logo

བོད་ཀྱི་ལོ་ཙཱ་བ་རྣམས་ཀྱི་བརྗེད་ཐོ། ༨

རྩོམ་པ་པོ།:སྒོ་བུ་ཤ་བོ་ཚེ་རིང་། ཡོང་ཁུངས།:སྐྱིད་རྟག་འཕྲིན་སྟེགས། དུས་ཚོད།:2021-11-29 ཀློག་གྲངས།:
ལྷོ་ཁ་རྟེན་མཛོད་ཁང་དུ་ཉར་བའི་རྒྱ་དཔེ།
བོད་ཀྱི་ལོ་ཙཱ་བ་རྣམས་ཀྱི་བརྗེད་ཐོ།༼༨༽
སྒོ་བུ་ཤ་བོ་ཚེ་རིང་།

འགྱུར་བྱང་གི་རིན་ཐང་།
        སྔ་རབས་ལོ་ཙཱ་བ་རྣམས་ལ་ཞིབ་འཇུག་བྱེད་འདོད་ན་ཁོང་ཅག་གི་རྣམ་ཐར་དང་། ལོ་རྒྱུས་སྨྲ་བ་ཚོས་མཛད་པའི་དེབ་ཐེར་ཆོས་འབྱུང་། བླ་མ་མཁས་གྲུབ་རྣམས་ཀྱི་གསན་ཡིག་བཅས་ལས་གཞན་བཀའ་བསྟན་གཉིས་སུ་གསལ་བའི་འགྱུར་བྱང་རྣམས་ལ་ཡང་ངེས་པར་དོ་སྣང་བྱེད་དགོས་པ་ཞིག་རེད། དེ་ནི་སྒྲ་བསྒྱུར་ལོ་ཙཱ་བ་གང་དེས་མཛད་པ་ཞིག་ལགས་ན། ཡིག་ཚང་རིག་པའི་ངོས་ནས་བཤད་ན་ལོ་ཙཱ་བ་དེ་དང་འབྲེལ་བ་ཡོད་པའི་དཔྱད་གཞི་ཡིག་ཆ་སྔ་ཤོས་ཡིན་པས་ཡིད་རྟོན་འཕེར་ཆོག་པ་ཞིག་ཡིན་པར་སྙམ། སྐབས་རེར་གོང་དུ་བརྗོད་པའི་ཡིག་ཚང་དེ་དག་ཏུ་གསལ་བ་ལས་ཀྱང་ལོ་རྒྱུས་ཀྱི་གནད་ཞིབ་མོ་ཞིག་འགྱུར་བྱང་དུ་གླེང་ཡོད་པས། དེ་ཡིས་ནོར་བ་རྒྱུན་འབྱམས་སུ་སོང་བའི་གནད་དོན་དག་གཡའ་སེལ་དང་། གཞན་ལས་རྙེད་མི་སྲིད་པའི་མ་ངེས་པ་སྐོར་ཞིག་ཀྱང་ཁ་གསབ་བྱེད་ཐུབ། 
        འགྱུར་བྱང་རྣམས་ལ་གཞིགས་ནས་ལོ་ཙཱ་བ་ཞིག་ལ་འགྱུར་ཆོས་ག་ཚོད་ཡོད་པ་རྩི་ཆོག་པར་མ་ཟད། གཤམ་གསལ་གྱི་གནས་ཚུལ་འདི་རྣམས་བརྟག་ནུས་ཏེ།
(1). འགྱུར་ཆོས་ཀྱི་རྩོམ་མཁན་སུ་ཡིན་པ། 
(2). སྒྱུར་མཁན་ལོ་ཙཱ་བ་སུ་ཡིན་པ། 
(3). ལོ་ཙཱ་བ་དེ་ལ་མཚན་ག་ཚོད་ཡོད་པ།
(4). ལོ་ཙཱ་བའི་རྟེན་དང་ཐོབ་ཐང་ཅི་ཡིན་པ། 
(5). རྐྱེན་གང་ཞིག་གི་སླད་དུ་བསྒྱུར་བ།
(6). ཡུལ་གང་ནས་བསྒྱུར་བ།
(7). དུས་ནམ་ཞིག་ལ་བསྒྱུར་བ། 
(8). སྐད་རིགས་གང་ནས་བསྒྱུར་བ། 
(9). སྒྱུར་གྲོགས་ལོ་པཎ་སུ་ཡིན་པ། 
(10). ལོ་པཎ་གཉིས་ཀྱི་ཕ་ཡུལ་གང་ཡིན་པ། 
(11). ལོ་པཎ་གཉིས་ལ་ཆོས་འབྲེལ་ཡོད་མེད། 
(12). པཎྜི་ཏ་རྣམས་ཀྱིས་བོད་ཡིག་ཤེས་མིན། 
(13). གཞི་འགྱུར་དང་རང་འགྱུར་ཡིན་མིན། 
(14). རྒྱ་དཔེ་གང་ལ་གཏུགས་ནས་ཞུ་དག་བྱས་པ། 
(15). ་་་་་་་་་་་་་་་་་་་
        དེའང་འགྱུར་བྱང་ཀུན་ལས་གོང་དུ་དྲངས་པ་མཐའ་དག་བརྗོད་པ་ཞིག་མིན་པ་དང་། འགྱུར་བྱང་མེད་པའི་འགྱུར་མང་བ་ཡང་ཀུན་གྱིས་ཤེས་གསལ་ལྟར་རེད། ལོ་ཙཱ་བ་རྣམས་ཀྱི་རྟེན་དང་མཚན་གྱི་སྐོར་བརྗེད་ཐོ་འདི་ཉིད་ཀྱི་ཁག་གསུམ་པ་དང་ལྔ་པར་གླེང་ཟིན་པས་འདིར་བསྐྱར་ཟློས་ཀྱི་ཚིག་ཚོགས་སྤངས་པར་བྱ།
ཞུས་ཆེན་གྱི་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་རཀྵི་ཏ།
1.ཐོབ།
        འགྱུར་བྱང་རྣམས་ལས་བོད་ཀྱི་ལོ་ཙཱ་བ་རྣམས་ལ་རིམ་པ་དུ་མ་ཡོད་པ་ཤེས་ཐུབ་སྟེ། ལོ་ཙཱ་བ་དང་། ལོ་ཆུང་། ལོ་ཆེན་ནམ་ལོ་ཙཱ་བ་ཆེན་པོ། བར་ཞུས་ཀྱི་ལོ་ཙཱ་བ། ཞུ་ཆེན་གྱི་ལོ་ཙཱ་བ་སོགས་རེད། དེ་ལས་ཞུ་ཆེན་གྱི་ལོ་ཙཱ་བ་ནི་བསྟན་པ་སྔ་དར་སྐབས་ཀྱི་ལོ་ཙཱ་བ་བན་ཏེ་ཡེ་ཤེས་སྡེ་དང་། སྐ་བ་དཔལ་བརྩེགས་རཀྵི་ཏ། ཅོག་རོ་ཀླུའི་རྒྱལ་མཚན་སོགས་རེད། བར་ཞུས་ཀྱི་ལོ་ཙཱ་བ་ལ་  བནྡེ་དེ་བེན་དྲ་རཀྵི་ཏ་དང་ཀུ་མཱ་ར་རཀྵི་ཏ་ལྟ་བུ་འདུག །ཕྱི་དར་སྐབས་ལོ་ཙཱ་བ་རྣམས་ལ་ཞུ་ཆེན་གྱི་ཐོབ་ཐང་སྦྱར་ཡོད་པ་ལོ་ཆེན་རིན་བཟང་དང་འགོས་ཁུག་པ་ལྷས་བཙས་སོགས་རེ་གཉིས་ལས་མང་པོ་མེད་པ་ལ་གཞིགས་ན། བཙན་པོའི་དུས་སུ་ལོ་ཙཱ་བ་རྣམས་རབ་འབྲིང་ཐ་གསུམ་དུ་དགར་སྲོལ་ཡོད་པ་དང་། ལོ་ཙཱ་བ་ཞིག་གིས་པཎྜི་ཏ་དག་དང་བསྒྱུར་བའི་ཆོས་དེ། ཞུ་ཆེན་གྱི་ལོ་ཙཱ་བས་པཎྜི་ཏ་ཞིག་དང་ལྷན་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ་ཡིན་པས། སྐབས་དེར་ཆོས་ཡང་དག་པ་ཞིག་བསྒྱུར་དགོས་ན་ཚད་གཞི་ནན་མོ་དང་གོ་རིམ་མང་པོ་བརྒྱུད་དགོས་པའང་ཤེས་ནུས།
པྲ་ཀྲི་ཏའི་སྐད་མཁྱེན་པའི་ལོ་ཙཱ་བ་སངས་རྒྱས་གྲགས་པ། 
2.སྐད།
        འགྱུར་ཀུན་གྱི་མགོར་རྒྱ་གར་སྐད་དུ་ཞེས་འབྱུང་བའི་རྒྱ་གར་སྐད་ནང་ལེགས་སྦྱར་སྐད་ཁོ་ན་ཙམ་མ་ཡིན་པར་པྲ་ཀྲི་ཏའི་སྐད་སོགས་རྒྱ་གར་གྱི་ཡུལ་སྐད་དུ་མ་ཡོད་པར་བརྗོད་པ་བཞིན། འགྱུར་བྱང་རྣམས་ལས་ཀྱང་ལོ་ཙཱ་བ་ཚོས་སཾ་སྐྲྀ་ཏའི་སྐད་དང་། རྒྱ་ནག་སྐད། བྲུ་ཤའི་སྐད། ཡོ་གུར་སྐད་སོགས་རྒྱལ་ཁམས་གཞན་གྱི་ཡི་གེ་ལས་བསྒྱུར་བ་གསལ། དེ་ལས་སྒྱུར་མཁན་ལོ་ཙཱ་བ་གང་དེས་སྐད་རིགས་དེ་ཉིད་ལ་བྱང་ཆུབ་པ་ཤེས་ཐུབ་སྟེ། རྒྱ་གར་ནག་གི་སྐད་ལ་མཁས་པ་འགོས་ལོ་ཙཱ་བ་ཆོས་གྲུབ་ཀྱིས་<མདོ་མཛངས་བླུན་>སོགས་རྒྱ་ཡིག་ལས་བསྒྱུར་བ་དང་། དེ་བཞིན་<འཕགས་པ་ཡོངས་སུ་བསྔོ་བའི་འཁོར་ལོའི་མདོ་>ཡང་ལོ་ཙཱ་བ་རྣམ་པར་མི་རྟོག་གིས་རྒྱའི་ཡི་གེ་ལས་བསྒྱུར་བའོ། ། <མདོ་དགོངས་པ་འདུས་པ་>ཞུ་ཆེན་གྱི་ལོ་ཙཱ་བ་ཆེ་བཙན་སྐྱེས་ཀྱིས་བྲུ་ཤའི་ཡུལ་དུ་བཞུགས་དུས། རྒྱ་གར་གྱི་མཁན་པོ་གཉིས་དང་ལྷན་དུ་བྲུ་ཤའི་སྐད་ནས་བསྒྱུར་ཞིང་། མི་ཉག་པ་ཆེན་པོ་ཙ་མི་སངས་རྒྱས་གྲགས་ཀྱིས་མཛད་པའི་<རྗེ་བཙུན་དཔལ་ནག་པོ་ཆེན་པོ་བྱ་རོག་མིང་ཅན་དང་གདོང་ཅན་ལ་བསྟོད་པ་>ཞེས་པ་པྲ་ཀྲི་ཏའི་སྐད་ནས་སེ་ལོ་ཙཱ་བ་གཞོན་ནུ་ཚུལ་ཁྲིམས་ཀྱིས་བོད་སྐད་དུ་བསྒྱུར་བ་ཞིག་རེད།  
        <བསྟན་འགྱུར་དཔེ་བསྡུར་མའི་དཀར་ཆག་>ལྟར་ན་ཡོ་གུར་སྐད་ལས་བསྒྱུར་བ་ཆོས་ཚན་གཅིག་མཆིས་ཏེ། <ཙན་དན་གྱི་སྐུ་རྒྱ་ནག་ན་བཞུགས་པའི་བྱོན་ཚུལ་བཞུགས་སོ།།>ཞེས་པའི་འགྱུར་བྱང་དུ་“རྒྱའི་སྐད་ལས་ཡོ་གུར་སྐད་དུ་ཨཾ་ཆང་ཞེས་བྱ་བས་བསྒྱུར། ཡོ་གུར་སྐད་ལས་བོད་སྐད་དུ་ད་ན་སེ་ཞེས་པས་ལེགས་པར་བསྒྱུར།”ཞེས་གསལ། བཅོམ་ལྡན་རིག་རལ་གྱིས་<ལི་ཡུལ་ལུང་བསྟན་>དང་<གླང་རུ་ལུང་བསྟན།> <ཟས་ཀྱིས་འཚོ་བ་རྣམ་དག་གི་མདོ།>  <བསམ་གཏན་གྱི་མདོ།>  <སྨོན་ལམ་གྱི་མདོ་>ལ་སོགས་ནི་ལི་ཡུལ་ལས་ལིའི་མཁན་པོ་སུ་རེན་དྲ་ཀ་ར་པྲ་བྷ་ལ་སོགས་པ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ནམ་མཁའ་ལ་སོགས་པས་བསྒྱུར་བར་གསུངས།  
