logo

༄༅།།ཚ་ཞང་འདན་མའི་ལོ་རྒྱུས་དང་མཛད་འཕྲིན་རོབ་ཙམ་གླེང་པ།

རྩོམ་པ་པོ།:གཅོད་པ་དོན་གྲུབ། ཡོང་ཁུངས།:སི་ཁྲོན་བོད་སྐད་རླུང་འཕྲིན། དུས་ཚོད།:2026-05-07 ཀློག་གྲངས།:
གླེང་གཞི།
 
       དེ་ཡང་སྲིད་གསུམ་ཁམས་སུ་འགྲན་ཟླ་བྲལ་བའི་གླིང་གི་ཡང་རྟུལ་དམ་པ་མི་བདུན་གྱི་ཡ་གྱལ་དང་ཞེ་རྟུལ་ཁྲ་གླག་སྤྱང་གསུམ་གྱི་དང་པོ། གླིང་དཀར་བསྟན་པའི་སྲོག་ཤིང་། ཤར་ཁྲ་མོ་གླིང་གི་བཀའ་བློན། གེ་སར་རྒྱལ་པོའི་ནང་བློན། འབུམ་པ་དཔོན་གྱི་སྒེར་བློན། འདན་ཤོག་ཆེན་བཅུ་གཉིས་ཀྱི་དཔོན་པོ། གླིང་ཚ་ཞང་འདན་མ་བྱང་ཁྲ་ནི། དགྲ་སྡེ་མ་ལུས་ཟིལ་གྱིས་གནོན་པའི་ཕུལ་བྱུང་དཔའ་བོ་ཞིག་ཡིན་ཞིང་། གླིང་རྗེ་གེ་སར་རྒྱལ་པོའི་ཐུགས་འདང་ཤིན་ཏུ་ཆེ་བའི་དམག་དཔོན་ཞིག་ཀྱང་ཡིན། ཁོང་ནི་ཞེ་རྒྱུད་འཇམ་ཞིང་གཞུང་ཁོག་དྲང་བ། བློ་རིག་རྒོད་ཅིང་སྙིང་སྟོབས་ལྡན་པ། གྲོགས་ལ་བྱམས་ཤིང་དགྲ་ལ་སྡང་བ། དྲག་པའི་མཚོན་ཆར་བྱང་ཆུབ་པ། ད་དུང་དཔུང་རྒོད་ཁེར་ངོམ་དང་རྟ་རྒོད་ཁེར་རྒྱུག་བྱེད་པའི་དཔའ་ཆེན་ཞིག་ཀྱང་ཡིན། གླིང་གི་རྒྱལ་རབས་བཅོ་བརྒྱད་ལ། འདན་མ་བློན་རབས་བཅོ་བརྒྱད་ཡོད། གླིང་གེ་སར་གྱི་བྱ་བ་མཐའ་མ་རྫོགས་ན། བློན་འདན་མའི་ཚེ་མཐའ་རྫོགས་རྒྱུ་མེད། གླིང་ལ་མེད་དུ་མི་རུང་བའི་མི་གསུམ་ནང་གི་མི་གཅིག་ཡིན་པ་སོགས་གླིང་སྒྲུང་ལས་གསལ་བོར་བསྟན་འདུག
       སྤྱིར་གླིང་གི་ཚ་ཞང་འདན་མ་བྱང་ཁྲ་ཁོང་གི་སྐྱེས་རབས་ལོ་རྒྱུས་ལ་སྔོན་བྱོན་མཁས་པ་དང་གླིང་སྒྲུང་བཅས་ལས་བཞེད་ཚུལ་གཅིག་གྱུར་ཞིག་དུས་ད་ལྟའི་བར་དུ་བྱུང་མེད། དཔེར་ན། གླིང་སྒྲུང་ལ་ལའི་ནང་དུ་འདན་མ་ཁོང་ནི་གླིང་གི་ཆེ་རྒྱུད་འབྲིང་རྒྱུད་ཆུང་རྒྱུད་གསུམ་ལས་གླིང་ཆུང་རྒྱུད་ཀྱི་གདུང་རྒྱུད་ལས་སྐྱེས་པ་ཡིན་ལ། ནམ་མཁའ་སེན་ཞལ་གྱི་སྲས་ཡིན་ཞེས་གླེང་། ཁ་ཅིག་གིས་འདན་མའི་རུས་རྒྱུད་ལ། འདན་མ་ཟ་ཧོར་རྒྱལ་རྒྱུད་ཡིན། །རྨུ་བ་གླིང་གི་བཀའ་བློན་ཡིན། །ཞེས་བྲིས་པ་ལྟར་ན་འདན་མའི་རུས་རྒྱུད་དེ་ཟ་ཧོར་རྒྱལ་པོའམ་བྷངྒལའི་རྒྱལ་པོའི་རྒྱལ་རྒྱུད་ཡིན་པ་གསུངས་འདུག །འགའ་ཞིག་གིས་ཀླུ་ཡུལ་མི་མགོན་དཀར་པོས་ལྷ་ཆེན་ཚངས་པ་དཀར་པོའི་བཀའ་གཅོག་མ་ཐུབ་པར་ཁོང་གི་བུ་གསུམ་པ་མི་ཡུལ་གླིང་དཀར་སྟོད་ལ་མངགས་ཤིང་། ཚྭ་མཚོ་བསྟན་མ་བཅུ་གཉིས་དང་ནོར་བུ་གཏེར་ཁ་བཅུ་དྲུག་གི་གནས་ཡུལ་དབུས་ཚྭ་མཚོ་རུ་མེ་ཏོག་པད་མ་ཞིག་འཁྲུངས་པ་ལས་འདན་མ་སྐུ་བལྟམས་པར་གསུངས། དེ་ཡང་དབུས་ཚྭ་མཚོ་རུ་མེ་ཏོག་པད་མ་ཞིག་ལས་ཁྱེའུ་ལྟ་ན་སྡུག་པ་ཞིག་འཁྲུངས་པ་སྤྱི་དཔོན་ཁྲ་རྒན་གྱིས་ཐོས་འཕྲལ་ཁོང་འདན་ཁོག་ཡུལ་ལ་ཆས་པ་ན། འདན་ཁོག་ཕྱུག་ར་བར་མའི་ས་ཆ་ཕལ་ཆེར་ཚྭ་མཚོར་གྱུར་འདུག་ཅིང་། མཚོའི་དབུས་སུ་གསེར་གྱི་མེ་ཏོག་པད་མ་ཞིག་འཁྲུངས་པ་ལས་ལྷའི་བུ་དང་གཉིས་སུ་མ་མཆིས་པའི་ཁྱེའུ་ཞིག་སྐུ་བལྟམས་འདུག་པ་མཐོང་སྟེ། སྤྱི་དཔོན་གྱིས་ཁྱེའུ་དེ་ནི་ལྷ་ཆེན་ཚངས་པ་དཀར་པོས་གནང་བ་མཁྱེན་ནས་འཕྲལ་དུ་ཕྱག་གསུམ་ཕུལ་རྗེས་གླིང་དཀར་སྟོད་ལ་གདན་འདྲེན་ཞུས་ཏེ། ཕྱིས་སུ་འདན་ཁོག་ཤོག་ཆེན་བཅུ་གཉིས་ཀྱི་བདག་པོར་དབང་བསྐུར་བ་ལགས། ཞེས་བཞེད་ཚུལ་མང་པོ་མཆིས་པར་བརྟེན་ཁྱེད་རྣམ་དཔྱོད་ཡངས་པའི་གཟུར་གནས་མཁས་པ་རྣམས་ཀྱིས་ཐུགས་སུ་བརྣགས་ནས་རྟོག་དཔྱོད་ཞིབ་འཇུག་གསལ་པོ་བྱེད་དགོས་སྙམ། གཤམ་དུ་ཁོ་བོས་དོན་ཚན་འགར་བགོས་ནས་ལྟ་ཚུལ་འགའ་རགས་ཙམ་འཆད་ན་འདི་ལྟ་སྟེ།
དང་པོ། འདན་མའི་སྐྱེས་རབས་ལོ་རྒྱུས།
       གཅིག། འདན་མ་སྐུ་འཁྲུངས་པའི་ལོ་ཚིགས་བཤད་པ།འདན་མ་སྐུ་འཁྲུངས་པའི་ལོ་ཚིགས་ལ་རགས་ཙམ་དཔྱད་ན། ཚ་ཞང་འདན་མའི་འཁྲུངས་ལོའི་ཐད་དུ་གནའ་དེང་མཁས་པ་དང་སྒྲུང་དཔེ་ཡིག་ཚང་གང་ལས་ཀྱང་གསལ་ཁ་བཏོན་མེད་པས་ད་ལྟ་ཐག་གཅོད་བྱེད་དགོས་པར་སྙམ་ནས་ཉེ་ཆར་ཁོ་བོས་བསྐྱར་དུ་ཡིག་ཚང་དང་སྒྲུང་དཔེ་ཀློག་པ། མདོ་དབུས་ཁམས་གསུམ་གྱི་སྒྲུང་པ་གྲགས་ཅན་ཏེ་ནག་ཆུའི་སྒྲུང་པ་དཔལ་དགའ་དང་ཁམས་ཡུལ་ཤུལ་གྱི་སྒྲུང་པ་ཟླ་བ་གྲགས་པ། མགོ་ལོག་གི་སྒྲུང་པ་བསྟན་འཛིན་གྲགས་པ་བཅས་ལ་བཅར་འདྲི་ཡང་ཡང་ཞུས་པ་འདི་སྐད་དུ། ནག་ཆུའི་དཔལ་དགས་ལོ་སྟག་འབྲུག་གི་ས་ཕོ་འབྲུག །འབྲུག་ཕོ་ཐུང་འདྲ་བའི་འདན་མ། །ཞེས་པ་ལྟར་ན་རབ་བྱུང་དང་པོའི་ས་ཕོ་འབྲུག་ལ་འཁྲུངས་པ་ཡིན་ཞིང་སྤྱི་ལོ1028ཡིན་པས་གེ་སར་རྒྱལ་པོ་རབ་བྱུང་དང་པོའི་ས་ཕོ་སྟག(1038)ལ་སྐུ་འཁྲུངས་པ་ལྟར་ན་དགོང་ལོ10ལས་ཆེ། དུས་དེབ«ཁ་བཏགས་དཀར་པོ»ལས་བཀོད་པ་ལྟར་ན། ཡབ་རྒྱལ་པོ་བྱང་བ་སྟོབས་ལྡན་དང་ཡུམ་འདན་བཟའ་ཨ་སྨན་གཉིས་ཀྱི་སྲས་སུ་མེ་ཕོ་སྤྲེལ་གྱི་སྟོན་ཟླ་ཐ་ཆུང(བོད་དང་ཧོར་ལུགས་ཀྱི་ཟླ་བ་བཅུ་པ་ཡིན)སྐུ་འཁྲུངས། ཆུང་དུས་ནས་ཕོ་རྩལ་སྣ་དགུ་འཛོམས་པས། ཁྲ་མོ་གླིང་གི་དཔའ་རྒྱ་ཚ་ཞལ་དཀར་གྱི་དཔུང་ཡ་རུ་མངའ་གསོལ་གཟེངས་བསྟོད་བྱས། ལུས་ཀྱི་ཡབ་དེ་བྱང་བ་སྟོབས་ལྡན་ཡིན་ཡང་། ལས་ཀྱི་ཡབ་དེ་སྤྱི་དཔོན་ཡིན་པས། སྨུག་པོ་ལྡོང་གི་རིགས་རྒྱུད་དུའང་གྲགས།ཞེས་བཀོད་འདུག ། རབ་བྱུང་དང་པོའི་མེ་ཕོ་སྤྲེལ་ལ་འཁྲུངས་པ་ཡིན་ན་སྤྱི་ལོ1056ལོ་ཡིན་ཞིང་། གེ་སར་རྒྱལ་པོའི་དགུང་ལོ་ལས་བགྲང་བྱ18ཆུང་བ་གསལ་བོར་རྟོགས་ཐུབ། འདིར་ངེད་ཅག་གིས་ཡིད་རྟོན་མི་ཆོག་པ་འདན་མའི་ལོ་རྒྱུས་ལས་གསལ། གནས་ལུགས་ལྟར་ན་འདན་མ་གེ་སར་ལས་ཆེ་བ་མ་གཏོགས་ཆུང་བ་དཔེ་མི་སྲིད། གལ་སྲིད་ཆུ་ཕོ་སྤྲེལ་ལོ་ཡིན་ན་འདན་མ་གེ་སར་ལས་དགུང་ལོ8ལས་ཆེ། རྒྱུ་མཚན་ཡང་སྒྲུང་པ་གྲགས་ཅན་ཟླ་བ་གྲགས་པས་སྡོམ་ཚིག་འདི་འདྲ་ཞིག་བཞག་པ་སྟེ། འདན་མ་གེ་སར་དང་ལོ་བཅུ་ལྷག་ལས་ཆེ། རྒྱུ་མཚན་ཏེ་གླིང་གི་རྒན་གྲས་ནི་ཨ་ཁུ་སྤྱི་དཔོན་དང་སེང་བློན། ཁྲོ་ཐུང་། མི་ཆེན་རྒྱལ་བའི་ལྷུན་འགྲུབ་བཅས་ཡིན་པ། དེ་རྗེས་སུ་རྒན་གྲས་འདན་མ་དང་བཅས་པ་ཡིན་པས་དགོང་ལོ་ཅུང་ཆེ་གྲས་ཡིན། གླིང་གི་རྟ་རྒྱུག་རྒྱལ་འཇོག་སྐབས་སུ་གེ་སར་དགུང་ལོ་བཅུ་གཉིས་ཡིན་ན་འདན་མ་དགུང་ལོ་ཉི་ཤུ་ཡིན་པ་ཤེས་ཐུབ་བོ། །ཞེས་རིག་འདེད་བྱས་པ་དང་གོང་གི་ས་ཕོ་འབྲུག་ལ་འཁྲུངས་གསུངས་པ་གཉིས་ཀྱི་བར་དུ་ཁྱད་པར་ཅི་ཡང་མེད་པས་གཞི་འཛིན་ཡུལ་ཏེ་རབ་བྱུང་དང་པོའི་ས་ཕོ་འབྲུག་སྟེ་སྤྱི་ལོ1028ལོའི་ཧོར་ཟླ10པ་ཡིན་ན་འགྲིག་འདུག །མགོ་ལོག་གི་སྒྲུང་པ་གྲགས་ཅན་བསྟན་འཛིན་གྲགས་པས་བསྐུར་ཡོང་བའི་ཡིག་ཆ་ལས་ཀྱང་འདན་མའི་འཁྲུངས་ལོ་ས་ཕོ་འབྲུག་གི་སྟོན་ཟླ་ཐ་ཆུང་ཡིན་པར་འདུག །དེ་བས་འདི་ངེད་ཅག་གིས་བློས་གཏད་ཆོག་པའི་འཁྲུངས་ལོ་ཡིན་ནོ། །
