༄༅། །ཀོའུ་བ་ཆོས་ཀྱི་རྒྱ་མཚོའི་རྣམ་ཐར་བརྗེད་བྱང་།
རྩོམ་པ་པོ།:བན་དེ་རྒྱལ།
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2021-11-18
ཀློག་གྲངས།:
༄༅། །ཀོའུ་བ་ཆོས་ཀྱི་རྒྱ་མཚོའི་རྣམ་ཐར་བརྗེད་བྱང་།
བན་དེ་རྒྱལ། ནུབ་བྱང་མི་རིགས་སློབ་ཆེན།
ཀོའུ་བ་ཆོས་ཀྱི་རྒྱ་མཚོ(1587-1635)ནི་བསྟན་པའི་ལས་དོན་བླ་རུ་བཏེགས་མྱོང་བའི་མཁས་པ་ཆེན་པོ་ཞིག་སྟེ། ཁོང་དབུས་གཙང་ཡུལ་གྱི་ཆོས་གྲྭ་ཆེན་པོ་དུ་མར་ཕེབས་ཏེ་པཎ་ཆེན་བློ་བཟང་ཆོས་རྒྱན(1570-1663)དང་ཆུ་བཟང་བྱམས་པ་ལྷུན་གྲུབ།(འབྲས་སྤུངས་སྒོ་མང་གི་གདན་རབས18པ། འཁྲུངས་འདས་མ་གསལ།) སྡེ་བ་ཆོས་རྗེ་བསྟན་འཛིན་བློ་བཟང་རྒྱ་མཚོ(1593-1638)སོགས་མཁས་གྲུབ་དུ་མ་ལས་བཀའ་ཆོས་མང་དུ་གསན་ཞིང་བཀའ་བཅུའི་མཚན་རྟགས་བཞེས། ཕྱིས་མདོ་སྨད་དུ་ཕེབས་ཏེ་ཀོའུ་བ་དགོན་པ་རྒྱ་བསྐྱེད་དང་ལྷུན་གྲུབ་ཆོས་རྫོང་གསར་བཞེངས་མཛད། ལྷག་པར་སྐུ་འབུམ་བྱམས་པ་གླིང་གི་ཁྲི་ཐོག་གཉིས་པར་བཞུགས་པ་དང་རོང་བོ་དགོན་པ་སོགས་ཆོས་གྲྭ་དང་སྒྲུབ་སྡེ་དུ་མར་འཆད་ཉན་དང་ཐུགས་དམ་མཛད་པས་མདོ་སྨད་དུ་ནང་བསྟན་སྤྱི་དང་ལྷག་པར་དགེ་ལུགས་པའི་གྲུབ་མཐའ་སྤེལ་བ་ལ་སྐུ་དྲིན་ཤིན་ཏུ་ཆེ། ཁོང་གི་བུ་སློབ་ཏུ་གྱུར་པ་ནི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་མོ་གྲུབ་ཆེན་ཆོས་པ་རིན་པོ(1581-1658)དང་ཤར་སྐལ་ལྡན་རྒྱ་མཚོ(1607-1677)ཡབ་སྲས་སོགས་ཡོད་ཅིང་། བསྟན་བཅོས་ལ་ལོ་རྒྱུས་རིན་ཆེན་ཕྲེང་བ། བསྟན་བཅོས་གཟེ་མ་ར་མགོ །ས་གསུམ་མའི་བསྡུས་དོན་སོགས་བཞུགས། ཡིན་ན་ཡང་། ད་ལྟའི་ཆ་ལ་ཁོང་གི་མཛད་པ་རྣམ་ཐར་དང་བཅས་པར་རྒྱུས་ཡོད་མཁན་ཤིན་ཏུ་དཀོན་ཞིང་། འགའ་ཤས་ཡོད་པ་ལ་དཔྱད་པའི་ཆ་ཤིན་ཏུ་ཉུང་ཁར་ལོ་ཚིགས་སོགས་ཀྱི་ཐད་ནོར་བ་ཡང་རེ་གཉིས་མཆིས་པས། ཁོ་བོས་ཆེད་དུ་ཡིག་ཚང་དུ་མར་འཚོལ་བསྡུ་བྱས་པར་ཁོང་གི་རྣམ་ཐར་འགའ་ཤས་ལག་ཏུ་སོན་ཞིང་དེ་དག་བཀླགས་པ་བརྗེད་བྱང་དུ་འགོད་པར་བྱའོ། །
གཅིག སྔར་གྱི་ཡིག་ཚང་དུ་བཞུགས་པའི་རྣམ་ཐར།
ད་ལྟ་ང་ཚོའི་ལག་ཏུ་སོན་པའི་ཁོང་གི་རྣམ་ཐར་ཁ་ཚང་ལ་ཅུང་ཞིབ་ཆ་དང་ལྡན་པ་ནི་ཤར་སྐལ་ལྡན་རྒྱ་མཚོས་མཛད་པའི«རྗེ་བཙུན་ཆོས་ཀྱི་རྒྱ་མཚོ་དཔལ་བཟང་པོའི་རྣམ་པར་ཐར་བ་ལེགས་པར་བཞུགས་སོ»[1]བྱ་བ་དང་། «རྗེ་བཙུན་ཆོས་ཀྱི་རྒྱལ་པོ་ཐམས་ཅད་མཁྱེན་པ་ཀོའུ་བ་ཆོས་ཀྱི་རྒྱ་མཚོའི་རྣམ་པར་ཐར་པ་ཚིགས་བཅད་མ»[2]བྱ་བ་གཉིས་ལགས་ཤིང་། དེར་གཙོ་བོ་དབུས་གཙང་སོགས་སུ་སློབ་གཉེར་མཛད་ཚུལ་དང་། མདོ་སྨད་སོགས་སུ་བསྟན་པར་བྱ་བ་མཛད་ཚུལ་སོགས་ཁོང་སྐུ་འཁྲུངས་པ་ནས་འདས་པའི་བར་གྱི་ལོ་རྒྱུས་བཀོད་འདུག