        ལི་ཡུལ་སོགས་ཀྱི་ཆོས་སྡེ་དང་རྟེན་ཕལ་མོ་ཆེའི་འཕྲིན་ལས་སྔ་མོ་ནས་མཇུག་བསྡུས་ཟིན་ཀྱང་། བོད་དུ་ཡུལ་དེ་དག་གི་གཙུག་ལག་ཕྱི་མོར་བལྟས་ནས་བསྒྱུར་བའི་འགྱུར་ཆོས་རྣམས་ཀྱི་གཟི་བྱིན་དུས་ད་ལྟའང་གསལ་ལྷང་ངེར་འོད་དུ་འཚེར་བཞིན་ཡོད་པ་ལས། བོད་ཀྱི་ལོ་ཙཱ་བ་རྣམས་ཀྱིས་རིག་གནས་ཤིག་གི་དྲན་པ་སྲུང་བ་ལ་མཛད་རྗེས་ཆེན་པོ་བཞག་ཡོད་ཅེས་བསྔགས་ཆོག་སྙམ།
བོད་སྐད་སྨྲ་བ་རྒྱ་གར་གྱི་པཎྜི་ཏ་སྨྲྀ་ཏི་ཛྙཱ་ན་ཀིརྟི།
3.འགྱུར། 
        འགྱུར་བྱང་རྣམས་སུ་བསྒྱུར་བ་དང་། ཞུས་པ་དང་། བཅོས་པ་དང་། ཞུ་ཏིག་བགྱིས་པ་དང་། བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། རང་འགྱུར་དུ་མཛད་ཅེས་པའི་བྱ་ཚིག་རྣམས་རྟག་པར་འབྱུང་སྟེ། དེ་ལས་མཐའ་མ་རང་འགྱུར་དུ་མཛད་ཅེས་པ་གསལ་དུས་ལོ་ཙཱ་བ་གང་དེ་པཎྜི་ཏ་བོད་སྐད་ཡིག་མཁྱེན་པ་ཞིག་ཡིན་ལ། དགེ་རྒན་དགེ་འདུན་རབ་གསལ་གྱིས་བོད་ལ་བོད་སྐད་སྨྲ་བའི་པཎྜི་ཏ་ཉེར་བདུན་ཕེབས་མྱོང་བ་<རིག་པའི་ཁྱེའུ་>ལས་གསུངས། ཁོང་རྣམས་ཀྱི་ལོ་རྒྱུས་ཅུང་ཟད་རྒྱས་པ་ཞིག་དེབ་དེ་ཉིད་དུ་གསལ་བས་མོས་པ་ཡོད་མཁན་ཚོས་དེ་ལ་གཟིགས་དང་། དེ་ལྟར་ན་རྒྱལ་བའི་བཀའ་དང་བསྟན་བཅོས་བསྒྱུར་བའི་ལོ་ཙཱ་བ་རྣམས་ཀྱི་གྲས་སུ་བོད་ཙམ་མ་ཡིན་པར་ཡུལ་ཁམས་གཞན་གྱི་པཎྜི་ཏ་དང་མཁན་པོ་ཡོད་པའང་ཤེས་ནུས་པས། རྡོ་རྗེ་གདན་པ་ཙ་མི་སངས་རྒྱས་གྲགས་པ་མཆོག་ལ་ལོ་ཙཱ་བ་དང་པཎྜི་ཏ་གཉིས་ཀར་བཀུར་བ་བཞིན། རྒྱལ་བའི་ཆོས་རྣམས་བོད་ཡིག་ཏུ་བསྒྱུར་ནུས་པའི་པཎྜི་ཏ་དེ་རྣམས་ལ་ཡང་ལོ་པཎ་གཉིས་ཀྱི་གདན་ཐོབ་ཡོད་པ་ཞིག་རེད།  
        དེ་མིན་གཞན་རྒྱ་ནག་དང་སོག་པོའི་ལོ་ཙཱ་བ་ཡང་ཡོད་དེ། སུང་ལྷོ་མའི་རྒྱལ་པོ་མཐའ་མ་ལྷ་བཙུན་ཆོས་ཀྱི་རིན་ཆེན་གྱིས་ས་སྐྱའི་གཙུག་ལག་ཁང་ནས་རབ་ཏུ་བྱུང་སྟེ། བོད་ཀྱི་ཡི་གེ་དང་རིག་གནས་ལ་ཐོས་བསམ་དོན་གཉེར་བྱས་པའི་མཐར། རྒྱ་ཡིག་གི་བཀའ་བསྟན་ནས་བོད་ཡིག་ཏུ་བསྒྱུར་བའི་ཆོས་ཚན་གཉིས་དང་། ཞུ་དག་བགྱིས་པའི་ཆོས་ཚན་གཅིག་ཡོད་པའང་ཁོང་གི་མཚན་