའི་བཀའ། དགེ་བའི་ཆོས་དང་འབྲེལ་བ། ཁམས་གསུམ་གྱི་ཉོན་མོང་སྤོངས་པ་དང་། ཞི་བའི་ཕན་ཡོན་སྟོན་པ་སྟེ་ཁྱད་ཆོས་བཞི་ལྡན་ནང་བ་སངས་རྒྱས་པའི་བསྟན་བཅོས། པུསྟ་ཀའི་གྲངས་མ་ཕྱི་སྡེར་དགེ་བའི་པར་ལས་བྱས་ཏེ་གྲུབ་ཟིན་པ་ཀུན་གྱི་གཟིགས་མོར་འཆར་བ་འདི་ལགས་སོ། །[28]ཞེས་སྤྱི་ལོ1752ལོ་ནས་སྤྱི་ལོ1772ལོའི་བར་ཏེ་ལོ་ངོ་ཉི་ཤུའི་རིང་ལ་ལེགས་པར་བརྐོས་ཚར། པར་འདི་བཞེངས་པར་སྔ་ཕྱིར་ཞལ་འདེབས་གནང་མཁན་“ཁྲི་རིན་པོ་ཆེ་རྒྱལ་མཚན་སེང་གེའི་སྐུ་ཞབས་ནས་རྟ་ཕོ་རྒོད་ཉི་ཤུ་རྩ་གཅིག །ཆེན་པོ་ཧོར་གྱི་རྒྱལ་ཁམས་སུ་བསྟན་འགྲོའི་དོན་མཛད་པ་དཀའ་བཅུ་ནོ་མོན་ཧན་ནས་དངུལ་སྲང་སྟོང་ཕྲག་གཅིག་དང་སུམ་བརྒྱ། ཡུང་ཧྭ་གུང་ནོ་མོན་ཧན་ཤར་བ་ཆོས་རྗེ་ནས་དངུལ་སྲང་བརྒྱ་དང་ལྔ་བཅུ། བདེ་ཐང་བློ་བཟང་ཡོན་ཏན་ནས་དངུལ་སྲང་བརྒྱ་དང་གོ་གསུམ། ཆས་པ་ཀོ་ཡུ་ནང་སྤྲུལ་སྐུ་བློ་བཟང་འཕྲིན་ལས་ཀྱི་མཚན་ཅན་དང་། དེའི་དབོན་པོ་ཆོས་རྗེ་ཐུན་མོང་ནས་དངུལ་སྲང་བརྒྱ་དང་བཅུ་ཐམ་པ། ཨ་ལག་ཤ་ཐོ་ཡོན་ནོོ་མོན་ཧན་ནས་དངུལ་སྲང་བརྒྱ་དང་བཅུ། དཔེ་ལུང་ནང་བླ་མས་དངུལ་སྲང་བརྒྱ། བདེ་ཐང་བློ་བཟང་རབ་བརྟན་གྱིས་དངུལ་སྲང་བརྒྱ། དགེ་འདུན་དར་རྒྱས་ཀྱིས་དངུལ་སྲང་དྲུག་ཅུ་རེ་ལྔ། ཡར་མཐིལ་དགེ་སློང་བློ་བཟང་བཀྲ་ཤིས་ཀྱིས་དངུལ་སྲང་ལྔ་བཅུ། ཆོས་རྗེ་བློ་བཟང་དགེ་ལེགས་ཀྱིས་དངུལ་སྲང་ལྔ་བཅུ། ཝ་ཆུ་བླ་མས་དངུལ་སྲང་བརྒྱ། ཚ་བོ་བྱམས་པ་དཔལ་བཟང་གིས་དངུལ་སྲང་ལྔ་བཅུ། སུ་ཉིད་གཡོན་རུའི་ཐོ་ཡོན་ཆོས་རྗེས་དངུལ་སྲང་ལྔ་བཅུ། ཁྱོམ་གསར་འཇམ་དབྱངས་ཀྱིས་དངུལ་སྲང་བཞི་བཅུ་ཞེ་བརྒྱད་དང་ཞོ་ལྔ། གཞན་ཡང་ཁོ་བོ་ཅག་ནས་དངུལ་སྲང་བརྒྱ་ཕུལ་བས་མཚོན་དད་པ་དང་ལྡན་པའི་ལུས་ཅན་རྣམས་ཀྱིས་ཟང་ཟིང་གི་བདོག་པ་ཅི་འབྱོར་བ་ཕུལ་བ་རྣམས་ཀྱིས་བརྟེན། ས་སྐྱོང་དམ་པའི་མཛོད་ནས་དངོས་ཆས་སྔ་ཕྱིར་སོང་བ་རྣམས་རགས་རྩིས་ཀྱིས་དངུལ་ཐོག་ལ་ཕབ་ན་དངུལ་སྲང་ཁྲི་ཕྲག་གཅིག་དང་སྟོང་ཕྲག་གསུམ་དང་དགུ་བརྒྱ་སུམ་ཅུ་སོ་བདུན་དང་ཞོ་བདུན་སྐར་མ་བདུན་བཅས་སོང་འདུག་པས་མཚོན[29]”བཤད་རྒྱུན་དུ་ཅོ་ནེའི་བསྟན་འགྱུར་ལ་པར་གསར་རྙིང་གཉིས་ཡོད་ཅེས་པ་ལྟར«ཅོ་ནེ་དྲུང་རམས་པ་རི་རོང་གི་རྣམ་ཐར»ལས། ཅོ་ནེའི་བསྟན་འགྱུར་གྱི་དཔར་ཆ་ཚང་ལ་མགོ་རྩ་བརྩོན་འགྲུས་དཔལ་ལྡན་ལ་བཀའ་དྲིན་ཞུ་དགོས[30]ཞེས་མགོ་རྩ་བ་འདི་ནི་ཅོ་ནེ་དགའ་ལྡན་བཤད་སྒྲུབ་གླིང་གི་ཁྲི་རབས་བཅོ་བརྒྱད་པ་དེ་ཡིན་ནམ་དཔྱད། ཡིན་ན་སྤྱི་ལོ1600ལོའི་ཡས་མས་སུ་ཁེལ་བས་སྔ་བར་འདུག ཡང་དཔོན་བསྟན་སྲུང་ཚེ་རིང་གིས་སྤྱི་ལོ1773ལོའི་རྗེས་སུ་སླར་བརྐོས་ནས་ཅོ་ནེའི་བསྟན་འགྱུར་ལ་པོད་སུམ་བརྒྱ་བཅུ་བདུན་དང་པར་ཤིང་ཁྲི་ཉི་ཤུ་ཡོད་པར་བཤད། གང་ལྟར་བསྟན་འགྱུར་ལ་དཔར་གསར་རྙིང་གཉིས་ཡོད་པར་ར་སྤྲོད་བྱེད་ཐུབ་བོ། །
       ༡-༢ ཅོ་ནེ་དགོན་སོགས་སུ་ལྷ་ཁང་རྟེན་སོགས་བཞེངས་ཚུལ།
       དཔོན་མོ་འདི་བས་དད་པའི་སྟོབས་དང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཚུལ་མཛད་དེ་ཆོས་པ་གོང་གི་དགོན་པར་བཀའ་ཆོས་ཀྱི་འཁོར་ལོ་ཞེས་པའི་ལྷ་ཁང་ཁྱད་མཚར་ཞིག་ཡོད་པར་དཔོན་མོའི་ཐུགས་ལ་ཤིན་དུ་ཕྲོད་པ་ཞིག་བྱུང་ནས་ཤིང་བཟོའི་དཔོན་བསྟན་པར་ཚད་ལེན་པ་དང་བཟོ་དབྱིབས་བལྟ་བར་བཏང་། ཆུ་མ་ཐར་གྱི་པར་དཔོན་གྱི་ལས་དཔོན་མཛད་ནས་མེ་མོ་ཕག་སྤྱི་ལོ1767ལོར་སའི་གཞི་གདིང་པ་དང་། ཤིང་ཆའི་བཟོ་གྲྭ་བཙུག དཔོན་མོ་གཟིགས་རྟོག་ལ་ཡང་ཡང་ཕེབས་ཤིང་། པར་དཔོན་ནས་བཀོད་ཁྱབ་ལེགས་པས་ཆོས་འཁོར་གཙུག་ལག་ཁང་ཉིས་ཐོག་རྒྱ་ཕིབ་རྒྱ་ནག་ལུགས་སུ་བཀལ་ཞིང་། ཁོང་སར་པར་ཤིང་འཇོག་པའི་ཁང་པ་བཅས་ཁྱད་འཕགས་ཞིག་བསྐྲུན། ས་གླང་སྤྱི་ལོ1769ལོར་དགེ་སློང་བློ་བཟང་རྒྱལ་མཚན་དང་དཔལ་འབྱོར་རྒྱ་མཚོ་གཉིས་ཀྱི་གཙོས་རི་མོ་མཁན་རྣམས་ཀྱི་ཚོན་རྩི་མཚར་མངར་བའི་ཤིང་རིས་བྱས། ལྕགས་ཡོས་སྤྱི་ལོ1771ལོར་ལྡེབས་རིས་སུ་དེ་བཞིན་གཤེགས་པ་སྐུ་ཚེ་འདི་དང་སྔོན་གྱི་རྣམ་པར་ཐར་པ་རྒྱལ་པོ་དགེ་བའི་དབང་པོས་སྙན་ངག་གི་ལམ་ནས་དྲངས་ཏེ་ཚིག་སྦྱོར་ཕུན་སུམ་ཚོགས་པ་དཔག་བསམ་འཁྲི་ཤིང་ལྷ་བྲིས་པའི་གཙོ་བོ་གླང་ལི་བ་དང་། དཔལ་འབྱོར་རྒྱ་མཚོ་གཉིས་གྲངས་བཅད་ཀྱི་བཟོ་བོས་སོལ་རིས་སྣག་བསྙན་ཚོན་བྱུག་མདངས་འབྱེད། རི་མོའི་བཅད་ཁ་གཙང་བ་ལས་རྒྱུན་རྣམ་རྒྱལ་ཞེས་པ་ཆུ་སྦྲུལ་སྤྱི་ལོ1773ལོའི་བར་འགོར་བའི་རིང་ཞབས་ཏོག་ཡོན་སོགས་གྱ་ནོམ་པ་གནང་། ས་སྟག་སྤྱི་ལོ1758ལོར་ཡབ་མེས་གོང་མ་རྡོ་རྗེ་ཕག་མོའི་རྣམ་འཕྲུལ་བློ་བཟང་དོན་འགྲུབ་ཀྱིས་སྤྱི་ལོ1683ལོར་བསྐྲུན་པའི་མི་འཁྲུགས་པའི་ལྷ་ཁང་ཞིག་རལ་དུ་སོང་བར་དཔོན་མོའི་ཐུགས་ཀྱིས་མ་བཟོད་གསར་རྒྱག་གནང་བའི་ཁུར་བཞེས་ནས་ལས་དཔོན་མི་བཟང་མཁའ་འབུམ་ཚེ་རིང་དང་དགེ་འདུན་ཚེ་དབང་བསྐོས་ནས་གཞི་གདིང་བར་མཛད་དེ་དཔལ་འབྱོར་རྒྱ་མཚོ་སོགས་ཀྱིས་ཤིང་རྩི་ལོགས་རིས་དང་། ལྡེར་བཟོའི་ཁོག་ཏུ་གཟུངས་བཞུག་གི་རིམ་པ་ཡང་ཕྱག་བཞེས་མན་ངག་བཞིན་ཕུལ། ལྕགས་འབྲུག་སྤྱི་ལོ1760ལོར་མདོ་རྒྱུད་རྒྱ་མཚོའི་མངས་བདག་ཐང་ནག་དཔོན་སློབས་རིན་ཆེན་ཆོས་འབྱུང་གིས་རྡོ་རྗེ་སློབས་དཔོན་མཛད་ནས་རབ་གནས་ཀྱི་ཆོ་ག་ཡང་དག་པ་གནང་ནས་དཔོན་སློབ་ཚང་མར་ཡོན་དང་སྟོན་མོ་རྒྱས་པར་ཕུལ། མེ་སྤྲེལ་སྤྱི་ལོ1776ལོར་ཅོ་ནེའི་བཤད་བསྒྲུབ་གླིང་གི་འདུ་ཁང་ཆེན་པོའི་ཤིང་རྩི་རྙིང་བ་རྣམས་བསོས་ཏེ་གསར་པར་བཏང་། ལྡེབས་རིས་སུ་གཞི་མི་ཆོས་སྐྱེ་པོའི་འབྱུང་ཚུལ་དང་རྒྱན་དམ་པ་ལྷ་ཆོས་ཀྱི་འབྱུང་ཁུངས་ལས་བརྩམས་པའི་ཆོས་རྒྱལ་ལོ་པཎ་རྣམས་ཀྱི་འཁྲུངས་རབས། བྱམས་ཁང་གི་ལོགས་བྲིས་རྣམས་གོང་གསལ་གྱི་ལྷ་བྲིས་མཁས་མགྱོགས་རྣམས་ཀྱིས་གསར་བཞེངས་དང་། མེ་བྱ་སྤྱི་ལོ1777ལོར་རྒྱུད་པ་དང་མཚན་ཉིད་གྲྭ་ཚང་གཉིས་ཀ་ཚོགས་པར་ཕུབ་རྒྱུའི་སྦི་དཀར་ཡོལ་སྐོར་དང་བཅས་པ་ཆ་འགྲིག་གསར་བསྒྲུབས་མཛད། ལོ་དེའི་ཟླ་བ་བརྒྱ་པ་ནས་ཅོ་ནེ་མདོའི་རྒྱམ་ཁབ་ཆེན་མོའི་ཕོ་བྲང་གི་ལྟེ་བའི་མཆོད་ཁང་རྙིང་པ་དོག་ཉམས་ཀྱི་གསར་རྒྱག་བྱས། ལྕགས་བྱི་སྤྱི་ལོ1780ལོར་གོང་གསལ་ལྷ་བྲིས་པ་རྣམས་ཀྱི་སྟེང་འོག་པར་གསུམ་གྱི་ཚོན་རྩི་ཤིང་རིས་རྣམས་ལེགས་པར་བྱས་ཤིང་། མི་དབང་བསྟན་འཛིན་མགོན་པོ་ཆོས་རྒྱལ་གྱི་སྐུ་ཚད་དང་མཉམ་པའི་བྱམས་པའི་སྐུ་ཞིག་དངུལ་སྲང་བཞི་བརྒྱ་ལས་གྲུབ་པ་བཞེངས། སྤྱི་ལོ1781ལོར་ཅོ་ནེ་བཤད་སྒྲུབ་གླིང་གི་ལྕགས་རིའི་སྒོ་མོ་ཆེ་གཞི་གཏིང་ཀྱང་སྡེ་འཁྲུགས་ལངས་པ་དང་འགྲིག་པས་རིང་འགྱང་དུ་སོང་བས་ཆུ་སྟག་སྤྱི་ལོ1782ལོར་པར་དཔོན་དང་དཔོན་མོ་གཉིས་ནས་ཁུར་མཉམ་བཞེས་ཀྱི་ཤིང་བཟོའི་དབུ་མཛད་ཤ་རི་འགུར་བ་སོགས་ཀྱི་བཟོ་གྲྭ་གཙུགས་ཏེ། པར་དཔོན་གྱི་བཀོད་པ་བཞིན་སུམ་ཐོག་གསར་རྒྱག་དང་། བར་ཁང་དུ་རྟེན་གསུམ་རྙིང་བ་རྣམས་བཞུགས་སུ་བཅུག ལྷ་བྲིས་པ་རྣམས་ནས་སྨན་བླའི་ལྷ་ཁང་ཞིག་གསོ་དང་ལྷན་དུ་ཤིང་རྩི་སྤུད་ལེགས་དངོས་གཙང་གྲུབ་པར་གནང་བ་སོགས་བསྟན་པའི་སྡེ་ལ་ཆས་གོས་སྣམ་སྦྱར་དང་བཅས་པའི་འབུལ་བ་རྒྱ་ཆེར་མཛད་དོ། །
       ༡-༣ ཅོ་ནེ་དགོན་དུ་གོས་སྐུ་བཞེངས་ཚུལ། 
       སྤྱིར་གོས་སྐུ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྐུ་དང་ན་བཟའ། རྒྱན་གོས། དེ་བཞིན་ཡུལ་ལྗོངས་ཀྱི་བཀོད་པ་རྣམས་ངག་ལ་གང་མཚུངས་ཀྱི་གོས་ཆེན་ཚོན་ཁྲ་སྤེལ་ནས་ལྷུ་སྒྲིག་པའི་ལག་ཤེས་སྤྱད་ནས་བཞེངས་པའི་ཐང་ཀ་ཞིག་ཡིན་པ་དང་། དེའི་རྒྱུ་ཆ་གཙོ་བོ་ནི་གོས་ཆེན་ཡིན་པའི་དབང་གིས་གོས་སྐུར་གྲགས། བསྟན་པ་སྔ་དར་ནས་བཟུང་འདིའི་ལག་རྩལ་དར་ཡོད་ལ་དེར་ཚེམ་དྲུབ་དང་གཙག་དྲུབ། སྦྱར་དྲུབ་སོགས་ཀྱི་དབྱེ་བ་ཡོད། འོ་ན་ཅོ་ནེ་དགོན་གྱི་གོས་སྐུ་འདི་ད་ལྟའི་བར་དུ་གྲགས་ཆེ་བར་བཤད། དེ་ནི་དཔོན་མོ་འདི་བས་ཅོ་ནེའི་རྒྱལ་ཁབ་ཆེན་པོའི་ཕོ་བྲང་ནང་འདིར་ལྔ་མཆོད་ཆེན་མོར་གོས་སྐུའི་གཙོ་བོ་སྔོན་དེ་བཞིན་གཤེགས་པ་ཤཱཀྱའི་རིགས་མཆོག་ཏུ་འཚངས་རྒྱས་པར་འགྱུར་བ་རྗེ་བཙུན་བསྟན་པའི་འཁོར་ལོ་ངུར་སྨྲིག་གར་གྱི་རྣམ་རོལ་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་ཞེས་མཚན་ཐོས་པ་ཙམ་གྱི་སྲི་ཞིའི་རྒུད་པ་སེལ་ནུས་པ་ལྟ་བུ་བཞེངས་འདུན་འདོད་སྣང་ཆེ་ཆེར་ལྡན་པས་ཆུ་འབྲུག་སྤྱི་ལོ1772ལོར་བཀོད་ཁྱབ་མཛད་དེ། བཟོ་རིགས་ལ་བྱང་ཞིང་ལག་པའི་འཕྲུལ་རྨད་དུ་བྱུང་བ་ནང་འཁོར་་དཔལ་འབྱོར་རྒྱས་མཚོས་སྐྱ་བྲིས་བཏབ་ཏེ་ཤོག་ཁྲ་བཟོས། བཟང་གོས་སྣ་ཚོགས་ཀྱི་ཚོན་མདངས་སྤེལ་ནས་གོས་རས་འདྲུབ་ཀྱི་དབུ་མཛད་རྡོ་བཟའི་དགེ་སློང་ངག་དབང་དར་རྒྱས་སོགས་ཀྱིས་སྐྲུན། ལས་རྒྱུན་རིང་བསྙེན་བཀུར་ཚད་མེད་པ་དང་། འཇུག་སྟོན་སྒང་སྟོན་རྣམས་གཟབ་རྒྱས་སུ་བྱས་ནས་གྲུབ་རིགས་ཡོངས་ཀྱི་དབང་ཕྱུག་མུ་ནེ་དཔོན་སློབ་སངས་རྒྱས་དཔལ་བཟང་མཆོག་གི་རྡོ་རྗེ་སློབ་དཔོན་དུ་མཛད་དེ་གསུང་ཆོག་པ་རྒྱུད་གྲྭ་དང་བཅས་འཇམ་དཔལ་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་སྔོན་དུ་འགྲོ་བས་བརྟན་བཞུགས་ཐོག་མཐའ་བར་གསུམ་དུ་དགེ་བའི་ཤིས་བརྗོད་དང་། རབ་གནས་ཆོ་ག་ཆད་ལྷག་མེད་པར་རྒྱས་པར་གནང་བ་ལ་དཔོན་མོས་དཔོན་སློབ་སོགས་ལ་གསེར་དངུལ་གོས་སོགས་ཀྱི་འབུལ་བ་གྱ་ནོམ་པ་གནང་བ་དང་། ཅོ་ནེ་བཤད་སྒྲུབ་གླིང་གི་གོས་སྐུ་སྔར་སྐྱིབ་གྲུ་རབ་འབྱམ་པས་རྒྱ་ནག་ནས་གདན་དྲངས་བ་རྙིང་སོང་དང་འགྲེས་ཉམས་ཆེ་བས་བརྗེ་འདུན་ཞིག་གིས་དཔོན་མོའི་ཐུགས་ལ་འཆར་སྟོན་ལྟར་པར་དཔོན་གྲགས་པ་རྒྱ་མཚོས་གོས་རྩལ་བསྒྲུབ་གྱི་གོས་ཐང་དངུལ་སྲང་སྟོང་དང་གཉིས་བརྒྱ་བརྒྱ་ཅུའི་སྐོར་ཚང་མ་ལག་ཏུ་འབྱོར་བ་དང་ཆུ་ཡོས་སྤྱི་ལོ1783ལོར་དབུ་བཙུགས། བཟོ་བོ་བི་ཤྭ་ཀརྨ་ཡང་སྐྱེངས་པ་སྟེར་ནུས་ཤིང་ཚད་ཐུབ་ཀྱི་ཡིག་ཆ་བཞིན་ཐིག་རྩ་ལག་ལེན་རི་མོ་ལ་མཁས་པ་དཔལ་འབྱོར་རྒྱ་མཚོས་རྒྱལ་ཀུན་ཡབ་གཅིག་བརྟན་པའི་འཁོར་ལོ་སྲིད་ཞིའི་བླ་མ་དགེ་སློང་རྡོ་རྗེ་འཛིན་པའི་རྣམ་རོལ་ཤར་བློ་བཟང་གྲགས་པའི་དཔལ་གྱི་སྐུ་བརྙན་གཙོ་བོར་བཞུགས་པའི་ཉེ་སྲས་བརྒྱད། སྔགས་སྐུ་རྣམས་ཀྱི་སྐྱ་བྲིས་བཏབ། གོས་ཚོན་སྤེལ་དྲས་པ་རྣམས་བཟོ་ཚེམས་མཁས་པ་ཉི་ཤུ་གྲས་ཀྱི་བཟོ་རྒྱུན་ཟླ་བ་བཞི་འགོར། ཚན་འོག་ཏུ་གནས་ཡིག་དང་གཟུངས་སྔགས་འབྲི་མི་རྒྱལ་ཁབ་ཆེན་པོའི་ཡིག་མཁན་ལ་མར་ནང་ཐོ་ལོ་མར་དགུང་བྱམས་པ་ཚེ་རིང་གི་ཡིག་ཆུང་བཟང་ཞིང་བསྡེབས་དག་པར་བྲིས། གོས་སྐུ་རྣམས་ཚེམ་དྲུབ་ཚུལ་བཞིན་གྲུབ་པ་དང་བཟའ་སྐར་དགེ་བའི་ཉིན་དང་པོར། ཅོ་ནེའི་བཤད་སྒྲུབ་གླིང་གི་ཁྲི་ལས་ཐོག་པ་ལ་ཁའི་དགེ་འདུན་ནོར་བུ་ནས་རྡོ་རྗེ་སློབ་དཔོན་མཛད། ཁྲི་ཟུར་རྣམས་དང་དབུ་མཛད་ཆེན་མོ་སོགས་འདུས་སྡེ་བརྒྱ་ཕྲག་བརྒལ་བས། འཇམ་དབྱངས་དྲག་ཏུ་ཁྲོས་པ་གནད་ཁྱད་པར་ཅན་ལྔ་ལྡན་འཇིགས་མཛད་རྡོ་རྗེའི་སྒོ་ནས་རབ་གནས་ཀྱི་སྟ་གོན་དང་། ཉིན་གཉིས་པར་དངོས་གཞི་ལ་མཁའ་ཁྱབ་ཀྱི་ཞིང་