logo

༄༅།། ཀུན་མཁྱེན་འཇིགས་མེད་དབང་བོའི་རྣམ་ཐར་མདོར་བསྡུས་བཞུགས་སོ། །

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2018-12-11 ཀློག་གྲངས།:

     དེ་ཡང་རྗེ་བཙུན་བླ་མ་དམ་པ་འདི་ཉིད་གང་དུ་ཐོག་མར་སྐུ་བལྟམས་པའི་མཛད་པ་ཉེ་བར་བསྟན་པའི་ཡུལ་ནི། དགེ་བཅུའི་ལང་ཚོ་མཆོག་ཏུ་དར་བ་མདོ་སྨད་ས་ཡི་ཐིག་ལེ། འཇམ་མགོན་བསྟན་པའི་འཁོར་ལོ་ངུར་སྨྲིག་འཆང་བའི་སྐུ་ཡི་རྣམ་པར་བཞེངས་པའི་གནས་མཆོག་ཙོང་ཁའི་རྒྱུད་དང་ཧ་ཅང་མི་རིང་བའི། སྣང་རའི་གྲམ་པ་ནང་བྱ་བར་ལྡོང་གི་རིགས་ལས་ཡབ་གཅན་ཚའི་དཔོན་པོ་ངག་དབང་རྣམ་རྒྱལ་དང་། ཡུམ་གནམ་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་པའི་ས་སྤྲེལ1728ལོའོ་ཧོར་ཟླ3ཚེས8ལ་སྐུ་བལྟམས།
     དགུང་ལོ་གཉིས་བཞེས་པའི་སྐབས་སུ་བུད་མེད་ཅིག་གི་སྐྲ་ཆུ་འཐོར་བ་ཞལ་དུ་སོང་བའི་རྐྱེན་གྱིས་ཐུགས་རིག་སྔར་ལས་ཅུང་ཟད་མི་གསལ་བར་སོང་། དེའི་ཚེ་ཡུམ་གྱི་མནལ་ལམ་དུ་སྣང་རའི་གསེར་ཁང་ན་གསེར་དངུལ་གྱིས་བྲིས་པའི་གླེགས་བམ་མང་བོ་འདུག་པའི་སྟེང་དུ་འགོམ་ཡུག་ཤོར་བ་སོགས་ཡང་ཡང་རྨིས། དེའི་གནས་ཚུལ་སྐུ་ཞང་དགེ་སློང་བརྒྱུད་ནས་སྟོང་སྐོར་རིན་པོ་ཆེར་སྙན་སྒྲོན་ཕུལ་བར། བྱིས་པ་ལ་གཙང་སྦྲ་མ་ཐུབ་པའི་སྐྱོན་དུ་འདུག་པས། བསྐང་གསོ་གང་མང་ཐོན་གསུངས་པ་ལྟར་བསྒྲུབས་པའི་ཆོས་སྲུང་དམ་ཅན་རྒྱ་མཚོའི་གཟི་བྱིན་ལ་བརྟེན་ནས་སྐུ་ལ་གནོད་པ་ཆེར་མ་བྱུང་། དེ་ནས་དགུང་ལོ་དྲུག་བཞེས་པ་ཆུ་མོ་གླང་གི་ལོ་བརྟན་མཁས་ཀྱི་ཡོན་ཏན་གཉིས་དང་ལྡན་པའི་གནང་བརྟན་འདུལ་བ་འཛིན་པ་དགེ་ཕྱུག་ཆོས་རྗེ་དོན་གྲུབ་རྒྱ་མཚོའི་ཞལ་སྔ་ནས་ཀྱི་དྲུང་ནས་རབ་ཏུ་བྱུང་སྟེ་ངུར་སྨྲིག་གི་རྒྱལ་མཚན་བཞེས་ཤིང་མཚན་ལ་ངག་དབང་རྒྱལ་མཚན་དུ་གསོལ་ནས་འགྲོ་བའི་ཡོན་གནས་དམ་པར་གྱུར།
