གཏེར་ཆེན་ཉི་མ་གྲགས་པའམ་རྨ་རི་དབང་ཆེན་ཉི་མ་མཆོག་གི་ལོ་རྒྱུས་གླེང་བ།
རྩོམ་པ་པོ།:དགེ་བཤེས་གཙུག་གཤེན་རྒྱལ་མཚན།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2026-03-11
ཀློག་གྲངས།:
དང་པོ། ཁོང་གི་མི་རྒྱུད་གྲོལ་ཁུངས་གླེང་བ།
འབྲེལ་ཡོད་ཡིག་ཆ་ལྟར་ན་ཁོང་གི་མེས་པོ་ནི་མདོ་ཁམས་རྨ་ཡུལ་ནས་ཡོང་བར་བཤད་ལ། གླིང་གི་སྤྱི་དཔོན་གྱི་རིགས་རྒྱུད་དེ་སྨུག་པོ་ལྡོང་གི་རིགས་ལས་གྲོལ་བ་དང་། ཡང་བཤད་སྲོལ་གཞན་ཞིག་ནི་རྨ་རྒྱལ་སྤོམ་རིའི་སྲས་རྒྱུད་ལས་མཆེད་པར་གྲགས། གང་ལྟར་ཁོང་གི་གཏེར་སྙན་དག་གི་མཇུག་བྱང་དུ་ལྡོང་རིགས་རུས་ཐོབ་ཅེས་གསལ་བར་བལྟས་ན། བཤད་སྲོལ་འདི་དག་སྔར་ནས་ཡོད་པ་དང་། ཁོང་གིས་དམིགས་བསལ་གླིང་གི་སྐོར་ལ་དགའ་མོས་དང་དད་གུས་གནང་བ་ཤེས་ཐུབ། དུས་རབས་བཅུ་གཉིས་དང་བཅུ་གསུམ་པའི་གཡས་གཡོན་དུ་མདོ་ཁམས་འབྲི་རྒྱུད་དང་རྨ་ཡུལ་སོགས་ནས་ཡུལ་སྡེ་མང་པོ་ཞིག་ཁམས་སྟོད་ཕྱོགས་སུ་འབྱོར་བ་དང་འདིར་གཞིས་ཆགས་འདུག་པས། དུས་སྐབས་དེའི་གཡས་གཡོན་ཙམ་ལ་ཁོང་གི་མེས་པོ་དག་ཡུལ་འདིར་འབྱོར་བ་ཡིན་ངེས། ཁོང་གི་མེས་པོ་དག་ཡུལ་འདིར་གཞིས་ཆགས་རྗེས་རིམ་གྱིས་ཡུལ་འདིར་དཔོན་ས་བཟུང་ཞིང་། རྨ་རི[1]ཞེས་པའི་ཚོ་བ་ཞིག་ཆགས་པ་དང་དེའི་དཔོན་གྱི་གོ་གནས་བཟུང་བ་ཡིན། ཚོ་བ་འདི་ནི་བོད་བྱང་ཐང་གི་ཤར་རྒྱུད་དང་ཁམས་སྟོད་ཕྱོགས་སུ་ཆགས་པའི་ལོ་རྒྱུས་ཐོག་གི་ཧོར་ཚོ་སོ་དགུ་ཞེས་པའི་ཆ་ཤས་སུ་གྱུར་པ་ཡིན། ཧོར་ཚོ་སོ་དགུ་ནི་སྔར་སོག་པོ་དང་མན་ཆིང་གིས་དབང་བསྒྱུར་མྱོང་ལ། རབ་བྱུང་བཅོ་ལྔ་པའི་ཤིང་རྟ(༡༩༡༤)ལོ་ནས་བཟུང་བདེ་པ་གཞུང་གིས་དོ་དམ་བྱས་པ་དང་། རབ་བྱུང་བཅུ་དྲུག་པའི་ཆུ་རྟ(༡༩༤༢)ལོར་ཧོར་ཚོ་སོ་དགུ་དེ་རྫོང་ཁག་དྲུག་ཏུ་དབྱེ་བགོ་བྱས་ཤིང་། རྫོང་ཁག་དྲུག་ནི་སྟེང་ཆེན་རྫོང་དང་། སེར་ཚ་རྫོང་། ཁྲི་རྡོ་རྫོང་། སྦྲ་ཆེན་རྫོང་། འབྲི་རུ་རྫོང་། གཉན་རོང་རྫོང་བཅས་ཡིན། རྨ་རི་ཚོ་བ་ནི་ཁྲི་རྡོ་རྫོང[2]གི་ཁོངས་སུ་གཏོགས་པ་ཡིན་ལ། ཚོ་བ་འདིར་ལུང་ཤོག་ལྔ་ཡོད་པ་ལས། རྨ་རི་ཡུལ་པ་ནི་དེང་གི་སྲིད་འཛིན་ས་ཁོངས་ཀྱི་དབང་དུ་བྱས་ན་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་ཁྲི་རྡོ་གྲོང་རྡལ་གྱི་ཁོངས་སུ་གནས་ཡོད་ལ། སྔར་གྱི་མཁར་རྫོང་དང་དགོན་སྡེ་ནི་ཡུལ་འདིར་ཆགས་ཡོད། རྨ་རིའི་འབྲོག་སྡེ་རྣམས་ནི་དེང་གི་སྟེང་ཆེན་རྫོང་གི་ག་ངས་ཤང་དང་། ག་ཐ་ཤང་། དཔའ་བརྡ་ཤང་བཅས་ཀྱི་ཁོངས་སུ་གནས་ཡོད།
རྨ་རིའི་དཔོན་རབས་སྐོར་འབྲེལ་ཡོད་ཡིག་ཆ་ལས་གསལ་བ་ལྟར་བཀོད་ན། རྨ་རིའི་དཔོན་སྟག་ལ། དེའི་སྲས་ཤེ་ཤེ། དེའི་སྲས་རྨ་རི་ལྷ་རྒོད། དེའི་སྲས་གཡུང་དྲུང་ཡེ་ཤེས། དེའི་སྲས་གཉིས་བྱུང་ཞིང་གཅིག་གི་མཚན་ལ་ཨོ་ལོ། དཔོན་ས་བཟུང་མཁན་ནི་གཞན་དེ་ཡིན་ལ། དེའི་མཚན་གསལ་པོར་འཁོད་མེད། འདི་ལ་སྲས་གསུམ་བྱུང་བ་ལས་རྣམ་རྒྱལ་གྲགས་པས་དཔོན་ས་བཟུང་། གཞན་གཉིས་ནི་ཕྱོགས་སུ་གྱེས་ནས་རང་རང་གི་ཁྱིམ་གཞིས་བཟུང་། རྣམ་རྒྱལ་གྲགས་པ་ལ་སྲས་སྟག་ལ་དང་ལྷ་རྒྱས་གཉིས། ལྷ་རྒྱས་ལ་སྲས་གཉིས་བྱུང་བ་ནི་བསྟན་སྐྱོང་དང་སྟོབས་རྒྱས་གཉིས་ཡིན། གཏེར་སྟོན་ཁོང་གི་ཡབ་ནི་རྨ་རི་དཔོན་སྟོབས་རྒྱས་དང་ཡུམ་ནི་ཧོར་སྦྲ་ཆེན་བྲའོ་ཚང་གི་སྲས་མོ་གཉིས་ལས་ཧོར་གྱི་ས་ཆ་བྲ་ཆུང་ནང་དུ་སྐུ་འཁྲུངས་པ་ཡིན་ནོ། །