འགེངས་པའི་ཡེ་ཤེས་པའི་འཁོར་ལོ་སྤྱན་དྲངས། ཉིན་གསུམ་པར་རྗེས་ཆོག་རྣམས་ཀྱི་རིང་དངོས་བཤམས་ཡིད་སྤྲུལ་གྱི་མཆོད་ཚོགས་ཀུན་ཏུ་བཟང་པོའི་རྣམ་འཕྲུལ་བཞིན་ཡིད་ཅན་ཀུན་གྱི་བློ་ཡི་ར་བ་ལས་འགོང་བར་བྱས། ལོ་རེའི་ནང་ས་ག་ཟླ་བ་དང་ལྔ་མཆོད་ཆེན་མོར་བཤམས་ནས་ཕྱོགས་འདུས་ཀྱི་སྐྱེ་བོ་རྣམས་གོས་སྐུ་མཇལ་བའི་གོམས་སྲོལ་ལྟ་བུ་སྐྲུན།
       ༣ ཅོ་ནེའི་དཔོན་གྱི་རྒྱལ་ཚབ་དུ་བཞུགས་ཚུལ།
       ཅོ་ནེ་དཔོན་པོ་སྐུ་རབས་ཀྱིས་རང་ཡུལ་སྲུང་འཛིན་བྱས་ཏེ་སྲིད་དབང་རྒྱ་བསྐྱེད། ཡིན་ནའང་དཔོན་མོ་རིན་ཆེན་དཔལ་འཛོམས་ཀྱི་སྐབས་འདིར་མི་དབང་འཇམ་དབྱངས་ནོར་བུ་སྤྱི་ལོ1738ལོར་སྐུ་གཤེགས། སྲས་བསོད་ནམས་རིན་ཆེན་གྱིས་ཡབ་ཀྱི་རྒྱལ་ས་འཛིན་པའི་སྔ་རོལ་དུ་སྐུ་གཤེགས། དེའི་སྲས་བསྟན་སྲུང་ཚེ་རིང་ནི་དཔོན་མོ་རིན་ཆེན་དཔལ་འཛོམས་ཀྱི་སྐུ་ཚ་ཡིན་པས་སྐུ་ན་ཕྲ་སྟབས་ཅོ་ནེ་རྒྱལ་ཁམས་ཆེན་མོའི་ཆོས་སྲིད་ཀྱི་བྱ་བ་ཡོངས་རྫོགས་ཀྱི་འགན་གཅིག་ལྕོག་ཏུ་བཞེས། ལྷག་པར་དུ་སྤྱི་ལོ1743ནས་སྤྱི་ལོ1760ལོའི་བར་དུ་དཔོན་གྱི་རྒྱལ་ཚབ་མཛད། བར་སྐབས་དེར་གྲུ་ཅེ་ནང་གི་དགེ་ལོག་ལ་སྐུ་དབང་བེད་སྤྱོད་ཕྲན་ཚེ་བྱུང་དུས། རྒྱལ་ཁབ་ཆེན་པོ་འདིའི་མི་བཟང་འགའ་ཞིག་ཁོའི་ཕྱོགས་སུ་ལྷུང་བ་དང་། འགའ་ཞིག་དཔོན་མོའི་ཕྱོགས་སུ་ལྷུང་ཏེ་གཉིས་སུ་གྱེས། སྔར་མི་རྗེ་འཇམ་དབྱངས་ནོར་བུའི་སྐུ་དུས་ཀྱི་བཀའ་བློན་མི་བཟང་ཅན་བཀའ་འབུམ་ཚེ་རིང་དང་འཆག་ར་བ། བློ་བཟང་བཀྲ་ཤིས། ཚེ་དབང་རྣམ་རྒྱལ་རྣམས་ཀྱིས་མི་སྡེའི་ཁྲོད་དུ་ཟ་འདོད་བརྙས་འཚེར་མང་བ་སྲིད་སྐྱོངས་ཀྱི་ཞབས་གཏེགས་ཚུལ་བཞིན་མ་བྱུང་ཚུལ་སོགས་ཁྲིམས་གཏམ་སྒྲགས། ཁྲིམས་རྒྱུག་བཏང་། མི་བཟང་རྣམས་བཙོན་དུ་འཇུག་པ་སོགས་བྱས། དཔོན་མོས་རང་གི་བསོད་ནམས་ཀྱི་མཐུ་དང་སྨོན་ལམ་དབང་བརྩོན་པས་རྒྱལ་བ་ལ་འཕོ་འགྱུར་སྤུ་ཙམ་ཡང་མ་བྱུང་བར་མ་ཟད། མི་དབང་གོང་མ་ན་རིམ་གྱི་བཀུར་བའི་བསྲུང་མ་རྣམས་ཀྱི་མི་མངོན་པའི་བྱིངས་ནས་དམར་ཟླུམ་སྤྱན་གྱི་ཁོའི་བྱེད་ངན་ལ་གཟིགས་ཏེ་སྐྱེ་བོ་སྙིང་སྟོབས་ཅན་འགའི་རྒྱབ་བྱས་ནས་ཁོ་ཚོའི་དཔའ་རྩལ་དང་ཆོས་བསྲུས་ཀྱི་བཀའ་ཆད་ལྷན་ཅིག་གི་དགེ་ལོག་འཇིག །ཕ་རོལ་ཏུ་ལྟར་མོར་བཏང་། དགེ་ལོག་གི་ཕྱོགས་ཀྱི་མི་བཟང་རྣམས་འཛིན་སྤྲད་སོགས་རིམ་གྱི་འཁྲུགས་པ་ཇེ་འཕེལ་སོང་། ལྷ་སྲས་བསྟན་བསྲུངས་ཚེ་རིང་ན་ཕྲ་བའི་སྟབས་ཀྱི་དཔུང་གི་མཛད་སྒོ་དཔོན་མོ་རང་གི་ཁུར་བླང་གིས་མི་བཟང་འགོ་བ་བསོད་ནམས་ཅོ་ནེའི་ལྷོ་བརྒྱུད་ཐེ་དམག་རྣམས་བསྐུལ་བར་མངགས། དཔོན་མོས་ཕོ་ཆས་སྤྲད་དེ་སྐུ་ཚ་བསྟན་བསྲུངས་ཚེ་རིང་ཁྲིད་པར་མཛད་ནས་དམག་དཔོན་དྲུང་འཁོར་རྣམས་དང་བཅས་བྱང་བརྒྱུད་བོད་འབྲོག་གི་དཔུངས་རྣམས་ཞུ་ཚང་ལྟེང་ཀར་དམག་སྒར་སྒྲིགས། དཔོན་མོ་དཔུང་ཐོག་ཏུ་ཕེབས་པ་ཙམ་གྱི་དགེ་ལོག་གི་ཕྱོགས་གཏོག་སྲིབ་ཁ་བཞི་སོགས་ངོ་ལོག་རྣམས་ཀྱི་དགྲ་ཟིལ་ཤོར་ནས་རང་དབང་མེད་པར་ཚུར་འདུད་ཅིང་རིམ་གྱི་ལོ་རས་ཚའི་བར་དམག་སྒར་གཏེགས་ཏེ་ཕེབས་ནས་ཐམས་ཅད་མངའ་འོག་ཏུ་འཇུག་པར་གནང་། ཡང་ལན་ཅིག་ལྷོ་བརྒྱུད་ཐེ་བོའི་ངོ་ལོག་པར་དཔོན་མོས་དཔུང་གི་འཇུག་སྒོར་རང་གི་མཛད་པ་ཐམས་ཅད་ཆམ་ལ་ཕབ་ནས་མངའ་ཞབས་སུ་བསྡུས་པ་སོགས་སྐབས་དེའི་རྒྱ་བོད་ཧོར་སོགས་བཅས་སུ་འབྲེལ་བ་བཙུགས་ནས་ཅོ་ནེའི་རྒྱལ་ཁམས་ཆེན་མོའི་སྲིད་དབང་རྒྱ་ཆེར་དར་བར་བྱས་སོ། །
       གསུམ།«རྣམ་ཐར་ཟླ་བའི་ཅོད་པཎ»གྱི་རིན་ཐང་བཤད་པ།
       སྤྱིར་ཅོ་ནེ་དཔོན་མོ་རིན་ཆེན་དཔལ་འཛོམས་ཀྱི«རྣམ་ཐར་ཟླ་བའི་ཅོད་པཎ»ནི«ཐེ་ཐེ་དབང་མོའི་རྣམ་ཐར་གྱི་ས་བོན་བརྗོད་པ»དང«དཔོན་མོ་རིན་ཆེན་དཔལ་འཛོམ་གྱི་རྣམ་པར་ཐར་བ་རིན་ཆེན་བཀའི་མཆོད་སྤྲིན» «ས་སྐྱོང་དབང་མོ་རིན་ཆེན་དཔལ་འཛོམ་གྱི་རྣམ་ཐར་བསྡུས་པའི་དབུ་ལེགས་སོ» «ཅོ་ནེའི་བསྟན་འགྱུར་དཀར་ཆག» «རྒྱལ་བའི་གསུང་རབ་ཀྱི་བང་མཛོད་སྒོ་བརྒྱ་འབྱེད་པའི་ཁོག་ཕུབས་གསེར་གྱི་ལྡེ་མིག» «ས་སྐྱོང་ཆོས་ཀྱི་རྒྱལ་པོའི་རྟོགས་བརྗོད་རིན་པོ་ཆེའི་འཕྲེང་བ»སོགས་སུ་ཐ་ཐོར་དུ་བཀོད་པའི་རྣམ་ཐར་ཀྱི་ནང་དོན་ཕྱོགས་གཅིག་ཏུ་བསྡུས་པ་ལྟ་བུར་སྣང་། དེ་དག་ལས་མི་གསལ་བ་ཆོས་ཕྱོགས་ཀྱི་མཛད་པ་རུ་ལྷ་ཁང་དང་རྟེན་བརྟེན་པ་བཞེངས་པའི་ཚུལ་ལས་གཞན་སྲིད་ཕྱོགས་ཀྱི་མཛད་པ་འདིར་ཅུང་ཞིབ་ཆ་ཅན་དུ་ངེས། ལྷག་པར་དུ་རྣམ་ཐར་འདིའི་ཁྲོད་ནས་མི་དབང་གོང་མའི་མཛད་པ་ཁ་གསབ་ཀྱི་ཚུལ་དུ་དམག་ཟོར་མགོན་པོའི་སྲས་ཆེ་བ་འཇམ་དབྱངས་ནོར་བུ་དང་འབྲིང་པོ་བློ་བཟང་དཔལ་འབྱོར། ཐ་ཆུང་མཁན་རིན་པོ་ཆེ་བློ་བཟང་བསྟན་པའི་རྒྱལ་མཚན། སྐུ་ཚ་བསྟན་སྲུང་ཚེ་རིང་བཅས་ཀྱི་མཛད་པ་རྣམ་ཐར་ཅུང་ཞིབ་ཆ་ལྡན་པ་མ་ཟད། «ས་སྐྱོང་ཆོས་ཀྱི་རྒྱལ་པོའི་རྟོགས་བརྗོད་རིན་པོ་ཆེའི་འཕྲེང་བ»མཛད་པ་པོའམ་ཅོ་ནེའི་མི་དབང་འཇམ་དབྱངས་ནོར་བུ་དང་དཔོན་མོ་རིན་ཆེན་དཔལ་འཛོས་ཟུང་གི་རྩ་བའི་བླ་མ་མུ་ནེ་དཔོན་སློབ་སངས་རྒྱས་དཔལ་བཟང་གི་མཛད་རྣམ་སོགས་ཞིབ་པར་བཀོད་པ་ནི་རྣམ་ཐར་འདིའི་རྩ་བའི་རིན་ཐང་དང་། ཅོ་ནེའི་རྒྱལ་ཁམས་ཆེན་མོའི་ཆོས་སྲིད་ཀྱི་གནས་བབ་རྟོགས་ཐུབ་པའང་གལ་ཆེན་དུ་གྱུར། ཡིན་ནའང«རྣམ་ཐར་ཟླ་བའི་ཅོད་པཎ»དུ་གཅིག་ནས་དཔོན་མོ་རིན་ཆེན་དཔལ་འཛོམས་ཀྱི་སྐུ་ན་ཕྲ་བའི་དུས་ཀྱི་ལོ་རྒྱུས་དང་ལྷག་པར་དུ་རྣམ་ཐར་ཞིག་གི་ཆེས་རྩ་བའི་རྨང་ལྟ་བུ་ནི་རྣམ་ཐར་དེ་མི་སྣ་སུ་ཞིག་གི་ཐོག་མའི་ངོས་འཛིན་གྱི་རིམ་པ་དུས་ནམ་ཞིག་ལ་ཡུལ་གང་གིས་ཁྱིམ་རྒྱུད་ཅི་ལྟ་བུའི་ཡབ་ཡུམ་གྱི་རིགས་རུས་གང་ལས་མི་སྣ་གྲགས་ཆེ་བ་འདི་ལྟ་བུ་འཁྲུངས་སོ་ཞེས་པའི་ལོ་རྒྱུས་དུམ་བུ་འདི་ངེས་པར་དུ་གསལ་ཆ་ཅན་ཡིན་དགོས་ཀྱང་འདིར་དཔོན་མོ་འདི་བ་གནས་གང་ཞིག་ནས་དུས་ནམ་ཞིག་ལ་ཡབ་ཡུམ་སུའི་སྲས་མོར་འཁྲུངས་པ་མེད་པས་སྐྱོན་དུ་སྣང་ངོ་། །ལྷག་པར་དུ་སྐབས་དེའི་ཅོ་ནེའི་ཡོངས་འདུས་རྒྱལ་ཁམས་ཀྱི་སྤྱི་ཚོགས་སུ་བསྟན་འགྱུར་དཔར་སྐྲུན་གྱི་སྦྱིན་བདག་འདི་ལྟ་བུ་བྱུང་བ་ལ་ཆོས་སྲིད་གཉིས་ཀའི་ལོ་རྒྱུས་ཀྱི་དོན་རྐྱེན་རེ་ཡོད་སྟབས་ཅོ་ནེ་དཔོན་གྱིས་བཙུན་མོར་བཞེས་པའི་ཡུལ་ཕྱོགས་ཀྱི་ཁྱིམ་རྒྱུད་དང་འབྲེལ་ཡོད་རིག་གནས་ངེས་པར་དུ་གསལ་དགོས་སོ། །
       མདོར་ན་དཔོན་མོ་རིན་ཆེན་དཔལ་འཛོམས་ཀྱིས་བོད་རྒྱ་ཡིག་རིགས་གཉིས་ལ་སྦྱངས་པ་མཛད་དེ་རྒྱལ་བའི་བསྟན་པ་ལ་འཇུག་པའི་མཁས་དབང་དུ་མའི་མདུན་ནས་མདོ་སྔགས་གཉིས་ཆར་གྱི་གཞུང་དོན་མང་པོར་གསན་ནས་ལྷ་ཁང་རྟེན་བརྟེན་པ་བཞེངས་པ་མ་ཟད། ལྷག་པར་ཏུ་རྒྱལ་བའི་བཀའི་དགོངས་འགྲེལ་བསྟན་བཅོས་འགྱུར་རོ་ཅོག་གི་པར་ཤིང་བརྐོས་ནས་ཅོ་ནེའི་བསྟན་འགྱུར་ཞེས་བཞེངས་པ་ནི་མདོ་སྨད་ཀྱི་ཡུལ་འདིར་བསྟན་པའི་རྒྱན་དུ་བཞག་པ་སོགས་ཀྱི་སྒོ་ནས་བོད་ཀྱི་རིག་གནས་དར་རྒྱས་དང་ཅོ་ནེ་རྒྱལ་ཁམས་ཆེན་མོའི་ཆོས་སྲིད་ལུགས་གཉིས་ཀྱི་བྱ་བར་མཛད་པ་བླ་ན་མེད་པ་བཞག་པས་རང་རེའི་བོད་མི་ཡོངས་ལ་སྐུ་དྲིན་དུ་ཆེའོ། །

རྩོམ་པ་པོ་ངོ་སྤྲོད།
       ས་དམར་ཚེ་རིང་དོན་གྲུབ། མདོ་སྨད་ཅོ་ནེའི་མི། ཆོས་ལུགས་རིག་པའི་རབ་འབྱམས་པ། སྤྱི་ལོ༢༠༡༦ལོ་ནས་སྤྱི་ལོ༢༠༢༤ལོའི་བར་དུ་སྔ་རྗེས་སུ«ཅོ་ནེ་དགོན་དགའ་ལྡན་བཤད་སྒྲུབ་གླིང་གི་གདན་རབས་སོགས་བརྗོད་པ་ས་སྐྱོང་དགྱེས་པའི་ངག»དང«མདོ་སྨད་ཅོ་ནེའི་ལོ་རྒྱུས་ས་གཞི་སྐྱོང་བའི་རྒྱན།» «མདོ་སྨད་ཅོ་ནེའི་ཡུལ་གྱི་བྱུང་བ་བརྗོད་པ་སྣང་བའི་མེ་སྟག» «ཅོ་ནེའི་ས་དམར་ཡུལ་གྱི་ངག་ཐོག་ལོ་རྒྱུས།»སོགས་ས་གནས་རིག་གནས་དང་བསྟུན་པའི་ཆེད་དེབ་དང་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་འགྲེམ་སྤེལ་བྱས་པའི«བོད་ཀྱི་དམངས་སྲོལ་དཔྱད་གཞི་བདམས་བསྒྲིགས།» «རྗེ་མཛོ་དགེ་མཁས་གྲུབ་བསྟན་འཛིན་གྱི་རྣམ་ཐར་དང་རྟོགས་བརྗོད་ཕྱོགས་བསྒྲིགས།» «མདོ་སྨད་ཀན་ལྷོའི་ཡུལ་གྱི་གནས་ཡིག་ཕྱོགས་བསྒྲིགས»སོགས་ཡོད། «མདོ་ཤེར་སྙིང་སྦྱངས་པའི་བློ་བསྐྱེད་མུན་སེལ་འོད་སྣང་།»ཞེས་པར་སྐབས་དྲུག་པའི་འཛམ་གླིང་ན་གཞོན་ནང་བསྟན་བགྲོ་གླེང་དུ་བྱ་དགའ་ཨང་དང་པོ་ཐོབ། རིག་གཞུང་འཆད་རྩོམ་གྱི་སྐོར་ལ་སྔ་རྗེས་སུ«རྗེ་ཙོང་ཁ་བའི་གསོལ་