     དགུང་ལོ་བཅུ་གསུམ་ལ་ཕེབས་པ་ལྕགས་ཕོ་སྤྲེའུའི་ལོ། མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་རིན་པོ་ཆེ་དུ་མས་ཐུགས་ཀྱི་གན་མཛོད་ཕྱུར་བུར་གཏམས་པ། ཡུལ་མདོ་སྨད་ཀྱི་འཕགས་པ་ཉེ་བར་འཁོར། སྟོང་སྐོར་རིན་པོ་ཆེ་ངག་དབང་བསོད་ནམས་རྒྱ་མཚོ་དཔལ་བཟང་བོའི་ཞལ་སྔ་ནས་ཀྱི་དྲུང་ནས་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་ཡང་དག་པར་བཞེས་ཏེ། མཚན་ལ་ངག་དབང་འཇམ་དབྱངས་འཕྲིན་ལས་རྒྱལ་མཚན་དཔལ་བཟང་བོར་གསོལ།
     དགུང་ལོ་བཅུ་དྲུག་བཞེས་པ་ཆུ་མོ་ཕག་གི་ལོའི་དཔྱིད་ཀ་ཡང་བསྐྱར་བླ་བྲང་དཔོན་ཚང་གཉིས་ནས་མི་སྣ་མངགས་ཏེ། དཔོན་པོ་ཨ་ལ་དར་ཨ་བུའི་ཞལ་ཆེམས་སོགས་རྒྱུ་མཚན་ཐམས་ཅད་ཡང་ཡང་ཞུས་ནས་ལོ་དེ་ནང་དུ་འབྱོན་རྒྱུའི་སྟ་གོན་བརྩམས། སྟོན་ཀར་ཉན་ཐོས་ཀྱི་ཉོན་མོངས་མེད་པའི་ཏིང་ངེ་འཛིན་ལས་ཁྱད་པར་དུ་འཕགས་པའི་ཆོས་སུ་གསུངས་པ་ལྟར་གདུལ་བྱ་རྣམས་མཐོང་ཐོས་དྲན་རེག་ཙམ་གྱི་སྒོ་ནས་ཀྱང་འཁོར་བ་མཐའ་ཅན་དུ་མཛད་ཅིང་ཐར་བའི་ས་བོན་ཁྱད་པར་ཅན་བསྐྲུན་ཏེ། དད་པའི་ས་ལ་འགོད་བཞིན་པའི་མུ་ནས་རྒྱལ་བའི་ལུང་གིས་ཟིན་པའི་ཆོས་གྲྭ་ཆེན་པོ་དགའ་ལྡན་བཤད་སྒྲུབ་དར་རྒྱས་བཀྲ་ཤིས་གཡས་སུ་འཁྱིལ་བའི་གླིང་གི་བླ་བྲང་ཆེན་མོ་ཕྱོགས་ལས་རྣམ་པར་རྒྱལ་བའི་ཐུབ་བསྟན་ཕོ་བྲང་དུ་མི་འཇིགས་གདོང་ལྔས་བཏེགས་པའི་གསེར་གྱི་ཁྲི་འཕང་མཐོན་པོར་ཞབས་ཀྱི་པདྨོ་ཉེ་བར་བཀོད་དེ་དཀར་ཕྱོགས་དགའ་བའི་ལྷ་རྣམས་ཀྱིས་དགེ་མཚན་དང་བོའི་ཡི་གེ་དགའ་ལྡན་ཆོས་ཀྱི་མདུན་སར་སྤྲེངས་སོ། །
     དགུང་ལོ་བཅོ་བརྒྱད་པ་ཤིང་མོ་གླང་གི་ལོ་གསར་གྱི་དགའ་སྟོན་བཏང་། སྨོན་ལམ་སྟེང་དུ་གསུང་ཆོས་ལ་སྐྱེས་རབས་དང་སྤྱོད་འཇུག་གི་འཕྲོ་ནས་གནང་། མཚན་ཉིད་ཞབས་ཕྱི་རྣམས་དང་ལྷན་དུ་རྩོད་པའི་འཕྲོ་བསྐྱངས་ཤིང་། གནས་ལྔ་རིག་པའི་དབང་ཕྱུག་དབྱིག་ཀྱ་རབ་འབྱམས་པ་ངག་དབང་འཇམ་དབྱངས་པ་ལ་བརྟེན་ནས། དབྱངས་ཅན་སྒྲ་མདོ་དང་། སྡེབ་སྦྱོར་རིན་ཆེན་འབྱུང་གནས་སོགས་རིག་པའི་གནས་དུ་མར་གསན་སྦྱོང་མཛད། དགུང་ལོ་ཉེར་གཉིས་ཐོག་ལྕང་སྐྱ་རོལ་བའི་རྡོ་རྗེ་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ཏེ། མཚན་ལདཀོན་མཆོག་འཇིགས་མེད་དབང་བོ་ཡེ་ཤེས་བརྩོན་འགྲུས་གྲགས་པའི་སྡེར་གསོལ།
དགུང་ལོ་ཉེར་ལྔ་བ་ཆུ་སྤྲེལ་གྱི་གནམ་ལོ་གསར་དུ་བཞད་པའི་དུས་སྟོན་དང་སྨོན་ལམ་ཆེན་མོའི་ཚོགས་ཆོས་སོགས་ལེགས་པར་གྲུབ་ནས་ལོ་དེར་དབུས་སུ་བྱོན་ཏེ་། འབྲས་སྒོ་མང་གྲྭ་ཚང་དུ་ཆོས་ཞུགས་གནང་། དགུང་ལོ་༨ཀྱི་རིང་བཀའ་བོད་ཡོངས་རྫོགས་སྦྱང་བ་དཔྱིས་ཕྱིན་མཛད། ༸རྒྱལ་དབང་སྐལ་བཟང་རྒྱ་མཚོ་དང་པཎ་ཆེན་དཔལ་ལྡན་ཡེ་ཤེས། དཔོན་སློབ་བྱམས་པ་རིན་པོ་ཆེ་སོགས་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་བསྟེན། དགུང་ལོ་སོ་གཉིས་པར་མདོ་སྨད་དུ་ཕེབས། པཎ་ཆེན་སོགས་མཁས་མང་བྱེ་བས་མདོ་སྨད་ཀྱི་མ་ཧཱ་པཎྜི་ཏ་ངེས་དོན་གྱི་བསྟན་པའི་བདག་པོ་ཆོས་ཀྱི་རྒྱལ་བོ་ཆེན་པོ་ཞེས་ཆོས་ཀྱི་རྒྱལ་སྲིད་ཆེན་པོར་དབང་བསྐུར་བར་མཛད་དོ། །