       འོ་ན་གླིང་གི་འདན་མའི་འདས་ལོ་ནམ་ཞིག་ཡིན་ནམ་ཟེར་ན། གསལ་བོ་བརྗོད་ཁག་པོ་འདུག། རྒྱུ་མཚན་ཡང་གླིང་སྒྲུང་གཙོ་བོ་དག་ལས་གེ་སར་རྒྱལ་པོ་གཙོས་པའི་དཔའ་རྟུལ་སུམ་ཅུས་མཇུག་མཐར་ཁམས་གསུམ་བདེ་ལ་བཀོད་རྗེས་གླིང་གེ་སར་རྒྱལ་པོ་དང་བཅས་པའི་མི་ཆེན་རྣམས་གཅིག་རྗེས་གཉིས་མཐུད་དུ་སྐུ་གཤེགས་རྗེས། འདན་མས་ལོ་གསུམ་གྱི་བར་དུ་དཔའ་རྟུལ་སུམ་ཅུ་ལ། མཆོད་རྟེན་ཚད་དང་ལྡན་པ་སུམ་ཅུ་བཞེངས། ཕོ་བྲང་སེང་འབྲུག་སྟག་རྩེ་ལ་ཞིག་གསོ་མཛད། གསེར་དབྱིབས་ལ་གསེར་གསོལ་སོགས་བྱ་བ་ཡོངས་སུ་རྫོགས་པར་བསྒྲུབས་རྗེས། དགེ་སློང་བྱ་བྲལ་པད་མ་འོད་ཟེར་ཞེས་པའི་མཚན་གསོལ་ནས་རྒྱ་གར་འཕགས་པའི་ཡུལ་དུ་ཆིབས་ཁ་བསྒྱུར་ཏེ་བྱོན་ཞེས་གྲགས་པས། ཁོང་ཚང་སྐུ་འདས་པའི་ལོ་རྒྱུས་ཞིག་གང་ནས་ཀྱང་ད་སྔ་རྟོགས་མ་ཐུབ། གནས་སྐབས་སུ་འདི་ལྟར་མི་འཇོག་ཐབས་མ་མཆིས།
གཉིས། འདན་མའི་ཁྱིམ་རྒྱུད་དང་བཅས་པ།
       གླིང་སྒྲུང་འགའ་ཞིག་ལས་ཡབ་བྱང་ནས་ཡིན་པས་བྱང་ཁྲ་ཡིན། །བྱང་འཇིགས་མེད་ཁྱུང་བཙན་གཅེས་ཕྲུག་ཡིན། །ཡུམ་འདན་ནས་ཡིན་པས་འདན་མ་ཐོགས། །མ་ལ་འདན་བཟའ་ཨ་སྒྲོན་ཟེར། །ཕ་མིང་མ་ཐོགས་མ་མིང་བཏགས། །སྲས་ཚ་ཞང་འདན་མ་བྱང་ཁྲ་འཁྲུངས། །ལྷ་ས་ར་ཧ་ཡི་རྣམ་སྤྲུལ་ཡིན། །ཅེས་བཀོད་པ་ལས་འདན་མའི་ཡབ་བྱང་འཇིགས་མེད་ཁྱུང་བཙན་དང་ཡུམ་འདན་བཟའ་ཨ་སྒྲོན་ཇི་ལྟར་ཐོགས་པ་སོགས་གསལ་བཤད་གནང་འདུག འདི་ཤིན་ཏུ་གལ་ཆེན་ཡིན།
       དེ་ཡང་འདན་མ་དགུང་ལོ་བཅུ་གཉིས་ཐོག་ནས་འབྲུ་བཟའ་དཔའ་སྐྱིད་ཁབ་ཏུ་བཞེས། སྲས་གསུམ་དང་སྲས་མོ་གཉིས་འཁྲུངས། སྲས་ཆེ་བ་འདན་མའི་མར་དཀར་དར་ཡག་ཟེར། རོང་གླིང་འཁྲུག་པའི་སྐབས་སུ་འདས། སྲས་འབྲིང་བ་འདན་སྲས་གཡུ་འོད་འབུམ་མེ། སྲས་ཆུང་བ་འདན་སྲས་སྤྱང་ཁྲི་རྔམ་ཆེན་ཡིན། འདན་མའི་བུ་མོ་མཛེས་སྒྲོན་ཏེ། མོ་ཡི་འདུག་རོགས་ལ་གྲོ་ལོའི་སྟག་མོ་ཁེར་སྐྱེས་སུ་འབོད། འཇར་གླིང་གཡུལ་འགྱེད་ནང་དུ་ཁྲི་རྗེ་རླུང་ནག་སྤར་བཅིངས་ཀྱིས་བཀྲོངས་སོ། །འདན་མའི་བུ་མོ་ཆུང་བ་མེ་ཏོག་ལྷ་སྒྲོན་ནི་མེ་གླིང་རྒྱལ་ཁབ་ཀྱི་སྲས་ཟླ་དགའ་ཉི་མའི་ཆུང་མར་བསུས། ཟླ་དགའ་ཉི་མས་གླིང་ལ་མགོ་འབུལ་བྱས་པས། གེ་སར་གྱིས་དེའི་མཚན་ལ་གུ་ར་ཐོག་རྒྱལ་ཞེས་པ་གསོལ། ཁོང་མེ་རྒྱལ་ཁབ་ཀྱི་དཔོན་པོར་བསྐོས་ཞེས་བཀོད་ཡོད། ཅེས་བསྟན་པ་ལས་གསལ་བོ་རྟོགས་ཐུབ་པ་སྟེ། འདན་མ་བྱང་ཁྲའི་བཟའ་ཟླ་དང་སྲས་གསུམ། བུ་མོ་གཉིས་བཅས་པའི་ལོ་རྒྱུས་རགས་ཙམ་བསྟན་ཡོད་ལ། དེ་ཡང་བཟའ་ཟླ་འབྲུ་བཟའ་དཔའ་སྐྱིད་དང་སྲས་ཆེ་བ་མར་དཀར་དར་ཡག །སྲས་འབྲིང་བ་འདན་སྲས་གཡུ་འོད་འབུམ་མེ། སྲས་ཆུང་བ་འདན་སྲས་སྤྱང་ཁྲི་རྔམ་ཆེན་ཡིན། བུ་མོ་མཛེས་སྒྲོན་དང་ཆུང་བ་མེ་ཏོག་ལྷ་སྒྲོན་ཡིན། འོན་ཀྱང་སྒྲུང་དཔེ་མང་པོ་ལས་སྲས་མོ་ཆུང་བ་མེ་ཏོག་ལྷ་སྒྲོན་མཐོང་བ་དཀོན་ལ། དེ་བས་སྒྲུང་པ་ལ་ལས་འདན་མར་སྲས་མོ་གཅིག་ལས་མེད་ཅེས་གསུངས་འདུག་མོད། འདིར་མནོ་བསམ་གཏོང་དགོས། ཁོ་བོའི་ལྟ་ཚུལ་ལ་སྲས་མོ་གཉིས་ཡོད་ན་འགྲིག་པར་འདོད་དོ། །
       ད་དུང་གླིང་སྒྲུང་སྐོར་ཞིག་གི་ནང་དུ་ཚ་ཞང་འདན་མ་བྱང་ཁྲ་དང་ཐོག་སྐྱེས་ཡུལ་ནི་འདན་ཁྲི་དཀར་རྒྱལ་པོའི་རིགས་རྒྱུད་ཡིན་ཞིང་། ཕྱིས་སུ་གླིང་འདན་གཡུལ་འཁྲུག་གི་སྐབས་སུ་གླིང་ལ་མགོ་བཏེགས་ཤིང་གླིང་དང་ཉེ་འབྲེལ་ཆགས་པའི་ཆ་ནས་ཚ་ཞང་འདན་མ་ཞེས་མིང་ཐོགས་ཟེར། སྔ་མོར་ཁོང་གི་མཚན་ལ་ཚ་རྒྱལ་ཞེས་གྲགས་པ་ཡིན་སྐད། འདི་རིགས་ལ་ཟུར་ལྟ་བྱེད་པ་ལས་མཐའ་གཅིག་གིས་ཐག་གཅོད་མི་ནུས། དེ་མིན་གླིང་སྒྲུང«ཧོར་གླིང་གཡུལ་འགྱེད»སྟོད་ཆ་ལས། སྟོང་ཐུབ་འདན་མའི་ཚ་བོ་ཡིན། །ཁྲི་ཐུབ་འདན་མའི་སྲས་པོ་ཡིན། །ཕོ་རང་རྒོད་འབུམ་ཐུབ་བྱང་ཁྲ་ཡིན། །ལྷ་མེད་ཀྱང་གེ་སར་ཆོས་བློན་ཡིན། །རྩལ་མེད་ཀྱང་རྒྱ་ཚའི་དཔུང་ཡ་ཡིན། །ཞེས་སྟོང་ཐུབ་འདན་མའི་ཚ་བོ་ཡིན་པ་དང་ཁྲི་ཐུབ་འདན་མའི་སྲས་པོ་ཡིན་ཟེར་བ་ལས་གོང་དུ་སྨྲས་པའི་འདན་མའི་སྲས་གསུམ་ཟེར་བ་དང་གཏན་ནས་མི་མཐུན་པའང་ཤེས་དགོས་སོ། །འདིར་ཟུར་ལྟ་བྱེད་པ་ལས་དོན་དངོས་དང་མི་མཐུན་སྙམ་མོ། །
