བོད་ཀྱི་ལོ་ཙཱ་བ་རྣམས་ཀྱི་བརྗེད་ཐོ། ༩
རྩོམ་པ་པོ།:སྒོ་བུ་ཤ་བོ་ཚེ་རིང་།
ཡོང་ཁུངས།:སྐྱིད་རྟག་འཕྲིན་སྟེགས།
དུས་ཚོད།:2021-12-03
ཀློག་གྲངས།:
རྔོག་བློ་ལྡན་ཤེས་རབ།
བོད་ཀྱི་ལོ་ཙཱ་བ་རྣམས་ཀྱི་བརྗེད་ཐོ།༼༩༽
སྒོ་བུ་ཤ་བོ་ཚེ་རིང་།
བོད་ཀྱི་ལོ་ཙཱ་བ་རྣམས་ཀྱི་བརྗེད་ཐོ།༼༩༽
སྒོ་བུ་ཤ་བོ་ཚེ་རིང་།
དཀར་པོ་གངས་ཀྱི་གདུང་རྒྱུད།
བོད་ཀྱི་ལོ་ཙཱ་བ་རྣམས་ལ་ཡང་དེ་ལྟ་བུའི་ལུགས་སྲོལ་ཞིག་མཆིས་པ་ནི། ཁོང་ཅག་གི་རིགས་རུས་མཆེད་ཁུངས་ཡར་ལ་དེད་དུས་བཙན་པོ་རྣམས་ཀྱི་བློན་ཆེན་ཚོར་གཏུགས་པ་དེ་རེད། གུས་པས་མཇལ་བའི་བོད་ཀྱི་ཡིག་ཚང་རྣམས་ལས་གདུང་རུས་འགོས་དང་། རྔོག་དང་། ལྕེ་དང་། འཁོན་གྱི་ལོ་ཙཱ་བ་རྣམས་དང་། ལོ་ཙཱ་བ་བྱམས་པ་གླིང་པ་བཅས་ནི་བློན་པོ་རྣམས་ཀྱི་གདུང་རྒྱུད་ཡིན་པར་གྲགས།
འགོས་གཞོན་ནུ་དཔལ།
1.འགོས་ལོ་ཙཱ་བ། རུས་འགོས་ཅན་གྱི་ལོ་ཙཱ་བ་བཞི་སྟེ། འགོས་ཆོས་གྲུབ་དང་། འགོས་ཁུག་པ་ལྷས་བཙས། འགོས་གཞོན་ནུ་དཔལ། ཞྭ་ལུ་ལོ་ཆེན་ནམ་འགོས་ཆོས་སྐྱོང་བཟང་པོ་བཅས་བཞི་རེད། འགོས་ལོ་གཞོན་ནུ་དཔལ་གྱིས་ཁོང་ནི་བོད་རྒྱལ་པོའི་བློན་པོ་འགོས་རྒན་གྱི་རྒྱུད་པ་ཡིན་པ་རྣམ་ཐར་དུ་གསུངས་ཤིང་། དེ་ནི་མཛངས་མི་བདུན་གྱི་ཡ་གྱལ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་བློན་ཆེན་འགོས་ཁྲི་བཟང་ཡབ་ལྷག་གི་ཡབ་ཡིན་པ་མཁས་དབང་དུང་དཀར་ཚང་གིས་གསུངས།
2.རྔོག་ལོ་ཙཱ་བ།
རུས་རྔོག་ཅན་གྱི་ལོ་ཙཱ་བ་ནི་རྔོག་ལེགས་པའི་ཤེས་རབ་དང་རྔོག་བློ་ལྡན་ཤེས་རབ་གཉིས་རེད། <དེབ་ཐེར་སྔོན་པོ་>རུ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་བློན་པོ་ལ་རྔོག་ཆེན་པོ་བྱ་བ་ཞིག་ཡོད་པ་ལ། རྒྱ་ཡུལ་དུ་དམག་དྲངས་དུས་བཙན་པོའི་སྐུ་སྲོག་ཉེན་ཁ་དང་འཕྲད་སྐབས་རྔོག་གིས་བསྐྱབས་མྱོང་བར་བཤད། འདུས་སྲོང་མང་པོ་རྗེའི་སྐུ་རིང་ལ་རྩལ་པོ་ཆེ་མི་བདུན་བྱུང་བའི་ནང་དུ་རྔོག་རིང་ལ་ནག་པོ་དང་རྔོག་གླིང་གམ་གཉིས་ཡོད་པ་དེ་ལས་ཀྱང་རུས་རྔོག་འདི་ཉིད་བཙན་པོའི་དུས་ནས་མཆིས་པ་ར་སྤྲད་ཐུབ།
ལྕེ་ཁྱི་འབྲུག །
3.ལྕེ་ལོ་ཙཱ་བ། རུས་ལྕེ་ཅན་གྱི་ལོ་ཙཱ་བ་ལྔ་སྟེ། ལྕེ་ཁྱི་འབྲུག་དང་། ལྕེ་ཛྙཱ་ན་སིང་དྷ། ལྕེ་དགའ་བའི་དཔལ། ལྕེ་ཀླུ་མེས། ལྕེ་བཀྲ་ཤིས་བརྩེགས་དཔལ་བཅས་རེད། <མྱང་ཆོས་འབྱུང་>དུ་རྒྱལ་པོ་སྲོང་བཙན་སྒམ་པོའི་ནང་བློན་དུ་ལྕེ་དབང་ཆེན་མོ་ཞེས་པ་ཞིག་མཆིས་པ་དང་། ལོ་ཙཱ་བ་ལྕེ་ཁྱི་འབྲུག་གིས་ཀྱང་ཁྲི་སྲོང་ལྡེ་བཙན་དང་ཁྲི་ལྡེ་སྲོང་བཙན་གཉིས་ཀྱི་ནང་བློན་མཛད་པར་བཤད།
4.འཁོན་ལོ་ཙཱ་བ།
རུས་འཁོན་ཅན་གྱི་ལོ་ཙཱ་བ་ལྔ་སྟེ། བསྟན་པ་སྔ་དར་སྐབས་སུ་བྱོན་པའི་ལོ་ཙཱ་བ་རབ་དགུའི་ཡ་གྱལ་འཁོན་ཀླུའི་དབང་པོ་བསྲུང་པ་དང་། ཕྱི་དར་དུས་ཀྱི་དགེ་བསྙེན་གྲགས་པ་རྒྱལ་མཚན་དང་ས་སྐྱ་ལོ་ཙཱ་བ་རྣམ་གསུམ་བཅས་རེད། <ས་སྐྱའི་གདུང་རབས་བང་མཛོད་>དུ་འཁོན་དཔལ་པོ་ཆེ་ནི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་ནང་བློན་དང་། གླང་ཁམས་པ་ལོ་ཙཱ་བའི་ལྕམ་མོ་གླང་བཟའ་ནེ་ཆུང་མ་ཁབ་ཏུ་བཞེས་ནས་སྲས་ཆེ་བ་འཁོན་ཀླུའི་དབང་པོ་འཁྲུངས་པར་གྲགས།
5.ཤེའུ་ལོ་ཙཱ་བ།