     དགུང་ལོ་སོ་དྲུག་པའི་ལོ་གསར་སྨོན་ལམ་གྱི་སྐབས་ཀྱི་གསུང་ཆོས་སོགས་སྔར་རྒྱུན་ལྟར་གནང་། རྗེ་ཉིད་དབུས་སུ་བཞུགས་སྐབས་པཎ་ཆེན་ཐམས་ཅད་མཁྱེན་པ་ནས་དུས་འཁོར་གྲྭ་ཚང་ཞིག་འདེབས་དགོས་ཀྱི་བཀའ་ལུང་ཡོད་པ་བཞིན། མ་འོངས་པ་ན་རིགས་ལྡན་གྱི་གདུལ་བྱར་འགྱུར་བའི་རྟེན་འབྲེལ་བསྒྲིག་ཆེད་དང་། སྤྱིར་ཡང་ཚེ་གཅིག་སངས་རྒྱས་སྒྲུབ་པའི་ལམ་སྲོལ་རྒྱུད་སྡེ་གཞན་དང་ཐུན་མོང་མ་ཡིན་པ་འདི་ཉིད་དུས་དབང་གིས་ཆེས་ཉག་ཕྲ་བར་འདུག་པ་སླར་གསོ་བའི་ཕྱིར་དུ། ནག་ཟླའི་ཉ་ལ་དུས་འཁོར་གྲྭ་ཚང་ཨེ་ཝཾ་ཆོས་འཁོར་གླིང་བཏབ་སྟེ། ཐོག་མར་ཆོས་ཀྱི་ཁྲི་ལ་རྗེ་ཉིད་ཀྱི་ཞབས་སེན་བཀོད་དེ་ཆོས་མཐུན་ཁ་ཤས་གནང་ཞིང་། དེ་ནས་གསང་ཆེན་རྒྱུད་སྡེ་རྒྱ་མཚོའི་གནད་ལ་ནང་བྱན་ཆུད་པའི་མཁས་པའི་དབང་བོ་ལྷོ་བ་སྔགས་རམས་པ་གྲྭ་ཚང་གི་དཔོན་སློབ་དང་དགེ་བའི་བཤེས་གཉེན་རབ་བརྟན་རྒྱ་མཚོ་རྡོ་རྗེ་འཛིན་པར་བསྐོ་བཞག་མཛད། རྒྱུན་གྱི་སྒྲིགས་ལམ་སོགས་ཀྱི་རིམ་པ་ཡང་མཁས་གྲུབ་ཐམས་ཅད་མཁྱེན་པས་མཛད་པའི་སྐུ་གསུང་ཐུགས་ཡོངས་རྫོགས་ཀྱི་ཆོ་ག པཎ་ཆེན་གོང་མས་མཛད་པའི་དུས་འཁོར་ལྷ་བཅུ་གསུམ་མ། རྣམ་སྣང་མངོན་བྱང་། འཇམ་དཔལ་མཚན་བརྗོད་རྣམས་རྒྱུན་འདོན་དང་། མཚམས་མཚམས་སུ་ཆོས་སྐྱོང་སོ་སོའི་དུས་གཏོར་དང་། དུས་ཚིགས་ངེས་ཅན་ལ་ཕྱག་རྒྱ་དང་དབྱངས་ལྟ་སོགས་སློབ་རྒྱུ། ནག་ཟླའི་དུས་ཆེན་དང་བསྒྲིགས་ཏེ། རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་ནས་དུས་ཀྱི་འཁོར་ལོའི་སྒྲུབ་མཆོད་ཞིབ་རྒྱས་གར་ཐིག་དབྱངས་དང་བཅས་པཎ་ཆེན་ན་རིམ་གྱི་ཕྱག་བཞེས་ཉམས་མེད། སྟོན་ཀུན་རིག་རྡུལ་ཚོན་ལ་བརྟན་པའི་སྒྲུབ་མཆོད་ཕྱག་ལེན་སྐྱོར་ལྟ་སོགས་སྐྱོར་མོ་ལུང་བའི་ཕྱག་སྲོལ་མ་ནོར་བ། ཆོས་གྲྭ་ནས་ཊཱིཀ་ཆེན་དེ་ཉིང་སྣང་བ། རྒྱལ་ཚབ་རྗེ་དང་བ་སོ་བའི་དུས་འཁོར་བསྐྱེད་རྫོགས། རྒྱུད་སྡེ་སྤྱི་རྣམ་བཅས་ཀྱི་འཆད་ཉན་གནད་སྨིན་བྱེད་དགོས་པར་བཀས་བཅད་ཅིང་། རྒྱུད་འདིའི་ཕྱི་ནང་གཞན་གསུམ་གྱི་རྣམ་བཞག་ཞིབ་པར་ཤེས་པ་ལ། བྱེད་གྲུབ་ཀྱི་རི་མོ་ལ་གོ་བ་རྩལ་ཐོན་པ་ཞིག་མེད་མི་རུང་དུ་དགོས་གནད་ཀྱིས་སྐར་རྩིས་ལ་སྦྱངས་དགོས་པ་དང་། གཞན་ཡང་ཀ་ཙན་གཉིས