       གཞན་ཡང་ཚ་ཞང་འདན་མའི་རྫོང་ལ་ཤར་ལུང་རི་དྲུག་ཟེར་ཞིང་། འདན་ཁ་ར་རྒྱལ་པོའི་འདན་ཁ་ར་གསེར་རྫོང་རིང་མོ་ཞེས་པའི་རྨང་གཞིའི་སྟེང་དུ་གསར་དུ་བཞེངས་པ་ཡིན་ཟེར་བ་དང་། འདན་མའི་ཆིབས་པ་རྟ་འདོ་བ་དངོས་གྲུབ་ལྡན་པ་སྟེ། སྒྲུང་པ་རྒན་པ་རྣམས་ཀྱིས་བཤད་པ་ལྟར་ན་འཇང་ཉི་ཁྲི་རྒྱལ་པོའི་རྟ་མཆོག་འདོ་བ་འཆི་མེད་འཕུར་ཤེས་ཟེར་བའི་རྒྱུད་ལས་སྐྱེས་པ་ཡིན་སྐད། ཁོང་གི་རལ་གྲིའི་མིང་ལ་འཇང་པ་ཡུ་དམར་ཟེར་ཞིང་། འཇང་ཡུལ་ཚེས་ར་སྨུག་པོའི་གཏེར་ཁ་ལས་ཐོན་པ་ཡིན་ཟེར། གཞུའི་མིང་ལ་མི་འགྱུར་དུང་གཞུ་དཀར་པོ་རང་འཁྱིལ་ཟེར་ཞིང་གཉན་ཆེན་ཐང་ལྷས་གནང་བ་ཡིན་ཟེར་བ་དང་། མདའ་མི་འགྱུར་གནམ་ལྕགས་ཐོག་མདའ་ཟེར་བ་དགྲ་ལྷ་གཉན་སྟག་དམར་པོས་ཁོང་ལ་གནང་བ་ཡིན་ཟེར་བ་རེད། ཁོང་གི་ཁྲབ་ཆེན་ཉི་མ་རང་ཤར་དང་རྨོག་ཆེན་བྱུ་རུ་མདངས་འཛིན་དང་བཅས་པ་རྨ་ཤེལ་བྲག་གཏེར་སྒོ་གོང་མ་འབྱེད་པའི་སྐབས་སུ་བླངས་པ་ཡིན་ཞེས་གླེང་བ་ལགས།
       ད་དུང་འདན་མའི་བྱད་གཟུགས་ཀྱི་སྐོར་ལ་དཔྱད་པ་རགས་ཙམ་བཏང་ན་འདི་ལྟ་སྟེ། ཚ་ཞང་འདན་མའི་སྣང་བརྙན་གྱི་སྐོར་ལ་གླིང་སྒྲུང་ལས་ཞིབ་འབྲི་འདི་ལྟར་བགྱིས་འདུག །འདན་མ་ནི་མགོ་བོ་ཆེ་ཞིང་ཡ་ཐོད་ལྡིར། ཤ་རྩ་སྔོ་ལ་མིག་རྩ་དམར། གདོང་པ་ཉག་ལ་སྣ་མགོ་ལེབ། སྨིན་མ་མཐུག་ལ་མཁུར་ར་འབུར། འགྲམ་ཞེང་ཆེ་ལ་མ་ནེ་དཀྱིལ། མགྲིན་པ་རིང་ལ་བྲང་ཞེང་ཆེ། སྐུ་ཚད་འབྲིང་ལ་སྐུ་ཤ་རྒྱགས་ཞེས་པ་ལས་མིའི་གཟུགས་བྱད་ག་འདྲ་ཞིག་ཡིན་པ་མིག་ལམ་དུ་ཤར་ཐུབ། མི་སྣའི་བཞེངས་སྐྲུན་འདི་འདྲ་གནའ་བོའི་གླིང་སྒྲུང་ནང་དུ་མཐོང་དཀོན་པོ་འདུག །འདི་དེང་རབས་རྩོམ་རིག་གསར་རྩོམ་པ་ཚོས་མི་སྣ་བཞེངས་སྐྲུན་དང་མཚུངས་པའི་ཤུགས་ཅུང་ཆེ་བར་འདོད། ཡིན་ནའང་ཚིག་དང་དོན་ལ་བརྟག་ན་རྒྱུ་ཆའི་ཡོང་ཁུངས་གླིང་སྒྲུང་རྙིང་པ་ཡིན་པ་བསྙོན་དུ་མེད།
གསུམ། ཚ་ཞང་འདན་མའི་ཕ་ཡུལ།
       དེ་ཡང་གནའ་དེང་ཡིག་ཚང་དང་སྒྲུང་དཔེ། ཤུལ་རྟེན་འགངས་ཆེན་བཅས་ལ་རྟོག་དཔྱོད་ཞིབ་འཇུག་བྱས་པ་ལྟར་ན། མདོ་ཁམས་འདན་མ་ལུང་པའམ་འདན་ཁོག་གསེར་ལྗོངས་རིང་མོའི་གནས་མཆོག་དེ་ནི་ཚ་ཞང་འདན་མའི་ཕ་ཡུལ་ཡིན་པ་ཡོངས་གྲགས་སུ་གྱུར་ཡོད་པ་མ་ཟད། གནའ་དེང་མཁས་པ་བྱིངས་ཀྱིས་གཅིག་མཐུན་གྱིས་ཁས་ལེན་པ་དང་དེ་བཞིན་བརྗོད་པ་རྒྱུན་འབྱམས་སུ་སོང་བ་སྨྲས་མ་དགོས། འདན་མ་ཞེས་པའི་ས་མིང་འདི་བྱུང་བ་ཧ་ཅང་སྔ་སྟེ། རྒྱ་ཡིག་གི་ཡིག་ཚང་ལྟར་ན་མི་ལོ1700སྔོན་ནས«ཀྲུང་གོའི་ལོ་རྒྱུས་ས་ཁྲ་ཕྱོགས་བསྡུས»ནང་འཁོད་ཡོད་པ་དང་། བོད་བཙན་པོའི་དུས་སུ་རུ་གནོན་གྱི་གཙུག་ལག་ཁང་ངམ་ཀློང་ཐང་སྒྲོལ་མ་ལྷ་ཁང་བཞེངས་པ་དང་རྡོ་བརྐོས་རི་མོ་མང་པོ་བརྐོས་པ་ལས་འདན་ཁོག་གི་གལ་ཆེན་རིང་བཞིན་ཤེས་ཐུབ། ད་ལྟ་འདན་མ་དང་ལྡན་མ་འབྲི་ཚུལ་གཉིས་ཡོད་ཀྱང་དོན་གཅིག་མིང་གི་རྣམ་གྲངས་སུ་གྱུར་འདུག །སྤྱིར་ལྡན་མ་ཟེར་བ་ཡང་མི་ཚོའི་ངག་ལ་སྤྱོད་བདེ་སླད་རིམ་གྱིས་འདན་མ་ཞེས་ཟུར་ཆགས་པ་དང་སྒྲུང་ཡིག་གམ་ཡིག་ཚང་གང་ལས་ཀྱང་འདི་གཉིས་ཀྱི་འབྲི་ཚུལ་མཐོང་ཐུབ།