གཉིས་པ། ཁོང་གི་འཁྲུངས་འདས་ལོ་ཚིགས་སྐོར།
ལོ་རྒྱུས་མི་སྣ་ཞིག་ལ་མཚོན་ན་གང་དེའི་འཁྲུངས་འདས་ལོ་ཚིགས་ནི་ཧ་ཅང་གལ་ཆེ་བ་ཡིན་ནའང་། ཁོང་གི་སྐོར་འཁོད་པའི་ཡིག་ཆ་དག་ཏུ་ཁོང་གི་འཁྲུངས་འདས་ལོ་ཚིགས་དམིགས་བསལ་བཀོད་མེད། སྨོན་རྒྱལ་མཁྱེན་རབ་ནམ་མཁས་གཏེར་སྟོན་ཁོང་དུས་རབས་བཅོ་བརྒྱད་པའི་མཇུག་ཏུ་བྱོན་པར་བཤད[3]ཀྱང་། ཉག་གཏེར་སངས་སྔགས་གླིང་པའི་རང་རྣམ་དུ་ཁོང་རྣམ་གཉིས་རབ་བྱུང་བཅོ་ལྔ་པའི་ས་སྤྲེལ(༡༩༠༨)ལོར་རྨ་རི་རྫོང་དུ་མཇལ་འཕྲད་བྱུང་བ[4]གསལ་ཡོད་པ་མ་ཟད། འབྲེལ་ཡོད་གནས་ཚུལ་གཞན་དག་ལ་བརྟགས་ནའང་གཏེར་སྟོན་ཁོང་དུས་རབས་བཅོ་བརྒྱད་པའི་ནང་དུ་བྱོན་མེད་པ་ཤེས་ཐུབ། རྒྱལ་སྤྱིའི་བོད་རིགས་པའི་མཁས་དབང་ཆེན་མོ་མཁར་རྨེའུ་བསམ་གཏན་རྒྱལ་མཚན་ལགས་ནས་གཏེར་སྟོན་ཁོང་དུས་རབས་ཉི་ཤུ་པའི་དུས་སྟོད་དུ་བྱོན[5]ཞེས་གསུངས་པ་ལས་ཞིབ་ཕྲའི་ལོ་ཚིགས་བཀོད་མེད། འོ་ན་ཁོང་ག་དུས་འཁྲུངས་པ་ཡིན་ཟེར་ན། ཕྲན་རང་ཁོང་གི་འཁྲུངས་གཞིས་སུ་ཡུལ་དངོས་རྟོག་ཞིབ་བྱེད་དུས་ཁོང་གི་ཁྱིམ་རྒྱུད་འཛིན་མཁན་ཚེ་དབང་ཉི་མ་ལགས་ནས་གཏེར་སྟོན་ཁོང་གི་དགུང་སྙིང་ནི་ཆུ་བྱ་ཡིན་པ་བཤད་སོང་ལ། སྨོན་རྒྱལ་མཁྱེན་རབ་ནམ་མཁས་ཀྱང་དེ་བཞིན་བཀོད་འདུག གཞན་ཡང་ཁོང་གི་སྙན་རྒྱུད«དགོས་དོན་ཞེས་པའི་ལེའུ»ཞེས་པའི་མཇུག་བྱང་ལས“གནམ་ལོ་ཆུ་སྦྲུལ་ཟླ་བའི་དཀར་ཕྱོགས་བཟང་པོའི་དུས། ནང་གི་ཞིང་བཀོད་རྟེན་འབྲེལ་དགོས་པའི་དོན་ཆེན་འདི། མཁའ་འགྲོ་དཀར་མོ་མཛེས་པའི་རྒྱན་ཅན་གྱིས་བདག་ལ་བརྒྱུད་ནས། ཕྱི་རབས་དད་ལྡན་རྣམས་ལ་རྟེན་འབྲེལ་གྱི་གླེང་མོ་བརྗོད་དང་། ལས་འཕྲོ་ཅན་འགའ་ཡི་དོན་དུ་རྒྱས་པར་འགྱུར་ཞིང་། སངས་རྒྱས་བསྟན་དང་འགྲོ་བའི་དོན་ཀུན་འགྲུབ་པའི། རྟེན་འབྲེལ་ལེགས་ཚོགས་སུ་གྱུར་ཅིག་ཅེས་པ་འདི། ཕྲན་ཐོ་ཆོ་ཉི་མིང་བདག་གི་རང་ལོ་ཉེར་གཅིག་ཐོག་ནས་མགྱོགས་བྲིས་བགྱིས།”ཞེས་ཆུ་སྦྲུལ་ལོར་ཁོང་དགུང་ལོ་ཉེར་གཅིག་ལ་སླེབས་པ་གསལ་ཡོད་པས། ཏག་ཏག་ཁོང་གི་དགུང་སྙིང་ནི་ཆུ་བྱ་ཡིན་པ་འཁྲུལ་མེད་དུ་ཤེས་ཐུབ། འོ་ན་ཆུ་བྱ་འདི་རབ་བྱུང་གང་གི་ཡིན་ཟེར་ན། རབ་བྱུང་བཅུ་བཞི་པའི་ཆུ་བྱ་ནི་སྤྱི་ལོ༡༨༡༣ལོར་ཁེལ་བ་དང་། རབ་བྱུང་བཅོ་ལྔ་པའི་ཆུ་བྱ་ནི་སྤྱི་ལོ༡༨༧༣ལོར་ཁེལ་བ། རབ་བྱུང་བཅུ་དྲུག་པའི་ཆུ་བྱ་ནི་སྤྱི་ལོ༡༩༣༣ལོར་ཁེལ་ཡོད་པས། རབ་བྱུང་བཅུ་བཞི་པའི་ཆུ་བྱ་ལོར་བྱས་ན་སྔ་དྲག་པའི་སྐྱོན་དང་། རབ་བྱུང་བཅུ་དྲུག་པའི་ཆུ་བྱ་ལོར་བྱས་ན་འཕྱི་དྲག་པའི་སྐྱོན་འདུག་པས་རབ་བྱུང་བཅོ་ལྔ་པའི་ཆུ་བྱ་ལོ་སྟེ་སྤྱི་ལོ༡༨༧༣ལོར་འཁྲུངས་པ་ཤེས་ཐུབ། ཁོང་གི་འདས་ལོའི་ཐད་ཕྲན་ནས་ཡུལ་དེའི་རྒན་རབས་ཁྱུང་པོ་གཡུང་དྲུང་ཕུན་ཚོགས་ལ་བཅར་འདྲི(༢༠༢༦-༢-༡༤ཉིན)ཞུས་སྐབས། ཁོང་གིས་གསུངས་དོན་གཏེར་སྟོན་ཁོང་དགུང་ལོ་ཞེ་གཉིས་དང་ཞེ་བཞི་གང་རུང་ལས་མ་བཞུགས་པ་བཤད་སྲོལ་ཡོད་ཟེར། མིག་སྔར་འདི་ལས་གཞན་པའི་འདས་ལོའི་སྐོར་གྱི་གནས་ཚུལ་རྒྱུས་ལོན་མ་བྱུང་བས། འདི་ལྟར་ན་ཁོང་ནི་རབ་བྱུང་བཅོ་ལྔ་པའི་ཤིང་ཡོས(༡༩༡༥)ལོ་དང་རབ་བྱུང་བཅོ་ལྔ་པའི་མེ་སྦྲུལ(༡༩༡༧)ལོ་གཉིས་གང་རུང་ཞིག་ལ་སྐུ་གཤེགས་པར་སྙམ་མོ། །