རུས་ཤེའུ་ཅན་གྱི་ལོ་ཙཱ་བ་ནི་ཤེའུ་བཛྲ་དེ་ཝ་དང་ཤེའུ་བྱམས་པ་ཀུན་དགའ་ཆོས་གྲགས་གཉིས་རེད། བོད་ཀྱི་ཡིག་ཚང་ཁག་ལས་ཤེའུ་ལོ་ཙཱ་བ་འདི་ཉིད་བློན་ཆེན་ཞིག་གི་གདུང་རྒྱུད་ཡིན་པར་གླེང་བ་ཞིག་མ་མཐོང་ཡང་། གཏེར་ལམ་ཤེའུ་བང་སོ་དགུ་ཐོག་མ་ལས་བློན་ཁྲི་ཀ་ཤེའུ་ཞེས་པའི་རྡོ་རིང་ཞིག་བཏོན་པ་ལ་བསམས་ན། ཁོང་ནི་བཙན་པོའི་དུས་སུ་རྒྱལ་མཚམས་སྲུང་བའི་བློན་པོ་གལ་ཆེན་ཞིག་ཡིན་པར་སྙམ། <དུས་འཁོར་ཆོས་འབྱུང་>དུ་ཁམས་པ་ཤེའུ་ལོ་ཙཱ་བ་ཞེས་འབྱུང་བས་ཤེའུ་བང་སོ་ཡོད་ས་ཡང་གནའ་ཡི་ས་ཁོངས་ལྟར་ན་ཁམས་ལ་ཐེ། གཉིས་སུ་ཤེའུ་ཞེས་པ་འདི་ཉིད་<ཏུན་ཧོང་གཏེར་ཡིག་>ཏུ་སྟོད་ཀྱི་རྒྱལ་ཕྲན་སིལ་མ་འཆད་སྐབས་“ཡུལ་སྐྱི་རོའི་ལྗང་སྔོན་ན། རྗེ་སྐྱི་རྗེའི་མང་པོ། བློན་པོ་ཤེ་འུ་དང་སུག་གཉིས།”ཞེས་དང་། <མདོ་སྨད་ཆོས་འབྱུང་>དུ་“སྐྱིད་སྨད་པ་ལུམ་པ་ཆོས་གྲགས་སམ་ཤེའུ་ལོ་ཙཱ་བ་ཀུན་དགའ་ཆོས་གྲགས་”ཞེས་གསལ་བ་ལས་བློན་ཤེའུ་དང་ལོ་ཙཱ་བ་ཤེའུ་གཉིས་ལ་འབྲེལ་བ་ངེས་ཅན་ཞིག་ཡོད་པ་དཔགས་ནུས་སྙམ།
ཡར་རྒྱབ་བསོད་ནམས་རྣམ་རྒྱལ།
6.ཡར་རྒྱབ་པ། བྱམས་པ་གླིང་པ་བསོད་ནམས་རྣམ་རྒྱལ་ནི་དུས་རབས་བཅུ་བཞི་པར་བྱོན་པའི་ཡར་ཀླུངས་ལོ་ཙཱ་བ་ཞིག་སྟེ། འགོས་ལོ་ཙཱ་བ་གཞོན་ནུ་དཔལ་དང་། ཁྲུས་ཁང་ལོ་ཙཱ་བ་བསོད་ནམས་རྒྱ་མཚོ་དང་དུས་མཉམ་དུ་བྱོན་པའི་པཎ་ཆེན་ནགས་རིན་གྱི་དངོས་སློབ་ལགས་ན། པཎ་ཆེན་ནགས་རིན་གཙོས་པཎྜི་ཏ་གཞན་གཉིས་དང་ལྷན་དུ་བསྒྱུར་བའི་ཆོས་ཚན་བདུན་བསྟན་འགྱུར་དུ་བཞུགས། ལོ་ཙཱ་བ་འདི་བ་སློབ་དཔོན་ཐོན་མི་ཡི་གདུད་རྒྱུད་ལས་འཁྲུངས་པ་བྱང་ཆུབ་དགེ་ལེགས་རྣམ་རྒྱལ་གྱིས་མཛད་པའི་ཁོང་གི་རྣམ་ཐར་དུ་གསུངས།