ཤར་སྐལ་ལྡན་རྒྱ་མཚོ་ནི་ཀོའུ་བ་ཆོས་ཀྱི་རྒྱ་མཚོའི་སློབ་མ་ཡིན་པས་ཁོང་གི་དགེ་རྒན་གྱི་སྐུ་ཚེའི་ལོ་རྒྱུས་ལ་རྒྱུས་ཤིན་ཏུ་ཆེ་བར་ངེས་པས་བསྟན་བཅོས་འདི་ག་ཁུངས་བཙུན་པར་ངེས། ཡིན་ན་ཡང་། འདི་གཉིས་ཀའི་གོང་དུ་ཀོའུ་བ་ཆོས་ཀྱི་རྒྱ་མཚོ་ལ་རང་རྣམ«རང་གི་ལོ་རྒྱུས་རིན་ཆེན་ཕྲེང་བ»བྱ་བ་ཞིག་ཡོད་པར་མངོན་པས་འདི་གཉིས་ཀ་དེ་ལ་གཞི་བྱས་ཏེ་མཛད་པ་ཡིན་ནམ་སྙམ་མོད། རང་རྣམ་ད་དུང་ལག་ཏུ་མ་སོན་པས་འཆད་དཀའ། ཤར་སྐལ་ལྡན་རྒྱ་མཚོས་མཛད་པའི་རྣམ་ཐར་དེ་གཉིས་ནི་བརྗོད་བྱ་གསལ་ལ་སྙན་ངག་གི་རྒྱན་གྱིས་མ་བཅིངས་པར་ཤིན་ཏུ་གོ་སླ་བར་ཡོད་ཅིང་། གཅིག་ནི་ཚིགས་བཅད་དང་ཅིག་ཤོས་ཚིག་ལྷུག་ཡིན་པ། བརྗོད་བྱ་གཅིག་ཏུ་འབབ་པ་སོགས་ལ་བརྟགས་ན་རྒྱས་བསྡུས་དང་རྩ་འགྲེལ་གྱི་འབྲེལ་བ་ཞིག་འདུག་སྙམ་མོད། ཚིགས་བཅད་མ་ལ་སྐུལ་བ་བོ་ལས་ནམ་མཛད་ཀྱི་དུས་མི་གསལ་བས་དེ་ཡང་ཁ་ཚོན་གཅོད་དཀའ།
ཀོའུ་བ་ཆོས་ཀྱི་རྒྱ་མཚོའི་རང་རྣམ«ལོ་རྒྱུས་རིན་ཆེན་ཕྲེང་བ»བྱ་བ་དེ་ག་གུས་པས་བཙལ་ཡང་ལག་ཏུ་མ་སོན། བསྟན་བཅོས་གཟེ་མ་ར་མགོ་བྱ་བ་དེ་བླ་བྲང་དཔེ་མཛོད་ཁང་དུ་བཞུགས་པས། འདི་ཡང་དེ་གར་བཞུགས་པར་འདོད་པས་ཨ་ཁུ་ཐོགས་མེད་ལགས་ཀྱི་མཛུབ་སྟོན་བཞིན་བླ་བྲང་དགོན་པའི་དཔེ་རྙིང་དཀར་ཆག
«བསྟན་བཅོས་ཁག་ཅིག་གི་མཚན་བྱང»བྱ་བར་བཙལ་ཀྱང་མ་རྙེད། ཤར་སྐལ་ལྡན་རྒྱ་མཚོས་དེ་ག་ལུང་དྲངས་པ་ཚིགས་བཅད་ཡིན་ཚུལ་ལ་གཞིགས་ན་ཕལ་ཆེར་རང་རྣམ་འདི་ཚིགས་བཅད་ཡིན་ཤས་ཆེ་ལ། ཤར་སྐལ་ལྡན་རྒྱ་མཚོས་མཛད་པའི་རྣམ་ཐར་ཚིགས་བཅད་མ་དང་ཤིན་ཏུ་འདྲ་བོ་ཡོད་ངེས་པར་འདོད། ཡིན་ཡང་དེ་ག་ད་དུང་ལག་ཏུ་མ་རེག་པས་འདི་ནི་ཚོད་དཔག་ཙམ་མོ། །
ཤར་སྐལ་ལྡན་རྒྱ་མཚོས་མཛད་པའི་ཆོས་པ་རིན་པོ་ཆེའི་རྣམ་ཐར«རྣལ་འབྱོར་གྱི་དབང་ཕྱུག་བློ་བཟང་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དད་པའི་འདྲེན་བྱེད»དང་། སྡེ་བ་ཆོས་རྗེ་ཡི་རྣམ་ཐར«རྗེ་བཙུན་ཐམས་ཅད་མཁྱེན་པ་བསྟན་འཛིན་བློ་བཟང་རྒྱ་མཚོ་དཔལ་བཟང་པོའི་རྣམ་པར་ཐར་བ་དད་པའི་སྒོ་འབྱེད»གཉིས་སུ་ཡང་ཀོའུ་བ་ཆོས་ཀྱི་རྒྱ་མཚོ་ཡི་ལོ་རྒྱུས་ཁ་ཤས་གསལ་ཏེ། སྔ་མ་ལས་ཀོའུ་བ་ཆོས་ཀྱི་རྒྱ་མཚོ་ཤིང་ཕོ་བྱི་བར་རོང་བོ་དགོན་པར་ཀུན་གཟིགས་ལྷ་ཁང་གི་རབ་གནས་ལ་ཕེབས་པ་བྲིས་ཡོད་ཅིང་།[3] ཁྱིའི་ལོ་ལ་གྲུབ་ཆེན་ཆོས་པ་རིན་པོ་ཆེ་དགོན་ལུང་དུ་ཕེབས་ཤིང་། ཕྱིར་ལམ་རྨ་ཀླུང་ལྷུན་གྲུབ་ཆོས་རྫོང་དུ་རྗེ་བཙུན་ཆོས་ཀྱི་རྒྱ་མཚོའི་སྐུ་གདུང་ལ་མཇལ་བ་སོགས་གསལ།[4] ཕྱི་མར་སྡེ་བ་ཆོས་རྗེ་མཚོ་ཁར་ཕེབས་རྗེས་བྱ་ཁྱུང་སོགས་ཆོས་སྡེ་བོད་སྡེ་དུ་མར་བྱོན་ཏེ་སྐུ་འབུམ་དུ་ཕེབས་དུས་ཀོའུ་བ་ཆོས་ཀྱི་རྒྱ་མཚོས་བཀའ་བཀོད་གནང་ནས་སེར་སྦྲེངས་དང་རྟ་བསུ་སོགས་ཀྱིས་བསྙེན་བཀུར་བྱས་ཤིང་། དང་པོར་ཆོས་འབྲེལ་གྱི་ཐུགས་འདུན་མེད་པས་སྐུ་ཡོན་ཆེ་ཆུང་ལ་ཉམས་སད་མང་དུ་བཞེས་པས་ཐུགས་ཕྲོགས་ཏེ་སྡེ་བ་ཆོས་རྗེ་བླ་མར་བསྟེན་ཅིང་དད་པའི་སྤུ་ལོང་ལྡང་བ་སོགས་ཀྱི་གནས་ཚུལ་དང་། ཤིང་ཕག་གི་ལོའི་དཔྱིད་དུས་ཀོའུ་བ་ཆོས་ཀྱི་རྒྱ་མཚོ་སྐུ་འབུམ་ཨ་རྩེར་སྐུ་འདས་ཤིང་། དེར་སྡེ་བ་ཆོས་རྗེ་ཀོའུ་བ་ཆོས་ཀྱི་རྒྱ་མཚོ་ཡི་འདའ་ཁའི་ཞལ་ཆེམས་བཞིན་ཕེབས་པ་སོགས་གསལ།[5]
«སྐུ་འབུམ་གདན་རབས་མུ་ཏིག་ཕྲེང་བ»རུ་ཀོའུ་བ་ཆོས་ཀྱི་རྒྱ་མཚོ་ནི་སྐུ་འབུམ་དགོན་པའི་ཁྲི་ཐོག་གཉིས་པ་ཡིན་ཞིང་། ཁོང་སྐུ་གང་དུ་འཁྲུངས་ཤིང་གནས་གང་དུ་བླ་མ་གང་དག་ལས་དམ་ཆོས་གང་དག་གསན་པ་ལས་བརྩམས་ཏེ་སྐུ་ཚེ་ཧྲིལ་པོའི་མཛད་རྣམ་བསྡུས་པ་ཤོག་ལྡེབ་གཉིས་ལྷག་བཞུགས།[6] དེར་བཞེད་ལུགས་ཅུང་མི་འདྲ་བ་ནི་ཆོས་པ་རིན་པོ་ཆེའི་རྣམ་ཐར་ལས་ཤིང་ཕོ་བྱི་དང་འདིར་ས་ཕོ་འབྲུག་ལ་རེབ་གོང་དུ་ཕེབས་ཞེས་གསལ།
«གདན་རབས་དོན་ལྡན་ཚངས་པའི་དབྱངས་སྙན»ལས«གདན་རབས་མུ་ཏིག་ཕྲེང་བ»རུ་རྗེ་འདི་ཡི་རྣམ་ཐར་མཚོན་ཙམ་བཞུགས་ཚུལ་གསུངས་རྗེས། དེ་ལ་ཁ་གསབ་ཀྱི་ཚུལ་དུ་ཀོའུ་བ་ཆོས་ཀྱི་རྒྱ་མཚོ་སྐྱེ་རྒྱུད་སྐོར་གཙོར་བཟུང་ནས་བཀོད་འདུག་སྟེ། རྗེ་འདིའི་སྐུ་ཐོག་དང་པོ་ནི་སྐུ་འབུམ་མཆོད་གཞིས་ཞིང་སྐྱོང་ཚོ་བའི་ནང་དུ་འཁྲུངས་པ་སྒོམ་ཆེན་ངག་དབང་གྲགས་པ་ཡིན། སྐུ་ཐོག་གཉིས་པ་སྤྲུལ་སྐུ་གནམ་སྔོན་གྲུབ་ཆེན་བྱམས་པ་རྣམ་རྒྱལ་ཤ་རྫོང་སྒྲུབ་སྡེར་ཡུན་རིང་བཞུགས་པ་དེ་དང་། དེའི་སྤྲུལ་པ་ཀོའུ་བ་ཆོས་ཀྱི་རྒྱ་མཚོ། འདི་ལ་སྤྲུལ་སྐུ་གཉིས་བྱུང་བ་གཅིག་ཀོའུ་བ་ཕྱོགས་སུ་གདན་དྲངས། གཅིག་སྐུ་འབུམ་དུ་གདན་སར་བཀོད་དེ་གནམ་སྔོན་གྲགས་པ་དར་རྒྱས། དེའི་སྤྲུལ་པ་གནམ་སྔོན་བློ་བཟང་སྙན་གྲགས་ཡིན། ཀོའུ་བ་ཆོས་ཀྱི་རྒྱ་མཚོ་མཁན་ཁྲིར་བཞུགས་རྗེས་དེ་རྣམས་ལ་གནམ་སྔོན་སྒར་བ་ཞེས་གྲྭ་ཤག་ཆུང་བ་སྐུ་འབུམ་སྒར་གཞུང་ནས་ཕུལ་ཅིང་དེར་སྐུ་ཕྲེང་ཁ་ཤས་ཀྱི་སྐུ་གདུང་མཆོད་རྟེན་བཞུགས་པ་སོགས་གསུངས་རྗེས། “དེའི་སྤྲུལ་སྐུ་ཞིག་དབུས་གཙང་དང་སྐུ་འབུམ་འདིར་ཕེབས་སྣང་། དེའི་སྤྲུལ་སྐུ་དེང་སང་ཡོད་པ་དེ་ཡིན་ཟེར་རོ། །སྐུ་ཕྲེང་བཞི་པའམ་ལྔ་པ་གང་རིགས་ཨ་ད་ཧོར་ཆེན་ཕྱོགས་སུ་ཕེབས་ཏེ་བསྟན་འགྲོའི་དོན་རྒྱ་ཆེར་མཛད་པས་ཧོར་ཆེན་བླ་མ་རྣམ་གསུམ་གྲས་སུ་བརྩིའོ། །སྤྱིར་བླ་མ་སྤྲུལ་སྐུ་རྣམས་སྐུ་ཕྲེང་དང་པོ་ཁམས་ཚན་ནམ་མི་ཚན་ནམ་ཐོབ་ཁོངས་གང་ཡིན་པ་དེ་ལ་ཞུགས་དགོས་ཤིང་། དགོས་དབང་གིས་ཁམས་ཚན་ཉིས་འཛིན་སུམ་འཛིན་ཡོད་ཀྱང་། གནམ་སྔོན་སྐུ་སྐྱེ་འདི་པ་འབྲས་འགག་ཤིང་ཁམས་ཚན་དང་རྩོད་གླེང་གཏམ་ངན་གྱི་གཞི་བརྩམ་ཚོད་ཡོད་ཅེས་ཐོས་སོ། །”ཞེས་ཤིན་ཏུ་རྒྱུས་མེད་པའི་ཚུལ་དུ་གཞན་ལས་ཐོས་པ་ཙམ་བཀོད་འདུག[7]
«མདོ་སྨད་ཆོས་འབྱུང»དུ་ཀོའུ་བ་དགོན་གསར་གྱི་ལོ་རྒྱུས་དང་འབྲེལ་ཏེ་ཀོའུ་བ་ཆོས་ཀྱི་རྒྱ་མཚོའི་ལོ་རྒྱུས་བསྡུས་པ་ཞིག་བཀོད་ཡོད་ཅིང་།[8] མདོ་སྨད་ཆོས་འབྱུང་གི་ཀླད་ཀྱི་དཔེ་ཐོ་རུ«རང་གི་ལོ་རྒྱུས་རིན་ཆེན་ཕྲེང་བ»དང་། ཤར་སྐལ་ལྡན་རྒྱ་མཚོས་མཛད་པའི་རྣམ་ཐར་ཁག་གཉིས་ཀྱི་མཚན་མི་གསལ་བས་དེ་གསུམ་གར་གཟིགས་རྟོག་གནང་ཡོད་མེད་དང་ཡང་ན་དེ་དག་ལ་གཞི་བྱས་ཡོད་མེད་ཤིན་ཏུ་བཤད་ཁག་མོད། ཤར་སྐལ་ལྡན་རྒྱ་མཚོས་མཛད་པའི་ཨ་མདོའི་ཆོས་འབྱུང་གི་སྡོམ་ཚིགས་བཅད་ལྷུག་གཉིས་དང་སྐྱིད་ཤོད་བསྟན་འཛིན་བློ་བཟང་རྒྱ་མཚོའི་རྣམ་ཐར་སོགས་ལ་དཔེ་ཐོར་བཀོད་ཡོད་པ་དང་། ཤར་སྐལ་ལྡན་རྒྱ་མཚོས་མཛད་པའི་རྣམ་ཐར་དང་ཁོང་གིས་མཛད་པའི་ཀོའུ་བ་ཆོས་ཀྱི་རྒྱ་མཚོའི་རྣམ་ཐར་བསྡུས་པ་གཉིས་ལ་བཞེད་ལུགས་མི་མཐུན་པ་ཡང་མི་སྣང་བར་གཞིགས་ན་ཕལ་ཆེར་ཤར་སྐལ་ལྡན་རྒྱ་མཚོས་མཛད་པའི་རྣམ་ཐར་ལ་གཟིགས་རྟོག་གནང་ཡོད་པར་སྙམ།
གཞན་ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱི་དྲ་ཚིགས་སུ་ཀོའུ་བ་ཆོས་ཀྱི་རྒྱ་མཚོའི་འཁྲུངས་རབས་གསོལ་འདེབས་བྱིན་རླབས་ཀྱི་རོལ་མཚོ[9]བྱ་བ་ཞིག་མཇལ་རྒྱུ་འདུག་ཅིང་། དེ་གའི་མཇུག་བྱང་དུ་ཡང་དགེ་སློང་འཇམ་དབྱངས་གྲགས་པས་བསྐུལ་བར་བརྟེན་ནས་བློ་བཟང་བཤད་སྒྲུབ་རྒྱ་མཚོས་ཨ་རྡུ་ཧོར་ཆེན་གྱི་བླ་མ་གནམ་སྔོན་ཚང་དེ་ཉིད་བླ་མ་འདིའི(ཀོའུ་བ་ཆོས་ཀྱི་རྒྱ་མཚོ)ཡང་སྤྲུལ་ཡིན་ཚུལ་གྱི་འཁྲུངས་རབས་གསོལ་འདེབས་པཎ་ཆེན་དཔལ་ལྡན་ཉི་མས་མཛད་པ་ལ་གཞི་བྱས་ཏེ་ཁ་བསྐངས་ནས་མཛད་པ་ཡིན་ཚུལ་གསལ། ཡིན་ཡང་དེར་དེ་ཉིད་ཀུན་མཁྱེན་འཇིགས་མེད་དབང་པོས་མཛད་པར་བགྲངས་འདུག་ཀྱང་བདེན་མིན་སྐབས་སུ་ཐག་མ་ཆོད་ཅིང་། པཎ་ཆེན་དཔལ་ལྡན་ཉི་མས་མཛད་པ་དེ་ཡང་བཙལ་ཀྱང་མིག་སྔར་ལག་སོན་མ་བྱུང་ངོ་། །
གཉིས། ད་ལྟའི་མཁས་པའི་ཞིབ་འཇུག་དང་དེར་དཔྱད་པ།