གསལ་བའི་འགྱུར་བྱང་རྣམས་ཀྱིས་ཁ་གྲགས་ཡོད། འདིར་བཤད་པའི་སོག་པོའི་ལོ་ཙཱ་བ་ནི་<ཆེན་པོ་ཐང་གུར་དུས་ཀྱི་རྒྱ་གར་ཞིང་གི་བཀོད་པའི་དཀར་ཆག་>སྒྱུར་མཁན་ལོ་ཙཱ་བ་གུང་མགོན་པོ་སྐྱབས་ཏེ། ཁོང་གིས་བསྒྱུར་བའི་ཆོས་ཚན་གཉིས་<ལྷ་ས་བཀའ་འགྱུར་>དུ་བཞུགས། 
        འདི་ལས་སྔ་རབས་ལོ་ཙཱ་བ་རྣམས་ཀྱིས་རྒྱ་གར་ཤེས་རིག་གཙོར་བྱས་ཁྱིམ་མཚེས་མི་རིགས་ཀྱི་ཤེས་བྱ་སྣ་མང་གི་ལེགས་ཆ་ལ་སློབ་གཉེར་བྱས་པ་མཚོན་ལ། ཡུལ་གྲུ་སོ་སོའི་ཡོན་ཏན་པ་དང་མཁས་པ་མང་པོ་བོད་ཡུལ་དུ་འཛོམས་ནས་རིག་གནས་ཀྱི་འདུན་མ་ཆེན་པོ་ཞིག་བསྡུས་པའང་ངོ་། །
ལོ་ཙཱ་བ་བཞི་ཡིས་ཞུས་པའི་འཕགས་པ་བརྒྱད་སྟོང་པ།
4.ཞུས།
        འགྱུར་བྱང་རྣམས་ལས་ལོ་པཎ་གཉིས་ཀྱིས་བསྒྱུར་བ་གང་དེ་ལོ་ཙཱ་བ་རྣམས་ཀྱིས་ཞུ་དག་བགྱིས་པ་མང་དུ་འབྱུང་སྟེ། བསྟན་པ་སྔ་དར་སྐབས་ལ་མཚོན་ན་ཐོག་མར་ལོ་ཙཱ་བས་བསྒྱུར་རྗེས། ཞུ་ཆེན་གྱི་ལོ་ཙཱ་བས་བཅོས་ནས་གཏན་ལ་ཕབ་པ་ཞིག་རེད། ཕྱི་དར་གྱི་མགོར་ཞུ་དག་གནང་སྲོལ་དེ་འདྲ་མཆིས་པ་ལོ་ཆེན་རིན་བཟང་གི་འགྱུར་བྱང་རྣམས་ལས་ཅུང་ཟད་ཤེས་ཐུབ། ཕལ་མོ་ཆེ་ནི་གཞི་འགྱུར་ལོ་པཎ་དང་ལོ་རབས་མང་པོས་བཅད་པའི་ལོ་ཙཱ་བ་དག་གིས་ཞུ་དག་བགྱིས་པ་ཞིག་རེད། དཔེར་ན་<འཕགས་པ་བརྒྱད་སྟོང་པ་>ལྟ་བུ་ལ་མཚོན་ན་བསྟན་པ་སྔ་དར་གྱི་འགྱུར་ཞིག་ཡིན་པ་ལ། ཕྱི་དར་སྐབས་སུ་ལོ་ཆེན་རིན་བཟང་གིས་ཇོ་བོ་རྗེ་དང་ལྷན་དུ་ལན་གཉིས་ལ་ཡུལ་དབུས་ཀྱི་འགྲེལ་བ་དང་བསྟུན་ནས་བཅོས་ཤིང་ཞུས་པ་དང་། འབྲོམ་སྟོན་པས་ཇོ་བོ་རྗེ་དང་ལྷན་དུ་ལན་གཅིག །རང་གཅིག་པུས་རྒྱ་གར་གྱི་མདོ་གསུམ་ལ་གཏུགས་ནས་ལན་གཉིས་ལྷག་ལ་ཞུས། དེ་ནས་རྔོག་བློ་ལྡན་ཤེས་རབ་ཀྱིས་ཁ་ཆེའི་དཔེ་དང་ཡུལ་དབུས་ཀྱི་དཔེ་དུ་མ་བསགས་ནས་གཏན་ལ་ཕབ། སླར་ཡང་དུས་རབས་བཅོ་ལྔ་པར་ཞྭ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོས་རྒྱ་བོད་ཀྱི་དཔེ་དུ་མ་དང་བསྟུན་ནས་མ་ཕྱི་ལས་ཞུས་ཏེ། གཏན་ལ་ཕབ་པ་ཞིག་ཡིན་པ་འགྱུར་བྱང་དུ་གསལ། 