དེ་ལྟར་ལོ་ཙཱ་བ་ཚོས་བཙན་པོའི་སྐབས་ཀྱི་གདུང་རུས་ཤིག་ལ་གཏུགས་པའི་བསམ་སྦྱོར་འདི་ཡིས་གདུང་རབས་ཀྱི་རྒྱུན་རིང་པོ་ཡིན་པར་མ་ཟད། ཁོང་ཅག་གི་མེས་པོ་གོང་མ་རྣམས་ཀྱིས་བོད་ཀྱི་ལོ་རྒྱུས་ལ་མཛད་རྗེས་ཆེ་བའང་མཚོན་ཐུབ་སྙམ། བློན་པོ་རྣམས་ཀྱི་མིང་ལ་འགོས་རྒན་དང་། རྔོག་ཆེན་པོ། འཁོན་དཔལ་པོ་ཆེ། ལྕེ་དབང་ཆེན་མོ་ཞེས་ཆེ་བརྗོད་ཀྱིས་བྲིས་པ་ལ་གཞིགས་ན། ལོ་ཙཱ་བ་རྣམས་ཀྱི་གདུད་རྒྱུད་གཙང་མ་དང་གཟི་བརྗིད་ཅན། བླ་ན་མ་མཆིས་པ་ཞིག་ཡིན་པར་བསྟན་པ་ལྟར་སྣང་མོད། གདུང་རུས་འདི་དག་ནི་བཙན་པོའི་དུས་ཀྱི་བློན་པོ་དང་ལོ་ཙཱ་བ་རྣམས་ཀྱི་རུས་མིང་ཡིན་པ་རྒྱུས་ཡོད་ཀུན་ལ་གསལ། དཔེར་ན་བསྟན་པ་ཕྱི་དར་སྐབས་སུ་བྱོན་པའི་མཆིམས་བརྩོན་སེང་དང་། མཆིམས་བློ་བརྟན། མཆིམས་ནམ་གྲགས། མཆིམས་བློ་གྲགས་སོགས་རུས་མཆིམས་ཅན་གྱི་སྐྱེས་བུ་དམ་པ་མང་པོ་ཞིག་གི་གདུང་རུས་ཀྱང་། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་བློན་པོ་མཆིམས་རྡོ་རྗེ་སྤྲེ་ཆུང་དང་མཆིམས་མེ་ལྷ། ལོ་ཙཱ་བ་མཆིམས་ཤཱཀྱ་པྲ་བྷ་དང་མཆིམས་རྒྱལ་བ་མཆོག་དབྱངས་སོགས་ལ་གཏུགས་ཆོག་པ་ཞིག་རེད།
དེ་དག་ལས་གཞན་<ཏུན་ཧོང་གཏེར་ཡིག་>གི་བློན་རབས་ལ་གཞིགས་ན་ལོ་ཙཱ་བ་ཁུ་དངོས་གྲུབ་དང་། ཁུ་ནེ་ཙོ། ཁུ་མདོ་སྡེ་འབར། གནུབས་ནམ་མཁའི་སྙིང་པོ་དང་གནུབས་བྱམས་པའི་དཔལ། སྣ་ནམ་ཡེ་ཤེས་སྡེ་དང་སྣ་ནམ་རྡོ་རྗེ་བདུད་འཇོམས། ཤུད་པུ་དཔལ་གྱི་སེང་གེ། འབྲོ་སེང་དཀར་ཤཱཀྱ་འོད་དང་འབྲོ་ཤེས་རབ་གྲགས་རྣམས་ཀྱང་བཙན་པོ་གདུང་རབས་རིམ་བྱོན་གྱི་བློན་ཆེན་རྣམས་ཀྱི་རུས་མིང་དང་གཅིག་ཡིན་ལ། ཞིབ་ཏུ་དེ་ཉིད་དུ་གསལ་བའི་བློན་པོ་རྣམས་དང་<བུ་སྟོན་ཆོས་འབྱུང་>སོགས་སུ་གསལ་བའི་ལོ་ཙཱ་བ་རྣམས་ཀྱི་མཚན་ཐོ་གཉིས་ལ་བསྡུར་ན་ངེས་ཤེས་ཟབ་མོ་སྐྱེ་ཐུབ།
གནུབས་ནམ་མཁའི་སྙིང་པོ།