       འདན་མ་ཞེས་པ་འདི་ནི་གླིང་གི་མངའ་འོག་གི་ཤོག་པ་ཞིག་རེད། དང་ཐོག་འདན་མའི་དཔོན་པོ་ལྷ་སར་གནས་སྐོར་བྱེད་པར་འགྲོ་སྐབས། བྱང་གེ་སར་ཡུལ་གྱི་དམག་དང་འཕྲད། བྱང་གེ་སར་གྱི་ཆུང་མ་བཙན་འཕྲོག་བྱེད་པའི་ཆེད་དུ། བྱང་གེ་སར་ལ་མདའ་འཕངས་ནས་བསད། དེའི་ཆུང་མས་རང་སྲོག་བཅད། དོན་འདི་ལ་གླིང་གི་སྤྱི་དཔོན་ཨ་མྱེས་ཁྲ་རྒན་གྱིས་གཟུ་བཤད་ནས་འདན་མའི་དཔོན་པོ་ལྷ་སར་གནས་སྐོར་སོང་ནས་ལས་ཉེས་བཤགས་རྒྱུའི་ཐག་བཅད། དེའི་རྗེས་འདན་མའི་དཔོན་པོ་ལྷ་སར་ཤི། ཕྱིས་སུ་འདན་མ་བྱང་ཁྲས་གླིང་ལ་འོང་རྒྱུའི་རེ་བ་ཞུས་ཀྱང་འདན་མའི་དཔོན་པོ་གཞན་ཞིག་མཆིས་པ་དེས་གླིང་ལ་འགྲོ་རུ་མ་བཅུག་སྟབས། གླིང་འདན་གཉིས་ཀྱི་བར་ལ་འཐབ་འཁྲུག་བྱུང་། དེ་ནས་འདན་མ་བྱང་ཁྲ་གླིང་གི་དམག་དཔོན་དུ་གྱུར་པར་མ་ཟད། འདན་མའི་ནས་རྫོང་གི་དཔོན་པོར་གྱུར་ཞེས་པར་བསྙད། འདིར་ཡང་དཔྱད་ན་རྟོགས་ཐུབ་པ་ཞིག་སྟེ། ཚ་ཞང་འདན་མའི་རྫོང་མཁར་ལ་དང་ཐོག་འདན་མའི་ནས་རྫོང་ཟེར་བ་ལས་ཤར་ལུང་རི་དྲུག་མི་ཟེར་པ་གསལ་བོར་ཤེས་ཐུབ། མཁས་དབང་ཐུབ་བསྟན་ཉི་མ་མཆོག་གིས་གཙོ་སྒྲིག་མཛད་པའི«གེ་སར་ཚིག་མཛོད»ལས་འདི་སྐད་དུ། འདན་མ་རྫོང་ནི་ད་ལྟའི་སི་ཁྲོན་ཞིང་ཆེན་སྡེ་དགེ་རྫོང་གི་འདན་ཁོག་ཆུས་ན་འདན་མ་རྫོང་ཆགས་ཡོད། བཤད་ཚུལ་ལ་གླིང་གི་དམག་དཔོན་ཚ་ཞང་འདན་མ་བྱང་ཁྲས་ས་འདི་བཟུང་ནས་གཞིས་ཆགས། འདི་ལ་འདན་མའི་ནས་རྫོང་ཡང་ཟེར། ད་ལྟའི་བར་དུ་དམངས་ཁྲོད་ཀྱི་བཤད་རྒྱུན་ལ་ས་འདི་ནས་ཐོན་པའི་ནས་ནི་ས་གཞན་པའི་ནས་ལས་ཧ་ཅང་ཡག་པོ་ཡིན་པར་གྲགས། གསུངས་འདི་ནི་ཧ་ཅང་གལ་འགངས་ཆེ། འདིར་འདན་མའི་ཕ་ཡུལ་ངོས་བཟུང་པ་ལས་གཞན་སྔོན་ཆད་གནས་འདིར་འདན་མའི་ནས་རྫོང་ཟེར་ཞིང་རིམ་གྱིས་འདན་ཁོག་ཅེས་འགྱུར་པ་ཤུགས་སུ་རྟོགས་ཐུབ། འདན་ཁོག་གི་ནས་རྩམ་གྲགས་ཆེ་བའང་གོང་ཞུས་ལྟར་རོ། །
       ད་ལྟའི་སྲིད་འཛིན་ས་བཅད་ཀྱི་དབང་དུ་བྱས་ན་སི་ཁྲོན་དཀར་མཛེས་ཁུལ་གྱི་སེར་ཤུལ་རྫོང་གི་ལྷོ་ངོས་ཏེ། སི་ཁྲོན་དང་། བོད་ལྗོངས། མཚོ་སྔོན་བཅས་ཀྱི་འབྲེལ་མཚམས་སུ་གནས་ལ་སེར་ཤུལ་རྫོང་ལོ་ཕྱུག་གྲོང་རྡལ་གྱི་ཁོངས་སུ་གཏོགས། ཡུལ་གྲུ་འདི་ནི་ཆར་ཆུ་མོད་ལ་རང་བྱུང་རི་ཆུའི་བཀོད་པ་མཛེས་ཤིང་སྡུག་ལ་ཕུན་སུམ་ཚོགས་པ་ཞིག་ཡིན། གནས་འདིར་གནའ་ནས་བཟུང་སྟེ་གེ་སར་རིག་གནས་ཀྱི་ཤུལ་རྟེན་མང་པོ་ཡོད་སའི་ཡུལ་གྲུ་ཞིག་ཀྱང་ཡིན། སྤྱིར་འདན་ཁོག་ནི་དེ་སྔོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་རྫོང་ཞིག་ཡིན་ཞིང་། སྤྱི་ལོ1978ལོར་འདན་ཁོག་རྫོང་མི་དགོས་པ་བཟོས་ནས་དེའི་ཁོངས་གཏོགས་ཀྱི་ཆུས་དང་ཤང་ཁག་རྣམས་སོ་སོར་སེར་ཤུལ་རྫོང་དང་སྡེ་དགེ་རྫོང་གཉིས་ཀྱི་ཁོངས་སུ་བགོས་ནས་བཅུག
       ཁྱད་པར་དུ་གནས་འདི་རུ་མིག་མཐོང་ལག་ཟིན་གྱིས་གླིང་གི་གཅེན་གཅུང་མིང་སྲིང་དང་སྒོས་སུ་ཚ་ཞང་འདན་མ་བྱང་ཁྲའི་གཏམ་རྒྱུད་ངོ་མཚར་བ་དང་ཤུལ་རྟེན་རིན་ཐང་ཅན་མང་པོ་མཆིས་པ་དེ་དག་རེ་རེ་བརྗོད་ན་མང་དྲགས་པས་གཙོ་བོ་འགའ་བརྗོད་ན།