འདེབས་ཀྱི་སྙིང་བོ་དམིགས་བརྩེ་མའི་སྐོར་ལ་དཔྱད་པ།» «ཅོ་ནེའི་དཔོན་མོ་རིན་ཆེན་དཔལ་འཛོམས་ཀྱི་རྣམ་ཐར་ཟླ་བའི་ཅོད་པཎ་ལ་ཐོག་མར་དཔྱད་པ།» «གསར་དུ་རྙེད་པའི་བདེ་ཐང་མཁན་ཆེན་བློ་བཟང་ཚངས་དབྱངས་ཕྱོགས་ལས་རྣམ་རྒྱལ་གྱི་མཛད་རྣམ་རྟོགས་བརྗོད་སེངྒེའི་སྒྲ་དབྱངས་སྐོར་གླེང་པ།» «ཅོ་ནེའི་ས་སྐྱོང་ཆོས་ཀྱི་རྒྱལ་པོའི་རྟོགས་བརྗོད་རིན་པོ་ཆེའི་ཕྲེང་བར་ཐོག་མར་དཔྱད་པ།» «བོད་ཀྱི་མིང་བརྡ་འུ་ཡིག་གིས་ཆུང་དོན་སྟོན་པའི་སྐོར་ལ་དཔྱད་པ།» «བོད་ཀྱི་ཡིག་རྙིང་ཁྲོད་ཀྱི་བྱ་རྒྱལ་ཁུ་བྱུག་གི་མཚོན་དོན་ལ་དཔྱད་པ།» «བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱི་རྣམ་ཐར་ལས་འཕྲོས་ཏེ་ས་གནས་ལོ་རྒྱུས་ལ་ལྟ་བ།» «བསེ་ཚང་བློ་བཟང་དཔལ་ལྡན་མཆོག་ལ་བོད་མཁས་པའི་སྙན་ངག་དཔེར་བརྗོད་ཀྱི་ཁྲིད་རྒྱུན་བརྒྱུད་ཚུལ་སྐོར་བཤད་པ» «བསེ་ཚང་བློ་བཟང་དཔལ་ལྡན་མཆོག་ལ་བོད་མཁས་པའི་སྙན་ངག་དཔེར་བརྗོད་ཀྱི་ཁྲིད་རྒྱུན་བརྒྱུད་ཚུལ་སྐོར་བཤད་པ» «བླ་ཆེན་དགོངས་པ་རབ་གསལ་གསལ་གྱི་རྣམ་ཐར་གཉིས་བསྡུས་ཏེ་རྗེ་ཁོང་གི་ལྟ་དགོངས་ལ་དཔྱད་པ།» «རྗེ་དམུ་དགེ་བསམ་གཏན་རྒྱ་མཚོའི་མཛད་རྣམ་སྐོར་གྱི་དོགས་གཅོད།» «མདོ་སྨད་ཅོ་ནེའི་ཡུལ་དུ་བོན་གྱི་བསྟན་པ་དར་རྒུད་ཐད་ཀྱི་ཐོག་མའི་དཔྱད་གླེང་། «བྲ་ཏི་རིན་ཆེན་དོན་གྲུབ་ཀྱི་ངག་རྒྱུན་མཛད་རྣམ་སྐོར་བཤད་པ།» «མདོ་སྨད་ཀྭ་རི་བཞི་མདོའི་དགོན་རྙིང་གི་ཐོག་མའི་འཚོལ་ཞིབ།» «མདོ་སྨད་ཀན་ལྷོའི་ཡུལ་གྱི་རྩེ་དབུས་ཚོ་གསུམ་གྱི་ཁྱིམ་རྒྱུད་ལ་ཐོག་མར་དཔྱད་པ།» «བོན་གྱི་ཡིག་ཆར་གསལ་བའི་དབལ་ཞེས་པའི་མིང་བརྡའི་གོ་དོན་ལས་འཕྲོས་ཏེ་རིག་གནས་ཀྱི་དགོངས་དོན་གལ་ཆེན་སྐོར་གྱི་དཔྱད་གླེང་།»ས་དམར་བཞུགས་ཁྲིའི་བདེན་དངོས་སྐོར་ཐོག་མར་གླེང་བ།» «བདེ་ཐང་བྲག་བརྐོས་རི་མོའི་སྐོར་གྱི་ཐོག་མའི་དཔྱད་པ།» «མདོ་སྨད་ཅོ་ནེའི་ཡུལ་གྱི་བཀའ་འགྱུར་དུས་ཆེན་སྐོར་གྱི་ཐོག་མའི་དཔྱད་པ།»སོགས་རིག་གཞུང་དུས་དེབ་བོད་ལྗོངས་ཞིབ་འཇུག་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་རིག་དེབ། རྩེར་སྙེག དམངས་ཚོགས་སྒྱུ་རྩལ། ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་གི་རིག་དེབ། བོད་ཀྱི་སློབ་གསོ། བོན་སྒོ། བོད་ལྗོངས་སློབ་གསོ་སོགས་སུ་སྤེལ། ད་ལྟ་རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་དུ་དགེ་རྒན་གྱི་ལས་ཀ་གཉེར་བཞིན་ཀྲུང་གོའི་བོད་ལྗོངས་མངའ་རིས་ཞང་ཞུང་རིག་གཞུང་དཔྱད་གླེང་ཚོགས་འདུའི་ཚོགས་མི་ཡིན།

རྩོམ་ཁུངས། ༢༠༢༢ལོའི«བོད་ལྗོངས་ཞིབ་འཇུག»དེབ་གསུམ་པ།
འབྲེལ་ཡོད་འོས་སྦྱོར།