གསུམ་པ། ཁོང་དང་གླིང་སྒྲུང་བར་གྱི་འབྲེལ་བ་གླེང་བ།
ཁོང་ནི་བླ་དཔོན་གཉིས་ཀྱི་གོ་གནས་གཅིག་ལྕོགས་སུ་མངའ་བ་ཕུད། གེ་སར་སྒྲུང་པ་གྲགས་ཅན་ཞིག་ཀྱང་ཡིན་ཏེ། མཁར་རྨེའུ་བསམ་གཏན་རྒྱལ་མཚན་ལགས་ཀྱིས་བརྩམས་པའི«མདའ་དང་འཕང»ལས“དབང་ཆེན་ཉི་མ་ནི་དམར་རོང་ཚོ་བའི་དཔོན་རྒྱུད་ཡིན་ལ་དུས་རབས་ཉི་ཤུ་པའི་དུས་སྟོད་དུ་བྱོན་པའི་གེ་སར་སྒྲུང་རྩོམ་པ་པོ་གྲགས་ཅན་ཞིག་རེད།”[6]ཅེས་གཏེར་སྟོན་ཁོང་ནི་གེ་སར་སྒྲུང་པ་གྲགས་ཅན་ཞིག་ཡིན་པ་གསུངས་ཡོད། གུས་པས་ཡུལ་དངོས་རྟོག་ཞིབ་བྱེད་དུས་ཡུལ་དེའི་རྒན་རབས་དག་གིས་ཟེར་ན། གཏེར་སྟོན་ཁོང་ལ་གེ་སར་གྱིས་རྒྱལ་ཁམས་བཅོ་བརྒྱད་བཏུལ་བའི་སྐོར་གྱི་སྒྲུང་ཡིག་པོ་ཏི་བཅོ་བརྒྱད་ཙམ་ཡོད་པ་བཤད་སྲོལ་ཡོད་ཟེར། སྒྲུང་ཡིག་དེ་དག་ཕལ་ཆེ་བ་དུས་ཀྱི་འགག་འཕྲང་དག་ནས་འཐོར་ཞིག་སོང་བ་དང་། ལྷག་འཕྲོ་ཁ་ཤས་ཡོད་པར་བཤད་ཀྱང་ཕྲན་གྱི་ལག་ཏུ་མ་སོན། ཁོང་གིས་གེ་སར་དང་འབྲེལ་བའི་ཕྱག་ལས་གང་འདྲ་གནང་ཡོད་མེད་ནི་ཁྱུང་པོ་གཡུང་དྲུང་ཕུན་ཚོགས་ཀྱིས་བརྩམས་པའི«རྨ་རི་དཔོན་སྡེ་དགོན་གསུམ་གྱི་ལོ་རྒྱུས་མེས་པོའི་ཞལ་ལུང»ཞེས་པ་ལས་ཚན་པ་ཞིག་དྲངས་ན། “ལྷ་ཁང་དེའི་ཤར་ངོས་སུ་རྨ་རི་སྟོབས་རྗེས་དང་དབང་ཆེན་ཉི་མ་ཡབ་སྲས་དུས་སུ་བཞེངས་པ་གེ་སར་ལྷ་ཁང་ཀ་བ་བཅུ་གཉིས་ཅན་གྱི་ནང་དུ་འགུ་རུ་མཚན་བརྒྱད་དང་། གེ་སར་རྟ་ལ་ཆིབས་པ། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། ལྷ་ལྕམ་མན་དྷ་ར་བ། མ་ནེ་ནེ། ལྷ་ཚངས་པ། རྨ་རྒྱལ་པོམ་ར། སྒྲོལ་མ་དཀར་མོ། སེང་ལྕམ་འབྲུག་མོ་བཅས་ཀྱི་སྐུ་བརྙན། ད་དུང་སྐུ་འདྲ་མང་ཡང་རེ་རེ་ནས་མིང་མ་ཤེས། དཔེ་ཆ་ལ་གེ་སར་བན་བོན་གཉིས་ཀའི་ལུགས་སོ་སོར་བཅའ་ཐབས་དང་། ལྷ་བྲོ་འཁྲབ་བྱེད། སྒྲུང་ཡིག་བཅས་པོ་ཏི་མང་པོ་དང་། གླིང་དཔའ་ཐུལ་རྣམས་ཀྱི་ཞལ་འབག་མང་པོ་ཡོད། གཞན་རྫོང་དགོན་གཉིས་ཀྱི་ཕྱི་རུ་གེ་སར་མི་རྟ་ཆ་གཅིག་དང་། དཔའ་མཁར་གཅིག་གི་ནང་དུ་མཛེ་ནད་དམ་ལ་བཏགས་ཤིང་བཀའ་གཏད་ཡོད”[7]ཅེས་གསལ་བ་དག་ལ་བལྟས་ན་རྟོགས་ཐུབ། གཞན་ཡང་ཁོང་གིས་ཕྱག་བཟོ་གནང་བའི་ཇོ་རུའི་སྐུ་བརྙན་ཞིག་ད་ལྟ་ཅོང་རི་དགོན[8]དུ་བཞུགས་ཡོད་འདུག
བོན་གྱི་བླ་མ་དག་གི་ཁྲོད་དུ་གེ་སར་ལ་འབྲེལ་བ་དམ་ཟབ་ཡོད་པའམ། གེ་སར་ལ་དམིགས་བསལ་གྱིས་དད་གུས་གནང་མཁན་ནི་ལོ་རྒྱུས་ཐོག་ཅུང་མཐོང་དཀོན་པོར་ཆགས་ཡོད། དེ་ནི་གེ་སར་སྒྲུང་ཡིག་ནང་དུ་དྲང་ལྡོག་གི་མི་སྣ་གཉིས་ལས་ཁྲོ་ཐུང་ནི་ལྡོག་ཕྱོགས་ཀྱི་མི་སྣ་གཙོ་བོ་རུ་བཀོད་པ་དང་། དེའི་ཆོས་ལུགས་ནི་བོན་ཆོས་ཡིན་པ། ཧོར་སོགས་དགྲ་ཕྱོགས་ཀྱི་ཆོས་ལུགས་ཀྱང་བོན་གྱི་རིགས་སུ་གཏོགས་པ་ཡིན་པར་བཤད་པ་སོགས་མདོར་ན་དངོས་ཤུགས་བརྒྱུད་གསུམ་ནས་བོན་ལ་ངན་སྨོད་སྣ་ཚོགས་བྱས་ཡོད་པ་དག་དང་འབྲེལ་བ་དམ་ཟབ་ཡོད་སྙམ། ཡིན་ནའང་། ཁོང་གིས་གེ་སར་ལ་དམིགས་