        སྦྱོར་བ་འདི་དག་ལས་ལོ་ཙཱ་བ་རྣམས་ཀྱིས་མ་དཔེ་ལ་བློ་དཀར་བའི་ལྷག་བསམ་དང་། སྒྲ་བསྒྱུར་བའི་ལས་ལ་བཅིངས་པའི་འགན་འཁྲི། དཀའ་ཚེགས་ལ་མི་འཛེམ་པའི་སྡུག་རུས་སོགས་ཀྱང་མཐོང་ཐུབ། ཡང་ལོ་ཙཱ་བ་ཁ་ཅིག་གིས་སྔོན་གྱི་ལོ་པཎ་གཉིས་ཀྱིས་བསྒྱུར་བ་དེ་པཎྜི་ཏ་ལ་མ་བསྟེན་པར་རང་གཅིག་པུས་ཞུ་དག་བགྱིས་པས་རྫོབ་ཏུ་གཏོང་བ་ཡང་ཡོད་པར་བཤད་དོ། །
 
སྔོན་བྱོན་ལོ་པཎ་རྣམས་ཀྱི་གདན་ས་དཔལ་ལྡན་ས་སྐྱ།
5.ཡུལ། 
        འགྱུར་བྱང་རྣམས་ལས་སྒྱུར་མཁན་ལོ་པཎ་གཉིས་ཀ་ཡུལ་གང་ནས་ཡིན་པ་དང་། བསྒྱུར་ཡུལ་གང་ཡིན་པའང་ཤེས་ཐུབ་པ་ཞིག་རེད། ཕྱི་མ་ཡུལ་གྲུ་གང་ནས་བསྒྱུར་བའི་ཐད་ལ་ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱི་<སྡེ་དགེ་བསྟན་འགྱུར་གྱི་དཀར་ཆག་>གཅིག་པུ་རུ་ས་མིང་གསལ་བའི་འགྱུར་བྱང་177འདུག་ཅིང་། དེ་ལས་ས་སྐྱའི་གཙུག་ལག་ཁང་དུ་བསྒྱུར་དང་ཞུས་ཟེར་བ་མང་པོ་མཆིས་པ་དང་། དེ་དག་ནི་ལོ་པཎ་རེ་གཉིས་ཀྱིས་བསྒྱུར་བ་དང་ཞུས་པ་ཙམ་མ་ཡིན་པར། དཔལ་ལྡན་ས་སྐྱ་དགོན་ཕྱག་བཏབ་པ་ནས་བཟུང་། དུས་རབས་རིམ་བྱོན་གྱི་ལོ་ཙཱ་བ་དང་པཎྜི་ཏ་མང་པོ་དེ་གར་འཛོམས་ནས་སྒྲ་བསྒྱུར་བའི་ལས་མཛད་པ་ཞིག་རེད། 
ས་སྐྱའི་འགྱུར་བྱང་དེ་དག་ལས་ཆོས་སྡེ་ཆེན་མོ་དེ་ནི་སྔོན་གྱི་དུས་སུ་བསམ་ཡས་སྒྲ་བསྒྱུར་རྒྱ་གར་གླིང་དང་། མཐོ་ལྡིང་གསེར་གྱི་ལྷ་ཁང་བཞིན་གཙུག་ལག་བསྒྱུར་བའི་འཕྲིན་ལས་ཤིན་ཏུ་དར་མྱོང་བའི་གནས་མཆོག་ཅིག་ཡིན་པའང་ཤེས་ཐུབ་སྙམ། འདིའི་སྐོར་གུས་པས་<ས་སྐྱའི་གཙུག་ལག་ཁང་གི་བརྗེད་བྱང་>ཞེས་པ་ཞིག་བརྩམས་ཡོད་པས་ཞིབ་ཏུ་དེ་ལས་ཤེས་པར་ཞུ།        
གཙུག་དགུའི་རྒྱུད་བསྒྱུར་ཡུལ་སོལ་ནག་ཐང་པོ་ཆེ། 
6.ཁྱད། 