       ལོ་ཕྱུག་གྲོང་རྡལ་ནས་ཤར་ཕྱོགས་སུ་སྤྱི་ལེ་དགུ་ཙམ་བསྐྱོད་པའི་མཚམས་སུ་ཀ་ཕུ་དགོན་པ་ཆགས་ཡོད་ཅིང་། དེའི་ཁོངས་སུ་འདན་མའི་ཤར་ལུང་རི་དྲུག་གི་མཁར་ཤུལ་འདུག །དུས་སྔོན་ཀ་ཕུ་དགོན་པའི་རྟེན་དུ་འདན་མའི་གསེར་འབུམ་དང་། འདན་མའི་མདའ་གཞུ། རལ་གྲི། སག་ཐག་འཁོར་གསུམ། མདུང་། ཁྲབ་དཀར། རྨོག་དཀར། ཕུབ་སོགས་གཉེར་ཡོད་ཅིང་། ད་ལྟ་དངོས་སུ་མཐོང་ཐུབ་པ་ནི་གླིང་གི་ཁྲ་གླག་སྤྱང་གསུམ་གྱིས་གེ་སར་རྒྱལ་པོ་བསྐོར་འདུག་པའི་བའི་ཞལ་ཐང་རྙིང་པ་ཞིག་དང་། འདན་མའི་རྨོག་ཡིན་ཟེར་བ་རྒྱུ་ལྕགས་ལས་གྲུབ་པའི་གནའ་བོའི་རྨོག་ངོ་མ་ཞིག་དང་བཅས་སོ། །
       ད་དུང་འདན་མའི་མཁར་རྫོང་ཤར་ལུང་རི་དྲུག་གི་མཁར་གྱི་གཡས་ཕྱོགས་སུ་སོ་དེའུ་གོང་འགབ་ཅེས་པའི་དམག་གི་སོ་ལྟ་བྱེད་ས། སྐུ་མཁར་གྱི་གཡོན་ཕྱོགས་སུ་འདན་མའི་བླ་ཤིང་ཤུག་པ་ཟེར་བའི་ཤུག་སྡོང་། ཡང་འདན་མའི་སྐུ་མཁར་གྱི་མདུན་ཕྱོགས་སུ་འདན་མའི་ལྟེ་ཁྲག་འཕོས་ས་ལས་སྐྱེས་པར་གྲགས་པའི་འདན་གྱི་ཚེར་ཕུང་ལ་བཙས་ཡོད། དེ་ནས་མདུན་ཕྱོགས་སུ་འདན་མའི་བསང་ཁྲི་དང་། འདན་མས་མདའ་རྟགས་འཇོག་སའི་རྡོ་ཕ་བོང་ཞིག་ཡོད། སྐུ་མཁར་གྱི་རྒྱབ་ཕྱོགས་སུ་འདན་མའི་ཚེ་སྒྲུབ་སྒྲུབ་ཕུག་དང་ཚེ་ཆུར་གྲགས་པ་སོགས་ཡོད་ལ། ད་དུང་ཉེ་འཁོར་དུ་དམག་བཀོད་བྱེད་ཡུལ་དུ་གྲགས་པ་སོགས་འབྲེལ་ཡོད་རྗེས་ཤུལ་མང་པོ་འདུག །
       ད་དུང་ཞིབ་ཏུ་བསྙད་ན་ཤིན་ཏུ་མང་ཡང་གོང་དུ་ཞུས་པ་ལས་འདན་མའི་ཕ་ཡུལ་གྱི་ཤུལ་རྟེན་གལ་ཆེན་ཡིན་པ་རྟོགས་ཐུབ་པ་མ་ཟད་འདན་མའི་ཕ་ཡུལ་དངོས་ཡིན་པ་བདེན་དཔང་ལེགས་པོ་བགྱིས་འདུག
གཉིས་པ། འདན་མའི་མཛད་འཕྲིན་གཙོ་བོ།
       ཚ་ཞང་འདན་མ་བྱང་ཁྲ་ཁོང་ཉིད་གླིང་དཀར་སྟོད་ལ་ཕེབས་པ་ནས་བཟུང་གླིང་རྗེ་གེ་སར་རྒྱལ་པོ་དང་ཆབས་ཅིག་ཕྱོགས་བཞིའི་དགྲ་བཞི་འདུལ་བ་དང་རྫོང་ཆེན་བཅོ་བརྒྱད་ཕབ་པའི་རླབས་ཆེན་གྱི་མཛད་རྗེས་བླ་ན་མ་མཆིས་བཞག་ཡོད་པ་རེད། འདིར་ཁོང་གི་མཛད་རྗེས་མཐའ་མེད་རྒྱ་མཚོ་ལས་རགས་རིམ་ཙམ་ཞིག་བླངས་ཏེ་བརྗོད་ན་ནི་འདི་ལྟར།
       གཅིག །དེ་ཡང«ཧོར་གླིང་གཡུལ་འགྱེད»ཀྱི་སྐབས་སུ། ཐེངས་ཤིག་ལ་འདན་མ་ཁོང་གིས་རྨོག་དཀར་གྱི་འདབ་རྭ་ཕབ། ཁྲབ་དཀར་གྱི་རྒྱུན་ཐག་འཐེན། ཆིབས་པ་དངོས་གྲུབ་ལྡན་པའི་གོང་ལ་བུད་ནས་ཧོར་དམག་གི་ནང་དུ་གློག་དམར་འཁྱུག་པ་བཞིན་གཤགས་ནས་ཤན་པའི་ཇ་ཐབ་བཅོ་བརྒྱད་རྫོགས། ཐབ་གསུར་གནམ་ནག་ལང་འདྲ་ཞིག་བྱས། ཉིན་རྟ་ཉིན་ནས་བསྡུས། སྲིབ་རྟ་སྲིབ་ནས་བསྡུས། ཀི་བསོ་ལན་གསུམ་གྱིས་གནམ་ས་བཀང་ནས་དེད་སོང་བ་ན། ཧོར་གུར་དཀར་རྒྱལ་པོས་ཤན་པ་རྨེ་རུ་རྩེ་ར་མདར་མངགས་ཤིང་གློག་འཁྱུག་པ་ལྟར་སླེབས་ཡོང་ནས་རྗེས་ཆོད་དེ། ཐོག་མར་ཕན་ཚུན་ལ་འགྱུར་བ་མེད་པའི་དཔའ་སྐད་བཙན་པོ་འཐེན་པའི་མཐའ་མར་ཚ་ཞང་འདན་བ་བྱང་ཁྲས་མདའ་གཅིག་འཕངས་པས་སྡིག་གཅོད་ཤན་པའི་རྨོག་ཁྱུང་གཏོར་རྩེ་ལྔ་དེའི་ཕོ་བྱང་ཟུར་ནས་ཕུད། མོ་བྱང་གི་དཀྱིལ་ནས་བཏོན་ཏེ་མགོ་ཀ་ལི་ལག་མཐིལ་ཙམ་ཞིག་རྒྱ་མཐོངས་ཁ་ཕྱེས་འདྲ་ཞིག་བྱས། དེར་ཤན་པ་ཡུད་ཙམ་ཞིག་ལ་དྲན་མེད་དུ་བརྒྱལ་ཞིང་། རྟ་ཐོག་ནས་སར་ལྷུང་ངོ་། ། དེ་ནས་འདན་མར་ཁོང་གི་རྟས་ཟེར་བ་ལྟར་ཤན་པའི་སྲོག་མ་བཅད་པར་གཞུ་ཤུབས་ནང་དུ་ཀ་ལི་དེ་བཅུག་ནས་རང་ཡུལ་ལ་ལོག་པའི་དཔའ་བོའི་གཏམ་རྒྱུད་འཛམ་བུ་གླིང་ལ་གྲགས།
       གཉིས། «ཧོར་གླིང་གཡུལ་འགྱེད»སྐབས་སུ་ཐེངས་ཤིག་ལ་ཚ་ཞང་འདན་མས་རྨོག་དཀར་དར་འཕྲུས་ནམ་མཁའ་གང་། ཁྲབ་དཀར་སིལ་སྒྲས་བར་སྣང་ཁེངས། འདོ་བའི་རྨིག་སྒྲས་གཞི་ཁྱབ་པ་ཞིག་བྱས་ཏེ། ཧོར་སྒར་གྱི་འགྲམ་དུ་སླེབས་ནས་མདའ་རག་ལྟོང་མ་ལྔ་དང་། ཟངས་ལྟོང་མ་བདུན། ལྕགས་ལྟོང་མ་དགུ་འཕངས་ཏེ། ཧོར་སྒར་གྱི་ནང་དུ་ཐོག་བརྒྱབ་པ་བཞིན་མི་མང་པོ་ཟང་ཐལ་དུ་ཕུག་ནས་བསྒྲིལ་བྱུང་། དེར་རལ་གྲི་ཕྱར་ནས་སྒར་ནང་དུ་འཚངས་ནས་ཕྱིན་ཏེ། བསད་བསད་ཀྱི་དར་འཕྲུ་སྣ་ཚོགས་མང་དུ་ཁྱེར་ནས་ག་ལེར་ཕྱིར་སླེབས་པ་ན། གུར་དཀར་རྒྱལ་པོའི་སྲས་ཁྲི་བཙུན་རིག་ཡག་དེས་དུང་ཁྲབ་ཐོག་ཐུབ་གྱོན། དུང་རྨོག་འོད་འབར་དེ་ལ་འཕྲུ་དཀར་ཟླ་བ་ཤར་འདྲ་གཅིག་བཙུགས། རྟ་དཀར་པོ་ལྡིང་ཤེས་ལ་ཞོན་ཞིང་མདུན་སྐྱ་རེངས་ནམ་མཁའ་ལངས་འདྲ་ཞིག་ཐོགས་ཏེ་རྒྱབ་ནས་ཤོར་བྱུང་བ་ལ། འདན་མ་བྱང་ཁྲས་རྨ་ཆུའི་འགྲམ་དུ་རྟ་ཁ་ཕྱིར་བསློགས་ནས་གཞུ་སྟེང་དུ་མདའ་དངུལ་ལྟོང་མ་གཅིག་བཞག་ནས་བསྡད་པ་ན། སྲས་ཁྲི་བཙན་མཆོངས་ཡོང་སྟེ་འདན་མའི་སྟེང་དུ་མདུང་བསྣུན་ཡང་། འདན་མས་གྲི་འཇང་བ་ཡུ་རིང་གཡུགས་པས་མདུང་སྐེ་བཅད། དེར་སྲས་ཁྲི་བཙུན་བྲོས་བྱུང་བ་ན། འདན་མས་མདའ་དངུལ་ལྟོང་མ་གཅིག་བརྫངས་པས་ཁྲི་བཙུན་རིག་ཡག་གི་དཔྲལ་བའི་དཀྱིལ་དུ་ཕོག་སྟེ། རྨོག་དང་སྦྲགས་ཏེ་མདེའུ་ལྟག་པའི་རྒྱབ་ཏུ་བཏོན་ནས་དེ་མ་ཐག་ཕྱི་མའི་ཡུལ་དུ་བསྐྱལ།
       གསུམ། «རྨ་ཤེལ་བྲག་གཏེར་སྒོ་འབྱེད་པའི»སྐབས་སུ་བདུད་ཀྱི་བླ་འབྲོང་རྒོད་པས་མི་གསོད་རྟ་འགྱེད་ངན་པའི་བགེགས་སྐྱོན་བཟོད་མེད་བཟོས་པའི་དུས་དེར། གླིང་གི་ཁྲ་གླག་སྤྱང་གསུམ་གྱི་ཡ་གྱལ་ཚ་ཞང་འདན་མ་བྱང་ཁྲའི་རལ་གྲི་འཇང་པ་ཡུ་རིང་དམར་འོག་ཏུ་བཅུག་པའི་སྙན་པ་ཀུན་ཏུ་འཕུར་བ་ལགས།
       བཞི། «འཇང་གླིང་གཡུལ་འགྱེད»ཀྱི་སྐབས་སུ། འཇིག་རྟེན་ཁམས་ན་ཡ་མེད་པའི་འཇང་མི་དུག་གསུམ་དེ་དཔའ་མི་འགྱུར་ཚ་ཞང་འདན་མའི་མདའ་མི་འགྱུར་གནམ་ལྕགས་ཐོག་མདས་བརྒྱབ་ནས་ལྔ་བའི་ལམ་དུ་དྲངས་པར་མ་ཟད། འཇང་ས་དམ་རྒྱལ་པོའི་བླ་ལྕགས་དུར་རུ་ཁམས་པ་ཟེར་བ་དེ་དུམ་གསུམ་དུ་བཅགས་ཏེ་མེད་པར་བཟོས།
       ལྔ། «མོན་གླིང་གཡུལ་འགྱེད»ཀྱི་སྐབས་སུ་མོན་གྱི་དཔའ་རྒོད་གུ་ལྷ་ཐོག་འགྱུར་ཟེར་བ་རལ་གྲི་སྔོན་མོའི་ཁ་རུ་དྲངས་པ་དང་། སྟག་གླིང་གཡུལ་འཁྲུག་གི་སྐབས་སུ། སྟག་གཟིག་ནོར་གྱི་རྒྱལ་པོའི་སྲས་ཟླ་བ་ཁྲབ་བཙན་ཟེར་བ་སྐྱེན་པོ་མདའ་ཡིས་རྨེག་མེད་བཟོས། ཁ་ཆེ་རྒྱལ་པོའི་དམག་སྟོང་ཕྲག་གསུམ་གྱི་དམག་དཔོན་ངྷ་ར་ཐོགས་པའི་མི་གསུམ་དེ། ཉིན་གཅིག་གི་སྔ་གཞུག་ལ་དམར་འཛིང་བྱས་ཏེ། མཐའ་མར་མེད་པར་བཏང་བར་མ་ཟད་དམག་མི་སྟོང་ཕྲག་གཅིག་གི་མགོ་སྐེ་སར་འཕངས་པ་ཡིན་ཟེར།
       དྲུག །«ཤན་འདན་ནང་འཁྲུག»གི་སྐབས་སུ། ཧོར་གྱི་ཤན་པ་རྒྱལ་པོ་དང་གླིང་གི་དཔའ་རྟུལ་དམ་པ་འདན་མ་གཉིས་ལོ་འཁོར་གསུམ་ལ་ནང་འཁྲུག་ལངས་ཏེ་ཕན་ཚུན་གྱི་དམག་མིར་ཡང་གྱོང་གུད་ཆེན་པོར་བཟོས་པའི་མཐའ་མར་གླིང་རྗེ་གེ་སར་རྒྱལ་པོ་དང་སྤྱི་དཔོན་ཁྲ་རྒན་རྣམ་པས་བར་འདུམ་གྱི་ཞལ་ཏ་མང་པོ་མཛད་ཀྱང་མཐུན་མཐའ་མེད་པས་ན། སྨན་ཨ་ནེ་གོང་སྨན་རྒྱལ་མོས་བར་འདུམ་གྱི་ལུང་བསྟན་གནང་བར་བརྟེན། ཤན་འདན་སྟག་སེང་ཁ་སྤྲོད་ཅེས་མཐུན་པ་ལེགས་པར་ཡོང་སྟེ་བར་འདུམ་གྱི་རྡོ་རིང་ཡང་ཧོར་གླིང་གཉིས་ཀྱི་ས་མཚམས་སུ་བཙུགས་ཞེས་རྒྱལ་ཁམས་ཡོངས་ཀྱི་རྣ་བའི་རྒྱན་དུ་གྱུར་ཏོ། །