ཞིབ་འཇུག་པ་ཕུའུ་ཝུན་ཁྲེང་ལགས་ཀྱིས«མཚོ་སྔོན་བོད་བརྒྱུད་ནང་བསྟན་དགོན་སྡེ»བྱ་བར་ཀོའུ་བ་དགོན་པའི་སྐོར་གླེང་དུས«གདན་རབས་དོན་ལྡན་ཚངས་པའི་དབྱངས་སྙན»དང«མདོ་སྨད་ཆོས་འབྱུང»གཉིས་ཀ་གཞིར་བཟུང་གིས་ཀོའུ་བ་ཆོས་ཀྱི་རྒྱ་མཚོའི་སྐྱེ་རྒྱུད་ཀྱི་སྐོར་བཀོད་འདུག་ཅིང་། ཀོའུ་བ་ཆོས་ཀྱི་རྒྱ་མཚོའི་སྔོན་གྱི་སྐྱེ་རྒྱུད་ནི་སྒོམ་ཆེན་ངག་དབང་གྲགས་པ་དང་གནམ་སྔོན་གྲུབ་ཆེན་བྱམས་པ་རྣམ་རྒྱལ་ཡིན་ཞིང་། དེ་གཉིས་ནི་ཕྱིས་སུ་དད་ལྡན་པས་སྐྱེ་རྒྱུད་ཡར་འདེད་བྱས་པ་ཡིན་པར་བཤད། ཀོའུ་བ་ཆོས་ཀྱི་རྒྱ་མཚོ་ལ་སྤྲུལ་སྐུ་གཉིས་བྱུང་བ་ལས་ཀོའུ་བ་དགོན་པར་གདན་དྲངས་པ་བློ་བཟང་རྒྱལ་མཚན། དེའི་སྤྲུལ་སྐུ་དགེ་འདུན་ལྷུན་གྲུབ་སོགས་ཡིན་པར་བཤད་མོད། «གདན་རབས་དོན་ལྡན་ཚངས་པའི་དབྱངས་སྙན»དུ་སྐུ་འབུམ་དུ་བཞུགས་པའི་སྐུ་རྒྱུད་སྐོར་ལ་མི་གསལ་བ་དག་ལ་དཔྱད་ཞིབ་དང་གསལ་ཁ་གང་ཡང་བཏོན་མི་འདུག[10]
གཞན་ཤིན་ཏུ་ཡི་རང་བྱེད་འོས་པ་ཞིག་ལ2019ལོའི་སྦྲང་ཆར་དེབ་བཞི་པའི་སྟེང་བླ་བྲང་དགོན་པའི་དཔེ་མཛོད་ཁང་དུ་བཞུགས་པའི་ཀོའུ་བ་ཆོས་ཀྱི་རྒྱ་མཚོའི་བསྟན་བཅོས་གཟེ་མ་ར་མགོ་བྱ་བ་འོས་སྦྱོར་གྱིས་བཀོད་ཡོད་ཅིང་། སྤྲེལ་ནག་པ་བློ་བཟང་ཚུལ་ཁྲིམས་ལགས་ཀྱིས་མཛད་པ་པོ་ཀོའུ་བ་ཆོས་ཀྱི་རྒྱ་མཚོ་ཡང་མཚམས་སྦྱོར་མདོར་བསྡུས་ཤིག་གནང་འདུག ཡིན་ན་ཡང་དེར་ལོ་ཚིགས་རེ་གཉིས་གོང་འཁོད་རྣམ་ཐར་དག་དང་མི་མཐུན་པ་ཡོད་པས་འདིར་དེའི་སྐོར་གསེད་བཀྲོལ་ཞིག་བྱ་སྙིང་འདོད།
1.ཀོའུ་བ་ཆོས་ཀྱི་རྒྱ་མཚོ་སྐུ་འབུམ་དགོན་གྱི་གདན་ཁྲིར་ནམ་ཕེབས་ཀྱི་ལོ་ཚིགས་ཐད། སྤྲེལ་ནག་པ་བློ་བཟང་ཚུལ་ཁྲིམས་ལགས་ཀྱིས“དགུང་ལོ་སོ་བཞི་པ་ཤིང་འབྲུག་(1604)ལོར་རང་ཡུལ་དུ་བྱོན། དགུང་ལོ་སོ་ལྔ་པ་ཤིང་སྦྲུལ་(1605)ལོར་ཤར་ཙོང་ཁའི་སྐུ་འབུམ་བྱམས་ཆེན་གླིང་གི་ཁྲི་ཐོག་ཏུ་ཕེབས.....སྐུ་འབུམ་དུ་གདན་ས་ལོ་བདུན་མཛད་མཐར་རང་ཡུལ་ལ་བྱོན་ནས”[11]ཞེས་རང་ཡུལ་མདོ་སྨད་དུ་ཕེབས་པའི་ཕྱི་ལོ་སྟེ1605ལོར་སྐུ་འབུམ་གྱི་ཁྲིར་བཞུགས་ཏེ་ལོ་བདུན་ལ་གདན་ས་བསྐྱངས་པར་གསུངས། ཡིན་ཡང་ཤར་སྐལ་ལྡན་རྒྱ་མཚོས་མཛད་པའི«ཀོའུ་བ་ཆོས་ཀྱི་རྒྱ་མཚོའི་རྣམ་ཐར་ཚིགས་བཅད་མ»རུ། “ཞེ་བདུན་བཞེས་པའི་དམར་སེར་མེ་སྦྲུལ་ལ། །སྐུ་འབུམ་ཆོས་སྡེར་བློ་གསལ་ཚོགས་རྣམ་ལ། །བསྡུས་ཕར་ལ་སོགས་ལེགས་བཤད་ཆར་ཕབ་ནས། །བཤད་པའི་བསྟན་པ་སྤེལ་ལ་གསོལ་བ་འདེབས། །”[12]ཞེས་འབྱུང་ཞིང་། དེ་བཞིན«རྗེ་བཙུན་ཆོས་ཀྱི་རྒྱ་མཚོ་དཔལ་བཟང་པོའི་རྣམ་པར་ཐར་པ་ལེགས་པར་བཞུགས་སོ»བྱ་བ་ལས་ཀྱང་། “དམར་སེར་བྱ་བ་མེ་སྦྲུལ་ལ་ཤར་ཙོང་ཁའི་སྐུ་འབུམ་བྱམས་གླིང་གི་ཁྲི་ཐོག་ཏུ་ཕེབས……སྐུ་འབུམ་གྱི་གདན་ས་ཡང་ལོ་བདུན་ཙམ་མཛད་དེ……”སོགས་འབྱུང་།[13] གཞན«སྐུ་འབུམ་གདན་རབས་མུ་ཏིག་ཕྲེང་བ»རུ། “དགུང་ལོ་ཞེ་བདུན་པ་རབ་བྱུང་བཅུ་པའི་མེ་སྦྲུལ་ལ་སྐུ་འབུམ་བྱམས་པ་གླིང་གི་ཁྲི་ཐོག་ཏུ་ཕེབས……ཆུ་ཕག་ལོར་དགོངས་པ་ཞུས་ཏེ་རང་ཡུལ་དུ་ཕེབས……”[14]ཞེས་སོགས་གསུངས་ལ། «གདན་རབས་དོན་ལྡན་ཚངས་པའི་དབྱངས་སྙན»དུ་ཡང་། “གནམ་ལོ་སོ་གཅིག་པ་དགུང་ལོ་ཞེ་བདུན་བཞེས་པའི་རབ་ཕྱོགས་དམར་སེར་ཅན་མེ་སྦྲུལ་ལོར་གདན་སའི་ཁྲིར་འཁོད”[15]ཅེས་གསུངས་ལ། «མདོ་སྨད་ཆོས་འབྱུང»དུ་ཡང་། “ཞེ་བདུན་པ་མེ་སྦྲུལ་ལ་སྐུ་འབུམ་ཁྲིར་བཞུགས”[16]པར་གསུངས་པས། སྔོན་གྱི་ཡིག་ཚང་ཕལ་ཆེར་ཞལ་མཐུན་པས་རབ་བྱུང་བཅུ་པའི་མེ་སྦྲུལ་དགུང་ལོ་ཞེ་བདུན་པ་ཡིན་པར་ངེས། ད་དུང་དགུང་ལོ་སོ་ལྔ་པ་ཤིང་སྦྲུལ(1605)ལོ་ཡིན་པར་འདོད་ན། རིག་པའི་གནོད་བྱེད་འདི་འདྲ་ཡང་འབབ་སྟེ། སྐུ་འབུམ་ཁྲི་ཆེན་དང་པོ་འོད་ཟེར་རྒྱ་མཚོ་ནི་ཏའི་མིང་རྒྱལ་རབས་བཅོ་ལྔ་པ་ཐེའན་ཆི་གནམ་ལོ་ཉེར་དྲུག་པ་རབ་བྱུང་བཅུ་པའི་ཡོངས་འཛིན་ཆུ་བྱི་ལོར་ཧོར་ཟླ་དང་པོ་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཚེས་བཅུ་གཅིག་གི་ཉིན། གདན་སའི་མཁན་རིན་པོ་ཆེའི་སེང་ཁྲིའི་སྟེང་དུ་ཐོག་མར་བཞུགས་ཤིང་ལོ་ལྔའི་བར་དུ་བསྐྱངས་ཏེ་དགོངས་པ་ཞུས་པར་གསུངས་པས། རབ་བྱུང་བཅུ་པའི་ཆུ་བྱི་ལོ་དེ་སྤྱི་ལོ1613ལོར་ཁེལ་ཞིང་། དེ་ནས་ལོ་ལྔ་ལ་ཁྲི་བསྐྱངས་ན་སྤྱི་ལོ1617ལོར་འབབ། དེར་བརྟེན་སྤྱི་ལོ1605ལོར་ད་དུང་སྐུ་འབུམ་གྱི་ཁྲི་ཐོག་དང་པོ་འོད་ཟེར་རྒྱ་མཚོ་ཁྲིར་མ་བཞུགས་པས། ལོ་དེར་ཁྲི་ཐོག་གཉིས་པ་ཁྲི་བཞུགས་པར་བཤད་པ་ནི་ཁོང་གིས་ཐུགས་མཉམ་མ་བཞག་པར་ཡིན་པར་ངེས།
2.ཀོའུ་བ་ཆོས་ཀྱི་རྒྱ་མཚོ་རེབ་གོང་དུ་ཕེབས་པའི་ལོ་ཚིགས་ཀྱི་སྐོར་ལ། སྤྲེལ་ནག་པ་བློ་བཟང་ཚུལ་ཁྲིམས་ལགས་ཀྱིས་རབ་བྱུང་བཅུ་གཅིག་གི་ལོ་ཐོག་མ་མེ་ཡོས་དང་། «རྗེ་བཙུན་ཆོས་ཀྱི་རྒྱ་མཚོ་དཔལ་བཟང་པོའི་རྣམ་པར་ཐར་པ་ལེགས་པར་བཞུགས་སོ»བྱ་བ་ལས།“རྣམ་བྱུང་བྱ་བ་ས་ཕོ་འབྲུག་གི་ལོ་ལ་རེབ་གོང་དུ་བྱོན་ནས”[17]ཞེས་དང་། མུ་ཏིག་ཕྲེང་བར། “ས་ཕོ་འབྲུག་གི་ལོར་རེབ་གོང་དུ་ཕེབས་ནས”[18]ཞེས་ས་ཕོ་འབྲུག་ལོ་ཡིན་པར་གསུངས། ཡང་གྲུབ་ཆེན་ཆོས་པ་རིན་པོ་ཆེའི་རྣམ་ཐར་དུ་ཤིང་ཕོ་བྱི་ལ་ལྷ་ཁང་རབ་གནས་དང་བཀའ་ཆོས་དུ་མ་གསུངས་པར་བཞེད།[19] ཤིང་ཕོ་བྱི་དེ་རབ་བྱུང་བཅུ་པའི་ཤིང་ཕོ་བྱི་ཡིན་ན་སྤྱི་ལོ1594ལོར་ཁེལ་བས་སྤྱི་ལོ1587ནས1604ལོར་དབུས་སུ་བཞུགས་པས་དེ་མིན་པ་ཐག་ཆོད། རབ་བྱུང་བཅུ་པའི་ས་འབྲུག་དེ་སྤྱི་ལོ1569ལོར་ཁེལ་བས་དེ་དུས་ད་དུང་ཁོང་སྐུ་འཁྲུངས་མེད་པས་དེ་ཡང་མིན་པ་ཐག་ཆོད། དེ་བས་ངེས་པར་རབ་བྱུང་བཅུ་གཅིག་པའི་ནང་ལ་ཁེལ་དགོས། རབ་བྱུང་བཅུ་གཅིག་གི་ཤིང་ཕོ་བྱི་དེ་སྤྱི་ལོ1684ལོར་ཁེལ། སྤྱི་ལོ1635པ་ལ་སྐུ་འདས་པར་རྩོད་གཞི་ཡེ་མེད་པས་དེ་ཡང་མིན་པ་ཐག་ཆོད། རབ་བྱུང་བཅུ་གཅིག་གི་ས་ཕོ་འབྲུག་དེ་སྤྱི་ལོ1628དང་། རབ་བྱུང་བཅུ་གཅིག་པའི་མེ་ཡོས་ཏེ་སྤྱི་ལོ1627པར་ཁེལ་བས་དེ་གཉིས་གང་རུང་ཡིན་དགོས། ཤར་སྐལ་ལྡན་རྒྱ་མཚོས་མཛད་པའི་རྣམ་ཐར་དང་གདན་རབས་མུ་ཏིག་མ་གཉིས་སུ་ས་ཕོ་འབྲུག་སྟེ་སྤྱི་ལོ1628ཡིན་པར་བཞེད་པ་ལས་དེའི་སྔ་ལོ་མེ་ཡོས་སྤྱི་ལོ1627ལ་མི་བཞེད། སྤྲེལ་ནག་པ་བློ་བཟང་ཚུལ་ཁྲིམས་ལགས་ཀྱིས་མེ་ཡོས་ལོ་ཡིན་པར་གསུངས་པའི་ཁུངས་གང་ཡིན་ལ་གསལ་ཁ་བཏོན་པ་ད་དུང་གུས་པས་མ་མཐོང་། ཡིན་ཡང་དེ་གཉིས་ལ་ལོ་གཅིག་གི་བར་ཁྱད་ཡོད་དོ། །
3.ཀོའུ་བ་ཆོས་ཀྱི་རྒྱ་མཚོའི་སྐུ་གཤེགས་ལོའི་ཐད། «རྣམ་ཐར་ཚིགས་བཅད་མ»རུ། “རེ་ལྔ་བཞེས་པ་ཆུ་མོ་ཕག་ལོ་ལ། །ཙོང་ཁའི་ཡུལ་ལྗོངས་ཨར་རྩེ་ཞེས་བྱ་ནས། །དག་པའི་ཞིང་དུ་གཤེགས་ལ་གསོལ་བ་འདེབས། །”[20]ཞེས་གསུངས་མོད། དེ་ནི་དཔར་སྐྱོན་དང་གཏགས་སྐྱོན་ཞིག་ཡིན་པར་ངེས་ཏེ། དེ་ལྟར་ན་ཤར་སྐལ་ལྡན་རྒྱ་མཚོ་རང་གིས་མཛད་པའི་རྣམ་ཐར«རྗེ་བཙུན་ཆོས་ཀྱི་རྒྱ་མཚོ་དཔལ་བཟང་པོའི་རྣམ་པར་ཐར་པ་ལེགས་པར་བཞུགས་སོ»བྱ་བ་དང་དགོངས་པ་གཅིག་ཏུ་འབབ་ཐབས་མེད་ཅིང་། ལྷག་པར་རབ་བྱུང་བཅུ་གཅིག་པའི་ཆུ་མོ་ཕག་སྟེ་སྤྱི་ལོ1684ལ་འབབ། དེ་ལྟ་ན་དགུང་ལོ་རེ་ལྔར་གཤེགས་པ་མ་ཡིན་པར་བརྒྱ་དང་བཅུ་ཕྲག་གཅིག་ལྷག་བཞུགས་དགོས་པར་འགྱུར་བས་དེ་མིན་པ་ཐག་གིས་ཆོད། །
མཆན་འགྲེལ།
[1] ཤར་སྐལ་ལྡན་རྒྱ་མཚོའི་གསུང་འབུམ་ལས། «རྗེ་བཙུན་ཆོས་ཀྱི་རྒྱ་མཚོ་དཔལ་བཟང་པོའི་རྣམ་པར་ཐར་པ་ལེགས་པར་བཞུགས་སོ» [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1993.3
[2] ཤར་སྐལ་ལྡན་རྒྱ་མཚོ། «རྗེ་བཙུན་ཆོས་ཀྱི་རྒྱལ་པོ་ཐམས་ཅད་མཁྱེན་པ་ཀོའུ་བ་ཆོས་ཀྱི་རྒྱ་མཚོའི་རྣམ་པར་ཐར་པ་ཚིགས་བཅད་མ» སྦྲང་ཆར། [J] 2019.2
[3] ཤར་སྐལ་ལྡན་རྒྱ་མཚོའི་གསུང་འབུམ་ལས། «རྣལ་འབྱོར་གྱི་དབང་ཕྱུག་བློ་བཟང་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དད་པའི་འདྲེན་བྱེད» [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1993.3.180
[4] ཤར་སྐལ་ལྡན་རྒྱ་མཚོའི་གསུང་འབུམ་ལས། «རྣལ་འབྱོར་གྱི་དབང་ཕྱུག་བློ་བཟང་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དད་པའི་འདྲེན་བྱེད» [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1993.3.118