        <བཀའ་བསྟན་དཀར་ཆག་>ཁག་ཏུ་གསལ་བའི་འགྱུར་བྱང་དང་འགྱུར་ཆོས་རང་དུ་གསལ་བའི་འགྱུར་བྱང་གཉིས་ལ་སྐབས་རེར་གནམ་སའི་ཧེ་བག་ཡོད་པ་ཞིག་རེད། དཔེར་ན་བཀའ་འགྱུར་གྱི་དཀར་ཆག་ཁག་ཏུ་<དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོའི་བརྟག་པ་ཕྱོགས་གཅིག་པ་ཞེས་བྱ་བ་>དེ་རྒྱ་གར་གྱི་པཎ་ཆེན་རེ་བེནྡ྄་དེ་བའི་ཞབས་དང་། མཱ་ཎི་ཤྲཱི་ཛྙཱ་ནའི་ཞལ་སྔ་ནས་གུས་པར་མཉན་ཏེ་ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་གྱིས་བསྒྱུར་བར་བརྗོད་པ་ལ། རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ་དང་ཛ་ཡ་པཎྜི་ཏ་བློ་བཟང་ཤེས་རབ་གཉིས་ཀྱི་གསན་ཡིག་ཏུ་ལོ་པཎ་ཁོང་གསུམ་གྱིས་བསྒྱུར་བར་གསུངས། ཡིན་ནའང་ཆོས་ཚན་འདིའི་འགྱུར་བྱང་དངོས་ལ་གཞིགས་ན་ཆག་ལོ་ཙཱ་བ་སྐུ་ཚེ་སྨད་ལ་ཡར་ཀླུང་དུ་བཞུགས་དུས་བསྒྱུར་བ་ཞིག་ཡིན་པས། འདིའི་སྐབས་ཆག་ལོས་པཎྜི་ཏ་དེ་གཉིས་དང་དུས་མཉམ་དུ་བསྒྱུར་བ་ཞིག་མིན་པ་དཔགས་ནུས་པ་དང་། ཁྱད་པར་དུ་དཀར་ཆག་ཁག་ཏུ་གཙུག་དགུའི་རྒྱུད་འདི་ཉིད་དུས་ནམ་ཞིག་ལ་ཡུལ་གང་དུ་བསྒྱུར་བ་སོགས་མི་གསལ་ཡང་། འགྱུར་བྱང་དངོས་སུ་སྤྱི་ལོ་1260ལོའི་ཟླ་9པའི་ཚེས་28ནས་ཟླ་10པའི་ཚེས་12བར་ཐང་པོ་ཆེ་དང་འདྲེན་གྱི་ལྷའི་གདིངས་སུ་བསྒྱུར་བ་ཆག་ལོས་གསུངས་ཡོད། <བཀའ་འགྱུར་དཔེ་བསྡུར་མའི་དཀར་ཆག་>ཏུ་<སྨེ་བདུན་ཞེས་བྱ་བའི་སྐར་མའི་མདོ་>ལ་འགྱུར་བྱང་བཀོད་མེད་ཀྱང་། འགྱུར་དངོས་ཀྱི་འགྱུར་བྱང་དུ་མདོ་འདི་ཐོག་མར་སློབ་དཔོན་ཐང་ཟམ་ཚང་གིས་རྒྱ་གར་གྱི་པཎྜི་ཏ་ཞིག་དང་ལྷན་དུ་རྒྱ་ནག་ཡུལ་ནས་བསྒྱུར་ཞིང་། ཕྱིས་སུ་ཡུ་གུར་གྱི་བསྟན་པའི་བདག་པོ་པྲཛྙཱ་ཤྲཱིས་ཧོར་གྱི་སྐད་དང་ཡི་གེར་བསྒྱུར། དེ་ནས་ཨ་ལིན་ཏི་མུར་ཏའི་སི་དུས་ཡུ་གུར་གྱི་སྐད་དུ་བསྒྱུར། སླད་ཀྱིས་མེ་མོ་གླང་གི་ལོ་ལ་ལོ་ཙཱ་བ་མ་ཧཱ་ཕ་ལ་དང་ཤྲཱི་ཨཱ་ནནྡ་བཛྲ་གཉིས་ཀྱིས་གུང་ཐང་གི་གཙུག་ལག་ཁང་ནས་བོད་སྐད་དུ་བསྒྱུར་ཞིང་ཞུས་ཏེ་གཏན་ལ་ཕབ་ཅེས་རྒྱ་གར་སྐད་ནས་རྒྱ་ནག །དེ་ནས་ཧོར་དང་ཡུ་གུར། མཐའ་མར་བོད་ལ་བསྒྱུར་བ་སོགས་འགྱུར་བྱང་གཞན་ལས་མཐོང་དཀོན་པ་ཞིག་བྲིས་འདུག་པས། བཀའ་བསྟན་དཀར་ཆག་དང་འགྱུར་ཆོས་དངོས་ཀྱི་འགྱུར་བྱང་གཉིས་ལས་ཕྱི་མ་ཚད་མར་འཛིན་རྒྱུ་ཡང་གལ་ཆེན་དུ་མཐོང་། དེ་ཡང་ཡིག་ཚང་རིག་པའི་ངོས་ནས་བཤད་ན་བཀའ་བསྟན་དཀར་ཆག་རྣམས་ནི། དུས་ཕྱིས་སུ་མཁས་པ་རྣམས་ཀྱིས་བསྒྲིགས་པ་མང་བས་ལོ་ཙཱ་བ་རྣམས་དང་འབྲེལ་བའི་དཔྱད་གཞི་ཡིག་ཆ་སྔ་ཤོས་ཀྱི་གྲས་མིན་པས། ནོར་འཛོལ་དང་ཆད་ལྷག་ཅི་རིགས་འབྱུང་སྲིད་པ་ཞིག་རེད། གུས་པ་ལ་སྤྲུལ་པའི་ལོ་ཙཱ་བ་རྣམས་བཞིན་རྒྱ་དཔེ་ཕྲ་ལ་རིང་མོ་ཀློག་པའི་མིག་དང་ལྕེ་མེད་པའི་ཁར། ཁོང་ཅག་གིས་བོད་ཡིག་ཏུ་བསྒྱུར་བ་རྣམས་ལ་ཡང་མཇལ་ན་དོན་ཡོངས་སུ་རྫོགས་པ་ཞིག་གོ་ཁག་པས། ལོ་འདི་གར་བཀའ་བསྟན་དཀར་ཆག་མི་འདྲ་བ་རྣམས་སློག་ནས།འགྱུར་བྱང་དག་ལ་དཔྱད་པ་ཕྲན་བུ་བྱས་པའི་འབྲས་བུ་ནི་གོང་ལྟར་ལགས། བོད་ཀྱི་ལོ་ཙཱ་བ་རྣམས་ཀྱི་བརྗེད་ཐོ་ལས་ཁག་བརྒྱད་པ་འགྱུར་བྱང་གི་རིན་ཐང་གླེང་བ་རྫོགས་སོ།། བཀྲ་ཤིས་པར་གྱུར་ཅིག ། 
གསལ་བཤད། ཙ་མི་ལོ་ཙཱ་བ་སངས་རྒྱས་གྲགས་པའི་པར་ནི་རྒན་ཚངས་དབང་དགེ་འདུན་བསྟན་པ་དང་། འཕགས་པ་བརྒྱད་སྟོང་པའི་པར་ནི་ཨ་ཁུ་སྒོ་དམར་རབ་རྒྱས་ཀྱིས་གནང་། གཞན་དག་ཁོ་བོ་སྟོད་དབུས་གཙང་ཡུལ་ནས་ལོ་ཙཱ་བ་རྣམས་ཀྱི་གདན་ས་ལ་མཇལ་དུས་པར་བརྒྱབ་པ་ཞིག་ཡིན།
སྤྱི་ལོ་2021ལོའི་སྤྱི་ཟླ་11པའི་ཚེས་26ནས་27བར་སྒོ་བུ་ཤ་བོ་ཚེ་རིང་གིས་བྲིས་ཤིང་། རབ་རྒྱན་ལྕགས་གླང་ལོའི་བོད་ཟླ་9པའི་ཚེས་23ཉིན་གྱི་ཕྱི་དྲོར་གྲོང་ཁྱེར་ཆེན་པོ་སྤོས་ངད་ལྡན་གྱི་མི་ཉག་ཁོ་ཧྥེ་ཁང་དུ་ཡང་ཡང་ཞུས་ནས་གཏན་ལ་ཕབ་པའོ། །
 
གསལ་བཤད། འདིར་བཀོད་པའི་ནང་དོན་དང་པར་སོགས་ནི་སྐྱིད་རྟག་འཕྲིན་སྟེགས་ཀྱི་དོ་བདག་གིས་དངོས་སུ་ཆོག་མཆན་བཀོད་པ་བརྒྱུད་འདིར་བརྒྱུད་འགོད་བྱས་པ་ཡིན་པས་གཞན་དག་གིས་རང་སྣང་གང་ཤར་གྱིས་བཤུ་འཁྱེར་མི་བྱ་རོགས་ཞུ། གལ་སྲིད་བརྒྱུད་འགོད་བྱ་ན་དོ་བདག་ལ་འབྲེལ་བ་བྱས་ཏེ་མོས་མཐུན་བྱུང་རྗེས་འཁྱེར་ཆོག
འབྲེལ་ཡོད་འོས་སྦྱོར།