དབྱངས་ཅན་སྒྲ་མདོ། ལཉྩ་སོགས་ཡིག་རིགས་སྣ་ཚོགས། གཏོར་མའི་བཅའ་བཟོ། རོལ་མོ་འབུད་བཀྲོལ་གྱི་རིགས་སོགས་དབང་པོའི་རིམ་པ་དང་མཐུན་པར་སློབ་རྒྱུའི་བཀོད་ཁྱབ་སོགས་སྒྲིགས་ལམ་འདི་ཐམས་ཅད་དུས་གཅིག་ཏུ་བཙུགས་པ་མིན་ཡང་། དེ་ནས་བཟུང་སྟེ་སྐབས་སུ་གང་བབས་ཐབས་མཁས་ཀྱི་སྒོ་ནས་རིམ་པ་བཞིན་གནང་སྟེ་གཉིས་མེད་དུས་ཀྱི་འཁོར་ལོའི་ལམ་སྲོལ་ཆ་ཐམས་ཅད་ནས་རྒྱས་སུ་སྤེལ་བའི་རྒྱུ་ཚོགས་ཚང་བར་བསྒྲུབས། རྣམ་སྣང་མངོན་བྱང་བཙུགས་པའི་དགོས་པ་ཡང་། ད་ལྟ་སྤྱོད་རྒྱུད་ལ་དབང་དང་ཆོ་ག་བཤད་ཉན་གང་གི་ངོས་ནས་ཀྱང་ཕྱོགས་མཐའ་དག་ཏུ་ཕལ་ཆེར་ནུབ་པ་ལྟར་སོང་འདུག་འདི་ཅུང་ཟད་གསོ་ཨེ་ཐུབ་གྱི་ཐུགས་དགོངས་ཡིན་པས། ཕྱིས་འདི་ཉིད་ཀྱི་དབང་ཡང་ཆེད་དུ་གནང་སྟེ། སྔོན་རྗེ་ཐམས་ཅད་མཁྱེན་པས་ཀྱང་དོན་འདི་ལ་དགོངས་ནས། རྣམ་སྣང་གི་དངུལ་སྐུ་ཆེན་མོ་བཞེངས་པ་ཡིན་པས། ཚུལ་འདི་ནི་སངས་རྒྱས་ཀྱི་བསྟན་པ་ཁོ་ན་ཐུགས་ལ་བཅངས་ཏེ། སྒོ་ཐམས་ཅད་ནས་དེའི་དོན་འབའ་ཞིག་མཛད་པའི་རྣམ་པར་ཐར་བ་བསམ་གྱིན་དད་པའི་སྙིང་རྩ་འདར་བའི་འོས་ཤིག་ཡིན་ནོ།། ལྕགས་པོ་རིའི་སྨན་པ་གྲྭ་ཚང་ལྟར་དུ་བླ་བྲང་དུ་སྨན་པ་གྲྭ་ཚང་འཛུགས་དགོས་པའི་ཞལ་བཀོད་གནང་། རེ་ཞིག་སྐུ་དངོས་ཀྱི་གདུལ་བྱ་རྫོགས་པ་ན། དགུང་ལོ་རེ་བཞི་བ་ལྕགས་ཕག1719ལོའི་ཧོར་ཟླ་བཅུ་བའི28ཉིན་ཀ་མདོ་བཀྲ་ཤིས་ཆོས་སྡེར་གཟུགས་སྐུ་རགས་པའི་བཀོད་པ་ཆོས་དབྱིངས་སུ་བསྡུ་བར་མཛད་དོ། །


འབྲེལ་ཡོད་འོས་སྦྱོར།