[5] ཤར་སྐལ་ལྡན་རྒྱ་མཚོའི་གསུང་འབུམ་ལས། «རྗེ་བཙུན་ཐམས་ཅད་མཁྱེན་པ་བསྟན་འཛིན་བློ་བཟང་རྒྱ་མཚོ་དཔལ་བཟང་པོའི་རྣམ་པར་ཐར་པ་དད་པའི་སྒོ་འབྱེད» [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1993.3 232
[6] «གདན་ས་ཆེན་པོ་སྐུ་འབུམ་བྱམས་པ་གླིང་གི་གདན་རབས་མུ་ཏིག་ཕྲེང་བ» སྐུ་འབུམ་པར་མ།
[7] «སྐུ་འབུམ་བྱམས་པ་གླིང་གི་གདན་རབས་རྟེན་དང་བརྟེན་པར་བཅས་པའི་དཀར་ཆག་ཆེད་དུ་བརྗོད་པ་དོན་ལྡན་ཚངས་པའི་དབྱངས་སྙན» སྐུ་འབུམ་པར་མ། 37a-37b
[8] བྲག་སྒོམ་པ་དཀོན་མཆོག་བསྟན་པ་རབ་རྒྱས། «མདོ་སྨད་ཆོས་འབྱུང» [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1982.3.292
[9] བློ་བཟང་བཤད་སྒྲུབ་རྒྱ་མཚོ། «ཀོའུ་བ་ཆོས་ཀྱི་རྒྱ་མཚོའི་འཁྲུངས་རབས་གསོལ་འདེབས་བྱིན་རླབས་ཀྱི་རོལ་མཚོ» BDRC
[10] 蒲文成:«青海藏传佛教寺院»,[M] 甘肃民族出版社,2013.10.247
[11] ཀོའུ་བ་ཆོས་ཀྱི་རྒྱ་མཚོ། «བསྟན་བཅོས་གཟེ་མ་ར་མགོ» [J] སྦྲང་ཆར། [J] 2019.4
[12] ཤར་སྐལ་ལྡན་རྒྱ་མཚོ། «ཀོའུ་བ་ཆོས་ཀྱི་རྒྱ་མཚོའི་རྣམ་ཐར་ཚིགས་བཅད་མ» [J] སྦྲང་ཆར། [J] 2019.4.186
[13] ཤར་སྐལ་ལྡན་རྒྱ་མཚོའི་གསུང་འབུམ་ལས། «རྗེ་བཙུན་ཆོས་ཀྱི་རྒྱ་མཚོ་དཔལ་བཟང་པོའི་རྣམ་པར་ཐར་པ་ལེགས་པར་བཞུགས་སོ» [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1993.3.114-145
[14] «གདན་ས་ཆེན་པོ་སྐུ་འབུམ་བྱམས་པ་གླིང་གི་གདན་རབས་མུ་ཏིག་ཕྲེང་བ» སྐུ་འབུམ་པར་མ། 18b-9a
[15] «སྐུ་འབུམ་བྱམས་པ་གླིང་གི་གདན་རབས་རྟེན་དང་བརྟེན་པར་བཅས་པའི་དཀར་ཆག་ཆེད་དུ་བརྗོད་པ་དོན་ལྡན་ཚངས་པའི་དབྱངས་སྙན» སྐུ་འབུམ་པར་མ། 37b
[16] བྲག་སྒོམ་པ་དཀོན་མཆོག་བསྟན་པ་རབ་རྒྱས། «མདོ་སྨད་ཆོས་འབྱུང» [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1982.3.154
[17] ཤར་སྐལ་ལྡན་རྒྱ་མཚོའི་གསུང་འབུམ་ལས། «རྗེ་བཙུན་ཆོས་ཀྱི་རྒྱ་མཚོ་དཔལ་བཟང་པོའི་རྣམ་པར་ཐར་པ་ལེགས་པར་བཞུགས་སོ» [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1993.3.146
[18] «གདན་ས་ཆེན་པོ་སྐུ་འབུམ་བྱམས་པ་གླིང་གི་གདན་རབས་མུ་ཏིག་ཕྲེང་བ» སྐུ་འབུམ་པར་མ། 19a
[19] ཤར་སྐལ་ལྡན་རྒྱ་མཚོའི་གསུང་འབུམ་ལས། «རྣལ་འབྱོར་གྱི་དབང་ཕྱུག་བློ་བཟང་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དད་པའི་འདྲེན་བྱེད» [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1993.3.108
[20] ཤར་སྐལ་ལྡན་རྒྱ་མཚོ། «ཀོའུ་བ་ཆོས་ཀྱི་རྒྱ་མཚོའི་རྣམ་ཐར་ཚིགས་་བཅད་མ» [J] སྦྲང་ཆར། 2019.4.187
འབྲེལ་ཡོད་འོས་སྦྱོར།