བསལ་གྱིས་དད་གུས་གནང་དགོས་དོན་གང་ཡིན་ཐད་ལ་ང་ཚོས་བསམ་གཞིག་མ་བྱས་རང་བྱས་ཆགས་ཡོད། གུས་པས་བསམ་ན་དེ་ནི་ཁོང་གི་མི་རྒྱུད་དེ་གླིང་གི་རྒྱུད་ལས་གྲོལ་བ་དང་། མེས་པོ་དག་རྨ་ཡུལ་མགོ་ལོག་ནས་ཡོང་བ། ཁོང་ནི་སྤྱི་དཔོན་གྱི་བུ་སྣང་ངུ་གཡུ་སྟག་གི་སྐྱེ་བ་ཡིན་པར་བཤད་པ་སོགས་དང་འབྲེལ་བ་ཡོད་སྙམ། སྤྱིར་ན་ཡུལ་ཁམས་འདིའི་ཕྱོགས་སུ་གླིང་རུ་ཞེས་པའི་རུས་རྒྱུད་འཛིན་མཁན་མང་པོ་ཞིག་འདུག་ལ། དེ་དག་མང་པོ་ཞིག་གིས་རང་ཉིད་གླིང་གི་མི་རྒྱུད་ལས་གྲོལ་བ་ཡིན་པར་འདོད་པ་དང་། དུད་ཁྱིམ་ཁ་ཤས་ཀྱིས་རང་ཁྱིམ་དུ་གླིང་གེ་སར་དང་དཔའ་ཐུལ་དག་གི་ལྡེབས་རིས་ཀྱང་བཞེངས་འདུག ཁོ་ཚོས་དམིགས་བསལ་གླིང་སྒྲུང་ལ་དགའ་མོས་དང་དད་གུས་བྱེད་བཞིན་ཡོད་པ་རེད་འདུག གཏེར་སྟོན་ཁོང་གིས་ཀྱང་རྒྱུ་མཚན་དང་དགོས་དམིགས་འདི་དག་གིས་གེ་སར་ལ་ཐུགས་སྣང་བླ་ལྷག་གནང་ཡོད་པ་ཤེས་ཐུབ་བོ། །
བཞི་པ། ཁོང་དང་གནམ་ཐེའུ་བར་གྱི་འབྲེལ་བ།
གནམ་ཐེའུ་ནི་ཐེའུ་རང་གི་རིགས་སུ་གཏོགས་ཤིང་། གེ་སར་སྒྲུང་གི་ནང་དུ་ཧོར་གྱིས་གསོལ་བའི་ལྷ་ཞིག་ཡིན། དེའང་གནམ་ཐེའུ་བར་ཐེའུ་ས་ཐེའུ་ཞེས་གནམ་ས་བར་གསུམ་ལ་དབང་བྱེད་པའི་ལྷ་གསུམ་ཡོད་པར་བཤད་ལ། «ཧོར་གྱི་རྒྱལ་རབས་ཉི་ཟེར་དོན་འདུས་དྲ་བ»ལས་ཧོར་གྱི་རྒྱལ་རྒྱུད་རྣམས་ཀྱི་ཐོག་མའི་གྲོལ་ཁུངས་ནི་ལྷ་འདི་དག་ཡིན་པ་བཤད་ཡོད། དུས་རབས་བཅོ་ལྔ་པའི་གཡས་གཡོན་དུ་ཧོར་ཐོར་པ་སྐྱ་བདུན་ཞེས་པ་བོད་བྱང་ཐང་གི་རྒྱུད་དུ་ཡོང་སྟེ་གཞིས་ཆགས་པ་དང་། སྔར་སོག་ཧྲུག་ལྷ་བྱང་དུ་གྲགས་པ་དང་། དེང་གི་ནག་ཆུ་གསེར་རྙེད་ཁུལ་སྟག་གསར་ཤང་གི་ཕྱོགས་སུ་ག་ཕ་དང་ག་མ་ཟེར་བའི་གངས་རི་གཉིས་ཡོད་པ་དང་། དེ་གཉིས་ནི་གནམ་ཐེའུ་དཀར་པོའི་བླ་རི་ཡིན་ཞིང་། ཡུལ་དེའི་མི་རྣམས་ཀྱིས་མཆོད་བསྟོད་བྱེད་སྲོལ་ཡོད་པ་དང་། “༡༩༥༩ལོའི་གོང་བར་ལྷ་སའི་ཧོར་ཁང་དང་རྒྱ་མ་ཁྲི་ཁང་དུ་གནམ་ཐེའུ་དགོན་ཁང་ཡོད་པ་དང་། ཧོར་ཁང་གི་ཐོག་མའི་རྒྱུད་པ་སོག་རྒྱུད་ནས་ད་བར་མི་ལོ་བདུན་བརྒྱ་ཙམ་འགྲོ་གི་ཡོད་པ་དང་། ད་ལྟའི་བར་ཧོར་ཁང་གི་རྒྱུད་པ་རྣམས་ཀྱིས་གནམ་ཐེའུ་དཀར་པོ་དེ་རང་གི་སྐྱེས་ལྷར་བརྩིས་ནས་གསོལ་དང་གསོལ་བཞིན་པ་ཡིན།”[9] གཞན་ཡང་མཁར་རྨེའུ་བསམ་གཏན་ལགས་ཀྱི«མདའ་དང་འཕང»གི་ནང་དུའང་གནམ་ཐེའུ་སྐོར་འཁོད་འདུག སྐབས་འདིར་གླེང་བར་བྱ་བ་ནི་གཏེར་སྟོན་ཁོང་དང་གནམ་ཐེའུ་བར་གྱི་འབྲེལ་བ་དེ་རེད། ཁོང་གི་གཏེར་སྙན་དག་གི་ཁྲོད་དུ་གནམ་ཐེའུ་གྱི་སྒྲུབ་གཞུང་ཆ་ཚང་ཞིག་བཞུགས་འདུག་ལ། གནམ་ཐེའུ་ནི་ཁོང་གི་སྒེར་སྲུང་ཡིན་པའི་སྐོར་གྱི་གནས་ཚུལ་ཡང་འབྲེལ་ཡོད་ཡིག་ཆར[10]གསལ་འདུག ཁོང་དང་གནམ་ཐེའུ་བར་འབྲེལ་བ་ཡོང་དོན་ནི་ཁོང་གི་ཡབ་དང་འབྲེལ་བ་ཡོད་དེ། ཁོང་གི་ཡབ་རྨ་རི་སྟོབས་རྒྱས་སམ་སྟོང་དཔོན་རྡོར་དགའ་ནི་གཞོན་དུས་ནས་ཧོར་སྤྱི་ཁྱབ་ཀྱིས་ཧོར་ཡུལ་དུ་ཁྲིད་དེ་འགྲམ་དུ་ཉར་བ་དང་། ཁོང་གིས་ཧོར་སྤྱི་ཚང་ནས་ཐོག་མར་གསོལ་དཔོན་བྱས་པ་དང་རིམ་བཞིན་དམག་དཔོན་དང་བློན་ཆེན་གྱི་འགན་བཞེས་ཤིང་། གལ་ཆེའི་དམག་འཁྲུག་མང་པོ་ཞིག་གི་ནང་དུ་བྱས་རྗེས་བཞག་ཡོད་དེ། ཧོར་