       བདུན། «གྲུ་གུ་གོ་རྫོང»ཕབ་སྐབས་སུ། དེ་ནས་གྲུ་གུའི་ཡུལ་ལ་སོང་། །གྲུ་གུ་ཐོག་རྒོད་རྒྱལ་པོ་ལ། །འགྲན་མེད་སྟག་བློན་ལྔ་བརྒྱ་གདའ། །གཟའ་རྒོད་ཐོག་འབེབས་སྙིང་མདའ་སྤྲད། །ཨ་མགོན་བྱ་ནག་མིག་གཅིག་དེ། །འཛམ་བུ་གླིང་ལ་ལན་མེད་ཟེར། །ཤན་པ་རྒྱལ་པོ་སྙིང་མདའ་སྤྲད། །དེ་ཡང་འདན་མས་མདའ་ཁར་དྲངས། །བརྒྱད། «མི་ནུབ་དར་རྫོང»ཕབ་པའི་སྐབས་སུ། དེ་ནས་མི་ནུབ་ཡུལ་ལ་སོང་། །མི་ནུབ་རྨ་བྱ་རྒྱལ་པོ་ལ། །དཔའ་བོ་ཁྱུང་ནག་སྤར་འཛིན་དང་། །འགྲན་མེད་སྦལ་རྒན་སྣ་རིང་གཉིས། །གླིང་འདན་མས་མདེའུ་ངར་ལ་དྲངས། མཐིང་གླིང་གཡུལ་འགྱེད་སྐབས་སུ། ཕར་འགྲོ་མཐིང་གཞོང་ས་ལ་སོང་། །འགྲན་མེད་ཀླུ་ཚ་བུ་ལྔ་དེ། །ཉ་སྤྲལ་བ་ཁ་ཆེན་ཁོག་ནས་སྐྱེས། །བུ་ཆེ་བ་དུག་རི་དམར་པོ་དེ། །ངར་མ་མདའ་ཡིས་དཔྲལ་བ་གཏོར། །ཞེས་པའི་དཔའ་བོའི་ལག་རྗེས་བཀོད་འདུག
       དགུ །«བྷ་ཀ་ལ་འཕྲུལ་གྱི་རྒྱལ་པོ»ལས་བྷ་ཀ་ལའི་རྒྱལ་པོ་འདུལ་བའི་སྐབས་སུ་འདི་ལྟར་བཀོད་གདའ། གླིང་འདན་མ་མཐའ་ཡི་རྒྱ་མཚོའི་ཕར་མཐའ་ན། རང་བྱུང་བྱུ་རུའི་སྡོང་པོ་བཅད་པའི་དུས། བྱེ་མའི་ལ་དགུ་ལུང་དགུ་བརྒལ། བཤན་ཆུ་འགག་ལམ་གོ་དགུ་གཤགས། ཚ་དྲོད་འཕེལ་དུས་ཚ་ཤི་ཐེབས། ཚ་བ་མ་བཟོད་ནས་འདན་མ་རྟ་ཐོག་ནས་ལྷུང་སྟེ་དྲན་མེད་སོང་། གྲང་རླུང་ལྡང་སྟེ། སྟེང་ནས་ཁ་ཆུར་བུ་ཡུག་འཚུབ། རྒྱབ་ནས་ལས་ངན་རླུང་བུས་དེད། མདུན་ནས་མུན་པས་ཁ་བསུ་བྱས། འབྱུང་གཞི་འཁྲུགས་ནས་འཆི་ལ་ཁད་དུ་གྱུར། འདན་མ་འཇིག་རྟེན་ཁམས་ནས་མི་མ་ཤི་དམྱལ་བའི་ཚ་གྲང་རོལ་སོང་བའི་རྐྱེན་གྱིས། དམྱལ་གླིང་རྫོགས་པ་ཆེན་པོ་ཡི་ནང་གླིང་གེ་སར་རྒྱལ་པོ་གཙོས་མཛད་པའི་དཔའ་རྟུལ་ཚང་མ་སྟེང་ལྷ་ཡུལ་དུ་ཕེབས་རྗེས། འདན་མས་ལོ་གསུམ་གྱི་བར་དུ་དཔའ་རྟུལ་སུམ་ཅུ་ལ། མཆོད་རྟེན་ཚད་དང་ལྡན་པ་སུམ་ཅུ་བཞེངས། དེ་ནས་རྒྱ་གར་འཕགས་པའི་ཡུལ་དུ་ཆིབས་ཁ་བསྒྱུར་ཏེ་བྱོན་ཞེས་གྲགས་པ་ཡིན་ནོ། །
       ད་དུང་གོ་ར་ཚྭ་རྫོང་ཕབ་སྐབས་དང་གངས་རི་ཤེལ་རྫོང་ཕབ་སྐབས། སོག་པོ་རྟ་རྫོང་ཕབ་སྐབས། བྱེ་རུའི་བྱུར་རྫོང་ཕབ་སྐབས་བཅས་སུ་འདན་མས་བྱས་རྗེས་རི་བོའི་གཏོས་དང་མཉམ་པ་ལྟ་བུ་བཞག་ཡོད་པ་རེ་རེ་བརྗོད་ན་མང་ཆེ་བས་འདི་བཞིན་ནོ། །
       སྤྱིར་ཚ་ཞང་འདན་མ་བྱང་ཁྲའི་རླབས་ཆེན་གྱི་མཛད་རྗེས་དང་རིགས་རུས་ཆོ་འབྲང་། འཁོར་གསུམ་མཚོན་ཆ། ལྷག་བསམ་གྱི་བརྩོན་འགྲུས། མི་ཞུམ་པའི་དཔའ་ངར། རྣམ་དཔྱོད་ཀྱི་བློ་གྲོས། བདག་པས་གཞན་གཅེས་ཀྱི་བསམ་བློ་བཅས་ནི་ཞིབ་ཏུ་བརྗོད་ན་འཛད་མཐའ་མེད་པ་ཡིན་པས་འདིར་རགས་ཙམ་ཞིག་བརྗོད་པ་ཡིན་ནོ། །
       འདིར་སྨྲས་པ།
གེ་སར་རྒྱལ་པོའི་དཔུང་རོགས་འགྱུར་མེད་རྡོ། །
དགྲ་སྡེ་རྨེག་མེད་འཇོམས་པའི་དཔའ་བོའི་རྩེ། །
ཉམ་ཐག་ཀུན་ལ་བྱམས་བརྩེ་བྱང་ཆུབ་སེམས། །
ཚ་ཞང་འདན་མ་མཉམ་མེད་གཙུག་གི་རྒྱན། །
འཁྲུངས་ཡུལ་འདན་ཁོག་གསེར་གཞོང་རིང་མོ་གཅིག །
རྫོང་མཁར་འགྲན་མེད་ཤར་ལུང་རི་དྲུག་གཉིས། །
ཆིབས་པ་རྟ་མཆོག་དངོས་གྲུབ་ལྡན་པ་གསུམ། །
ཡ་མེད་འདན་མའི་ངོ་མཚར་རྟེན་གཞི་ལགས། །
ཡབ་མིང་བྱང་བ་མི་འཇིགས་ཁྱུང་བཙན་ཉིད། །
ཡུམ་མཚན་བཟང་མོ་འདན་བཟའ་ཨ་སྒྲོན་སྐད། །
བཙུན་མོར་འབྲུ་བཟའ་དཔལ་སྐྱིད་ཁབ་ཏུ་བཞེས། །
མིང་སྲིང་ལྔ་ལས་གྲུབ་པའི་ཁྱིམ་རྒྱུད་བདོ། །
ལོ་ཚིགས་ས་ཕོ་འབྲུག་ལོའི་ཟླ་བཅུར་འཁྲུངས། །
འཕྲིན་ལས་དོན་ཆེན་གླིང་དཀར་སྟོད་དུ་རྒྱས། །
གླིང་ལས་མེད་དུ་མི་རུང་དཔའ་རྒོད་གཅིག །
མཚན་སྙན་འཛམ་གླིང་ཡོངས་སུ་བར་མེད་ཁྱབ། །

ཅེས༢༠༢༦ལོའི་ཟླ༣ཚེས༢༨ཉིན་རྒན་པོ་གཅོད་པ་དོན་གྲུབ་ཀྱིས་གནའ་མཁར་ཟི་ལིང་ནས་སྦྱར་ཞིང་མཇུག་བསྒྲིལ་བ་དགེའོ། །
འབྲེལ་ཡོད་འོས་སྦྱོར།