སྲས་གཡུང་དྲུང་རྒྱལ་བས་བརྩམས་པའི«ཧོར་གྱི་རྒྱལ་རབས»ལས“སྤྱི་ལོ༡༨༥༥ལོར་གོར་དམག་གིས་བོད་ལ་བཙན་འཛུལ་སྐབས། བོད་སྡོད་ཨམ་བན་གྱིས་བསྐུལ་བ་ལྟར་ཧོར་ཚོའི་དམག་ཆིག་སྟོང་དམག་དཔོན་ཧོར་སྤྱི་ཁྱབ་ཀྱི་སྐུ་ཚབ་སྟོང་དཔོན་རྡོར་དགའ་བཏང་བ་དང་། ཁོ་ཚོས་གོར་དམག་ཚར་གཅོད་ཀྱི་བྱས་རྗེས་བཞག་པར་ཧོར་སྤྱི་ཁྱབ་ལ་བྱུ་རུའི་ཏོག་ཆུ་མིག་བཅུ་གསུམ། རྨ་བྱའི་ལྡེམ་སྒྲོ་ཐིག་དྲུག་སྐོར་ཟེར་བ་དང་། སྟོང་དཔོན་རང་ཉིད་ལ་དྭངས་ཤེལ་མུ་མེན་གྱི་ཏོག་དང་། ཨོ་རོག་གི་ལྡེམ་སོགས་གཟིགས་གསོས་བསྩལ།”[11]ཞེས་རབ་བྱུང་བཅུ་བཞིའི་ཤིང་ཡོས(༡༨༥༥)ལོར་གོར་བོད་དམག་འཁྲུག་སྐབས་བྱས་རྗེས་བཞག་པ་དང་། མགོ་ལོག་སྒར་ཆེན་གྱི་དམག་དཔུང་ཧོར་ཚོའི་ཡུལ་དུ་སླེབས་སྐབས་ཁོང་གིས་དམག་དཔོན་བྱས་ནས་འདམ་དཀྱིལ་རུའི་ས་གནས་སུ་དགྲ་དམག་ཕམ་པར་བྱས་ཤིང་། སྐབས་དེར་ཁོང་ལ་གནམ་ཐེའུ་དཀར་པོས་དངོས་སུ་སྡོང་གྲོགས་མཛད་པ་སོགས་ཀྱི་གཏམ་རྒྱུད་དེང་གི་ཆར་ཡང་དམངས་ཁྲོད་དུ་མ་ཉམས་པར་གནས་ཡོད། གང་ལྟར་དུས་སྐབས་དེ་ནས་བཟུང་ཁོང་དང་ཁོང་གི་ཁྱིམ་རྒྱུད་ཀྱིས་གནམ་ཐེའུ་ལ་དད་གུས་དང་མཆོད་བསྟོད་བྱེད་པའི་སྲོལ་ཆགས་འདུག དེའི་ཤུགས་རྐྱེན་གྱིས་ཁོང་གི་སྲས་གཏེར་སྟོན་ཉི་མ་གྲགས་པས་ཀྱང་གནམ་ཐེའུ་གྱི་སྒྲུབ་སྐོར་ཕབ་པ་སོགས་ཀྱི་ཕྱག་ལས་བསྐྱངས་གནང་འདུག་གོ །
ལྔ་པ། ཁོང་གི་མཛད་པ་ཁ་ཤས་གླེང་བ།
ཁོང་གི་མཛད་པ་གཙོ་བོ་ཞིག་ནི་གེ་སར་ལྷ་ཁང་ཀ་བ་བཅུ་གཉིས་ཅན་ཕྱི་ནང་རྟེན་དང་བརྟེན་པ་བཅས་བཞེངས་སུ་གསོལ་ཞིང་། དགུང་ལོ་ཉེར་ལྔ་གཡས་གཡོན་ནས་གཡུང་དྲུང་བོན་གྱི་བཀའ་དང་བཀའ་བརྟེན་གཉིས་གསར་བཞེངས་གནང་བའི་འགོ་བཙུགས་པ་དང་། ལོ་ཤས་རྗེས་ནས་དངོས་སུ་བཞེངས་གྲུབ་པ་དང་རྨ་རི་རྫོང་གི་ལྷ་ཁང་འོག་མ་ནང་དུ་བཞུགས་སུ་གསོལ་བ་དེ་རེད། གཞན་ཡང་གཏེར་སྙན་མང་པོ་ཞིག་ཕབ་པ་དང་གསར་རྩོམ་མཛད་པ་སོགས་དུས་དང་བསྟུན་པའི་མཛད་པ་དུ་མ་བསྐྱངས་ཡོད་པ་བཅས་རེད།
དྲུག་པ། ཁོང་གི་ལྟ་བ་གླེང་བ།
དུས་རབས་འདིའི་གཡས་གཡོན་དུ་མདོ་ཁམས་ཕྱོགས་སུ་གྲུབ་མཐའ་རིས་མེད་ཀྱི་ལྟ་བ་ཤུགས་ཆེར་དར་བ་ཡིན་ལ། ལྟ་བ་དེ་བོན་ཕྱོགས་ཀྱི་བླ་མ་མང་པོ་ཞིག་གིས་དང་ལེན་བྱས་ཡོད། ཁོང་ཡང་དེ་དག་དང་འདྲ་བར་གྲུབ་མཐའ་རིས་མེད་ཀྱི་ལྟ་བ་འཛིན་མཁན་ཞིག་རེད། ལྟ་བ་དེ་ཁོང་གི་བརྩམས་ཆོས་དག་གི་ཁྲོད་ནས་མངོན་འདུག་སྟེ། «འཆི་མེད་ཡབ་སྲས་གསུམ་གྱི་མཇལ་སྣང»ཞེས་པ་ལས“བོན་མ་སྐྱུར་ཆོས་ཡང་མ་བོར་ཞིང་། ཀུན་རིས་མེད་སྙིང་ནས་གསོལ་བ་ཐོབ།”[12]ཞེས་གསལ་ཡོད། གཞན་ཡང་ཁོང་ནི་བོན་གསར་མ་ལ་དད་གུས་གནང་མཁན་ཞིག་རེད་འདུག་ལ། བོན་གསར་མས་དྲན་པ་ཡབ་སྲས་གསུམ་ལ་དད་གུས་དམིགས་བསལ་བྱེད་པ་ཡིན་པས། ཁོང་གི་གཏེར་སྙན་དག་གི་ཁྲོད་དུ་དེ་འབྲེལ་གྱི་ནང་དོན་མང་པོ་འཁོད་འདུག ཁོང་ནི་དྲན་པ་ཡབ་སྲས་གསུམ་ལས་པདྨ་མཐོང་གྲོལ་གྱིས་བྱིན་གྱི་བརླབས་པ་ཡིན་ཚུལ་ཉག་གཏེར་གསང་སྔགས་གླིང་པ(༡༨༦༤-༡༩༣༤)དང་ག་ཤེལ་གཡུང་དྲུང་རྒྱལ་མཚན(༡༨༩༣-༡༩༥༤)གཉིས་ཀྱིས་བཞེད་ཡོད། བོན་གསར་མའི་བླ་མ་མང་པོ་ཞིག་ལ་དམིགས་བསལ་གྱི་ཁྱད་ཆོས་ཤིག་བདོག་པ་ནི་གྲུབ་མཐའ་རིས་མེད་ཀྱི་ལྟ་བ་རྒྱུན་སྐྱོང་པ་དེ་རེད་འདུག ཁོང་གི་རིས་མེད་ལྟ་བ་འདིའི་འབྱུང་རྐྱེན་ནི་གཅིག་ནས་ཁོང་གི་མི་རྒྱུད་དེ་རྨ་ཡུལ་ནས་མཆེད་པ་དང་། གེ་སར་དང་རྙིང་མའི་གྲུབ་མཐའི་བར་འབྲེལ་བ་དམ་ཟབ་ཡོད་པ། གཉིས་ནས་སྐབས་དེའི་མདོ་ཁམས་ཀྱི་དར་སྲོལ་དང་རིག་གནས་མཁའ་དབུགས། སྒོས་སུ་ཁམས་ཁྱུང་ཡུལ་གྱི་བོན་གསར་མར་དད་པའི་དགོན་སྡེ་དང་བླ་མ་ཁག་གི་ཤུགས་རྐྱེན་དང་འབྲེལ་བ་ཡོད་པ་བསྙོན་དུ་མེད། གསུམ་ནས་ཁོང་གི་བླ་མ་དང་འབྲེལ་བ་ཡོད་ཤས་ཆེ། ཡིན་ནའང་ཁོང་གི་བླ་མ་སུ་ཞིག་ཡིན་མིན་ད་དུང་གསལ་པོ་ཞིག་རྟོགས་ཐུབ་མེད། ཁོང་གི་བརྩམས་ཆོས་ཁྲོད་ནས་མངོན་པ་ལྟར་ན། ཁོང་གིས་སྒོ་རིགས་རྒྱལ་མཚན་ནོར་བུ་ཞེས་པའི་བླ་མ་ཞིག་ལ་དད་གུས་དང་གདེང་འཇོག་གནང་བ་ཤེས་ཐུབ། ཡིན་ནའང་བླ་མ་འདི་ཡང་སྙིང་སུ་ཞིག་ཡིན་མིན་རྟོགས་དཀའ་བར་འདུག དུས་སྐབས་འདིར་ཡུལ་ཁམས་འདིའི་གཡས་གཡོན་དུ་སྒོ་རིགས་ཀྱི་བླ་མ་ཞིག་བྱུང་བ་ནི་ག་རྒྱ་ཁྱུང་སྤྲུལ་འཇིགས་མེད་ནམ་མཁའི་རྡོ་རྗེ(༡༨༩༧-༡༩༥༥)ལགས་ཀྱི་བླ་མ་སྒོ་རིགས་ཉི་མ་རྒྱལ་མཚན་ཞུ་བ་དེ་རེད། ཁོང་ནི་ཁམས་སྡེ་དགེ་ལྷ་ཐོག་ཏུ་མེ་གླང་ལོར་འཁྲུངས་ཤིང་མདོ་ཁམས་སྟོད་དུ་ཡོང་བ་དང་། ཀླུ་ཕུག་དགོན་གྱི་བླ་མ་མཛད་དེ་ཧོར་ཡུལ་དེང་གི་སྦྲ་ཆེན་དུ་བཞུགས་པ་རེད་འདུག གཞན་ཡང་ག་ཤེལ་གཡུང་དྲུང་རྒྱལ་མཚན་ལགས་ཀྱིས་བརྩམས་པའི«གཏེར་ཆེན་ཉི་མ་གྲགས་པའི་སྐུ་ཕྲེང་སྐྱེས་རབས་གསོལ་འདེབས་མུ་ཏིག་ཕྲེང་བ»ཞེས་པ་ལས“དེ་ཡང་བདེ་ཆེན་གླིང་པའི་དྲུང་། །དཀར་གསལ་འཕྲུལ་གྱི་དཔེ་བྱང་འཛིན། །མཁན་ཞུ་སྒོམ་ཐག་སེ་རལ་ཁ། །གསང་གོས་ཤམ་ཐབས་ལེགས་པར་བཀླུབས། །”[13]ཞེས་བདེ་ཆེན་གླིང་པ་བླ་མར་བསྟེན་པ་གསལ་ཡོད། སྐབས་འདིའི་བདེ་ཆེན་གླིང་པ་དེ་ཁམས་སྡེ་དགེར་འཁྲུངས་པའི་གཏེར་སྟོན་བདེ་ཆེན་གླིང་པ(༡༨༣༣-༡༩༦༢)་ཡིན་ནམ་ཡང་ན་གཞན་ཞིག་ཡིན། གཏེར་སྟོན་བདེ་ཆེན་གླིང་པ་ཡིན་ན་ཁོང་འཁྲུངས་དུས་བདེ་ཆེན་གླིང་པ་དགུང་ལོ་བཞི་བཅུར་ཕེབས་ཚར་འདུག་པས་ཁོང་རྣམ་གཉིས་མཇལ་འཕྲད་བྱུང་ཡོད་མེད་སོགས་ནི་དོགས་གཞི་ཡིན། གང་ལྟར་ཀྱང་ཁོང་དང་བདེ་ཆེན་གླིང་པའི་བར་ལ་འདྲ་བའི་ཆ་མང་པོ་ཞིག་འདུག་སྟེ། གྲུབ་མཐའ་རིས་མེད་ཀྱི་ལྟ་བ་འཛིན་པ། གེ་སར་ལ་དད་གུས་བྱེད་པ། སྤུ་རྒྱལ་གནས་ཡིག་མཛད་པ་སོགས་རེད། འདི་ལྟར་བསམ་ན་གཏེར་སྟོན་བདེ་ཆེན་གླིང་པས་ཁོང་ལ་ཤུགས་རྐྱེན་ཐེབས་ཡོད་པ་ནི་བསྙོན་དུ་མེད་དོ། །
བདུན་པ། ཁོང་གི་གཏེར་སྙན་དང་བརྩམས་ཆོས།
ཁོང་གི་གཏེར་སྙན་སྐོར་མིག་སྔར་མཐོང་ལམ་གྱུར་པ་རྣམས་བཀོད་ན། ༡ སྤུ་རྒྱལ་གཡུང་དྲུང་ལྷ་དབང་གི་སྒྲུབ་སྐོར། འདི་ལ་ལེའུ་བཅུ་དྲུག་བཞུགས་ཡོད། ༢ སྐྱེས་བུ་གནམ་ཐེའུ་སྒྲུབ་ཐབས། འདི་ལ་ལེའུ་སུམ་ཅུ་སོ་གསུམ་ཡོད། ༣ རྩ་གསུམ་དཀོན་མཆོག་རྒྱལ་འདུས་འཆི་མེད་ཡབ་སྲས་རྣམ་གསུམ་མཇལ་སྣང་དོན་གྱི་སྙིང་ཐིག་བཞུགས་སོ། ། ༤ སྤུ་རྒྱལ་གནས་ཀྱི་ལོ་རྒྱུས་ཡང་བསྡུས་ཟུར་ཙམ་བཀོད་པ། ༥ གུ་རུའི་གསང་ལུང་སྡེ་དགུ་ལས་སྒོས་ཁྱད་ཡང་ལུང་རིག་པའི་ལྡེ་མིག ༦ གུ་རུའི་ཞལ་ལུང་དོན་གྱི་གནད་འཕྲིན། ༧ ཡུལ་དབང་གཏེར་བདག་གཡུང་དྲུང་ལྷ་རྩེའི་ནོར་སྒྲུབ་འདོད་དགུའི་ལྷུན་གྲུབ་རིན་ཆེན་དཔལ་གཏེར་བཞུགས། ༨ མཁའ་འགྲོ་ཐུགས་རྗེ་ཀུན་གྲོལ་གྱི་ཞལ་གདམ། ༩ ལྡོང་གི་སྒྲ་ལྷ་ཡུལ་བདག་རྨར་ཟེ་གྲ་དམར་མཆེད་དགུའི་གསོལ་མཆོད་བརྔན་བསྡུས་བསྟན་པ་རྒྱས་བྱེད་བཞུགས། ༡༠ དགོས་དོན་ཞེས་པའི་ལེའུ། ༡༡ སྨོན་ལམ་ཐུགས་རྗེ་མྱུར་གཟིགས། ༡༢ གསོལ་འདེབས་བསམ་པ་ལྷུན་གྲུབ། ༡༣ མཁའ་འགྲོ་ཐུགས་རྗེ་ཀུན་གྲོལ་གྱི་ཞལ་གདམ་སྙིང་གི་ཐིག་ལེ་བཞུགས་བཅས་སོ། །ད་དུང་ཁོང་གིས་ཁུ་བྱུག་དགུ་མདོས་དང་། སྐྱ་ཁྲའི་དགུ་མདོས། གླག་གི་དགུ་མདོས། སྤྱང་ཀིའི་དགུ་མདོས་སོགས་མདོས་ཆོག་མང་པོ་ཞིག་མཛད་ཡོད་པར་གྲགས། ཁོང་གི་རྫས་གཏེར་ལ་ནོར་བུ་ཡང་རྒྱལ་འབྲུག་སླག་ཟེར་བ་སོགས་བཞུགས་ཤིང་། མོ་འདྲེ་དམ་ལ་བཏགས་པའི་རྟགས་སུ་བཞག་པའི་གྲི་མདུད་སོགས་ད་ལྟ་མཇལ་ཡུལ་དུ་བཞུགས་ཡོད་དོ། །
ཞེས་བོན་གཤེན་དར་ལྷ་ནས་དཔྱད་གཞི་མཁོ་འདོན་དང་ཡུལ་དངོས་རྟོག་ཞིབ་སྐབས་རོགས་རམ་གནང་བ། གཏེར་སྟོན་ཁོང་གི་འཁྲུངས་གཞིས་སུ་བཞུགས་པའི་བོན་གཤེན་ཚེ་དབང་ཉི་མ་དང་། རྒན་རབས་ཁྱུང་པོ་གཡུང་དྲུང་ཕུན་ཚོགས་བཅས་ཀྱི་མཐུན་སྦྱོར་དང་རོགས་རམ་འོག་ཏུ་ཕྲན་དགེ་བཤེས་གཙུག་གཤེན་རྒྱལ་མཚན་གྱིས་རབ་བྱུང་བཅུ་བདུན་པའི་མེ་རྟ(༢༠༢༦-༣-༦)ལོར་གྱིམ་ཤོད་ཤེལ་བྲག་དགའ་ཚལ་དུ་མཇུག་རྫོགས་པར་བྲིས་པ་ལགས་སོ། །
དཔྱད་གཞི་དང་མཆན་ཡིག
[1] འདི་ལ་རྨ་རུ་དང་རྨ་རི་དམར་རུ་བཅས་སྣ་ཚོགས་སུ་བྲིས་པ་འདུག་ཀྱང་། ཡུལ་དེའི་རྒན་རབས་དང་ཤེས་ལྡན་མི་སྣ་དག་གིས་རྨ་རི་ཞེས་བྲིས་ན་འོས་ཤིང་འཚམ་པའི་བསམ་ཚུལ་བཏོན་འདུག་པས་རྩོམ་འདིར་དེ་ལྟར་བཀོལ་སྤྱོད་བྱས་ཡོད།
[2] ཁྲི་རྡོ་རྫོང་ལ་ལྷོ་པ་ཤོག་དྲུག་ཅེས་པའི་ཚོ་བ་མི་འདྲ་བ་དྲུག་ཡོད། དེ་དག་ནི་རྨ་རི་དང་། ཁྲོམ་ཚང་། རྨ་རོང་། ཉིན་ཐ། སྲིབ་ཐ། ཉིན་མོ་བཅས་ཡིན།
[3] སྨོན་རྒྱལ་མཁྱེན་རབ་ནམ་མཁའ། ཁྱུང་པོ་སྟེང་ཆེན་དེབ་གསུམ་པ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༢༠ལོར། ཤ༢༧༩
[4] སོག་སྡེ་བསྟན་པའི་ཉི་མ། འགྲོ་འདུལ་བསྟན་གཉིས་གསང་སྔགས་གླིང་པའི་སྐྱེ་གནས་བར་དོའི་རྣམ་པར་ཐར་པ་བརྗོད་པ་སྒྱུ་མའི་འཁྲུལ་འཁོར་བཞུགས་སོ། །གཡུང་དྲུང་བོན་གྱི་བཀའ་བརྟེན་ཆེན་མོ། པོད་གཟུགས་དཔར་མ། ཤ༧༣༡ལས“དེ་ནས་གསེར་ཞོལ་ཐང་དུ་ཕྱིན་ཚེ། རང་གི་ཉམས་སྣང་དུ་པདྨ་འབྱུང་གནས་ཀྱིས་བྱིན་གྱིས་རླབས་པའི་སྐྱེས་བུ་ཞིག་འཕྲད་སྣང་བྱུང་བ་དང་འབྲེལ་བའི་རྨ་རི་དཔོན་དབང་ཆེན་ཉི་མ་ནས་ཐང་ཆེན་ཞིག་ལ། སྐུ་རྟེན་བྱམས་མ། གསུང་རྟེན་བྱམས་མ་སྔགས་བསྟོད། ཐུགས་རྟེན་ཤེལ་བུམ། ཡོན་ཏན་འཕྲིན་ལས་རྟེན་མེ་ཏོག་འབྲུ་སྣ་རིན་འཁོར་དར་གསུང་བྲིས་བཅས་འབྱོར་བྱུང་བ་ལས་གཏེར་གྲོགས་ཟུང་ལྡན་ཆིབས་བསྒྱུར་དགོས་ཀྱི་གདན་དྲངས་བྱུང་བ་ལས་རྟེན་འབྲེལ་ལེགས་པ་རུ་མཐོང་བྱུང་།”ཞེས་དང་། ཤ༧༣༣ལས“ཕྱི་ཉིན་དུ་རྨ་རི་དཔོན་ཚང་དུ་གདན་དྲངས་བྱུང་བ་ལྟར་ཕྱིན་པ་རོལ་མོ་དང་བསུ་བ་ལེགས་པ་བྱས་ནས་ཕོ་བྲང་དུ་སོང་། གྲུབ་པའི་གཏེར་བདག་འཆི་མེད་པདྨ་དབང་ཆེན་ཉི་མ་ནས་དུས་ཀྱི་བསྐལ་ཁུག་གསོ་བའི་དཔའ་བོ་ཉིད་འགྲོ་འདུལ་ཕྲིན་ལས་ཕེབས་པ་བཀའ་དྲིན་ཆེ་བ་སོགས་ཀྱིས་བཟང་བསྟོད། དེ་ནས་ཚེ་སྒྲུབ་ཚེ་དབང་རྟེན་མཇལ་སོགས་ཐུགས་ཡིད་རང་བ་བྱེད། ཚུལ་ལའང་གཏེར་གསར་སྐོར་དབང་ལུང་དང་གླིང་རྗེ་གེ་སར་བཀའ་བབ་ཡིད་བཞིན་ནོར་བུ་སོགས་ནོར་བུའི་རིགས་བྱེད་མང་པོ་བཞུགས་པས་རྟེན་མཇལ་སོགས་གནང་བྱུང་། ཕྱི་ནང་གསང་བའི་གདམས་པ་ཟབ་རྒྱས་ཅན་དང་ཕྱི་ནང་གསང་བའི་གླེང་སློང་བྱེད་ནས་ཐུགས་ཡིད་གཅིག་འདྲེས་སུ་གྱུར། ཟབ་གཏེར་ཐོབ་པའི་འགྲོ་འདུལ་གཏེར་ཆེན་དུ་ཡིད་ཆེས། བདག་གི་གཏེར་གསར་སྐོར་ཚང་མ་བཞེངས་རྒྱུ་ཡིན་གསུངས་པས་ལུང་ཟིན་དུ་མཐོང་། འབུལ་བ་རྟེན་སོགས་གནང་སྦྱིན་ཡང་རྒྱ་ཆེ་བྱུང་།”ཞེས་གསལ་ཡོད།
[5] མཁར་རྨེའུ་བསམ་གཏན་རྒྱལ་མཚན། བདེ་ཁང་བསོད་ནམས་ཆོས་རྒྱལ་གྱིས་དབྱིན་ཡིག་ནས་བོད་ཡིག་ཏུ་བསྒྱུར། མདའ་དང་འཕང་། སྨད་ཆ། ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༢༢ལོར། ཤ༨༤གསལ།
[6] མཁར་རྨེའུ་བསམ་གཏན་རྒྱལ་མཚན། བདེ་ཁང་བསོད་ནམས་ཆོས་རྒྱལ་གྱིས་དབྱིན་ཡིག་ནས་བོད་ཡིག་ཏུ་བསྒྱུར། མདའ་དང་འཕང་། སྨད་ཆ། ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༢༢ལོར། ཤ༨༤གསལ། འདིར་ཁོང་གི་མ་རྩོམ་ནང་ནོར་བ་ཡིན་ནམ། ཡང་ན་བསྒྱུར་དུས་ནོར་བ་གང་ཡིན་མི་ཤེས་མོད། གཏེར་སྟོན་ཁོང་དམར་རོང་ཚོ་བའི་དཔོན་རྒྱུད་ཡིན་པར་བཀོད་པ་ནི་རྨ་རོང་དང་རྨ་རི་ནོར་བས་ཡིན། འདི་གཉིས་ཚོ་བ་མི་འདྲ་བ་གཉིས་ཡིན་ལ། གཏེར་སྟོན་ཁོང་ནི་རྨ་རི་ཚོ་བའི་དཔོན་རྒྱུད་དུ་སྐྱེས་པ་ཡིན།
[7] ཁྱུང་པོ་གཡུང་དྲུང་ཕུན་ཚོགས། རྨ་རི་དཔོན་སྡེ་དགོན་གསུམ་གྱི་ལོ་རྒྱུས་མེས་པོའི་ཞལ་ལུང་། སྤུ་རྒྱལ་ཤེས་རིག་དཔྱད་གླེང་། ཤ༥༧གསལ།
[8] ཁྱུང་པོ་སྟེང་ཆེན་རྫོང་ག་ངས་ཤང་གི་ཁོངས་སུ་ཡོད་པའི་བོན་དགོན་ཞིག་ཡིན།
[9] ཧོར་ཁང་བྱམས་པ་བསྟན་དར། སྒེར་ཧོར་ཁང་གསར་མི་རྒྱུད་རིམ་བྱུང་གི་ལོ་རྒྱུས་རགས་བསྡུས་དང་ཧོར་ཁང་མི་ཐོག་བཅུ་གསུམ་པ་བྱམས་པ་བསྟན་དར་རང་ཉིད་ཀྱི་མི་ཚེའི་བྱུང་བ་དང་འབྲེལ་བའི་གཏམ་ཟོལ་མེད་ཡིད་ཀྱི་དྲན་གླུ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༨ལོར། ཤ༢གསལ།
[10] གཏེར་ཆེན་ཉི་མ་གྲགས་པའི་སྐུ་ཕྲེང་སྐྱེས་རབས་གསོལ་འདེབས་མུ་ཏིག་ཕྲེང་བ་བཞུགས་པ་ལེགས་སོ། །འདི་ནི་ཚེ་དབང་བདེ་ཆེན་སྙིང་པོའམ་ག་ཤེལ་གཡུང་དྲུང་རྒྱལ་མཚན་གྱིས་མཛད་པའི་གཏེར་སྟོན་ཁོང་གི་སྐྱེས་རབས་གསོལ་འདེབས་ཤིག་ཡིན། འདིར་ཁོང་གི་སྐྱེས་རབས་བཅུ་གསུམ་ངོས་འཛིན་མཛད་ཡོད་ཅིང་། སྐྱེ་བ་རེ་རེའི་སྐབས་ཀྱི་སློབ་དཔོན་དང་ཡི་དམ་སྲུང་མ་གང་ཡིན་བཅས་བཀོད་འདུག
[11] ཧོར་ཚོའི་ལོ་རྒྱུས་དཔྱད་གཞིའི་ཡིག་ཆ་ཕྱོགས་བསྒྲིགས། ཤ ༧༥གསལ།
[12] རྨ་རི་དབང་ཆེན་ཉི་མ། རྩ་གསུམ་དཀོན་མཆོག་རྒྱལ་འདུས་འཆི་མེད་ཡབ་སྲས་རྣམ་གསུམ་མཇལ་སྣང་དོན་གྱི་སྙིང་ཐིག་བཞུགས་སོ།། དབུ་མེད་སྣ་རིང་། ཤ༤གསལ།
[13] ག་ཤེལ་གཡུང་དྲུང་རྒྱལ་མཚན། གཏེར་ཆེན་ཉི་མ་གྲགས་པའི་སྐུ་ཕྲེང་སྐྱེས་རབས་གསོལ་འདེབས་མུ་ཏིག་ཕྲེང་བ་བཞུགས་པ་ལེགས་སོ།། དབུ་མེད་སྣ་རིང་། ཤ༡༢༥གསལ།

འབྲེལ་ཡོད་འོས་སྦྱོར།