གོང་གི་ལོ་ཙཱ་བ་དག་གི་གདུང་རྒྱུད་ནི་རྒྱལ་པོ་སྲོང་བཙན་པོ་སྒམ་པོ་མིན་ན་ཁྲི་སྲོང་ལྡེ་བཙན་གྱི་བློན་པོ་རྣམས་ལ་ངོས་འཛིན་པ་ཞིག་རེད། ལྕེ་ལོ་ཙཱ་བ་དང་བསོད་ནམས་རྣམ་རྒྱལ་གཉིས་ཀྱིས་ཆོས་རྒྱལ་སྲོང་བཙན་གྱི་བློན་པོ་གཉིས་ལ་དེད་ཅིང་། འགོས་དང་རྔོག །འཁོན་བཅས་གསུམ་ནི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་བློན་པོ་དག་ལ་གཏུགས་པ་ཞིག་རེད། བཙན་པོ་འདི་གཉིས་བོད་ཀྱི་སྒྲ་བསྒྱུར་ལོ་རྒྱུས་སུ་ངེས་པར་གླེང་རིན་ཡོད་པ་ཞིག་སྟེ། སྔ་མའི་དུས་སུ་བོད་ལ་ཡི་གེ་བྱུང་ནས་ཡིག་རིགས་གཞན་གྱི་གཙུག་ལག་བསྒྱུར་བའི་སྒོ་མོ་ཐོག་མར་ཕྱེ་བ་དང་། ཕྱི་མའི་རིང་ལ་སྲིད་འབྱོར་རིག་གསུམ་གང་ཐད་ནས་དར་བའི་རྩེ་མོར་སོན་པས། ཆོས་འཁོར་བསམ་ཡས་སུ་སྒྲ་བསྒྱུར་ལུས་ཁུངས་བཙུགས་ནས། ཕྱོགས་བཞིའི་རྒྱལ་ཁམས་རྣམས་ལས་པཎྜི་ཏ་དང་ཡོན་ཏན་པ་མང་པོ་གདན་དྲངས་ཏེ། བོད་ལ་སྐད་རིགས་མང་པོ་མཁྱེན་པའི་ལོ་ཙཱ་བ་བརྒྱ་རྩ་བརྒྱད་སྐྱེད་སྲིང་བྱས་པ་རེད། དེ་བས་སྔ་དར་སྐབས་ལ་སྒྲ་བསྒྱུར་རིག་གནས་སྤེལ་བར་མཐུན་རྐྱེན་བླ་མེད་གནང་མཁན་ཡང་བཙན་པོ་ཁྲི་སྲོང་ལྡེ་བཙན་མ་ཡིན་ནམ། སྣ་ནམ་ལོ་ཙཱ་བ་དང་། ཞང་ལོ་ཙཱ་བ། འགོས་ལོ་ཙཱ་བ། འཁོན་ལོ་ཙཱ་བ། ལྕེ་ལོ་ཙཱ་བ། གནུབས་ལོ་ཙཱ་བ། རྨ་ལོ་ཙཱ་བ། འབྲོག་མི་ལོ་ཙཱ་བ་སོགས་ཀྱང་འདིའི་སྐབས་སུ་བྱོན་ཞིང་། ཕྱིས་སུ་ཁོང་ཅག་གི་གདུང་རྒྱུད་དུ་ལོ་ཙཱ་བ་མང་པོ་ཟམ་མ་ཆད་པར་འཁྲུངས་ནས། བོད་ཀྱི་རིག་གནས་གསར་སྐྲུན་ལ་མཛད་རྗེས་བླ་མེད་བཞག་ཡོད་པ་རེད།
འགོས་ཆོས་སྐྱོང་བཟང་པོ།
བོད་ཀྱི་ལོ་ཙཱ་བའི་གྲས་སུ་བློན་པོ་ལས་གཞན་བཙན་པོའི་གདུང་རྒྱུད་ཀྱང་མཆིས་པ་ཞུ་ཆེན་གྱི་ལོ་ཙཱ་བ་མངའ་བདག་ཡེ་ཤེས་རྒྱལ་མཚན་དང་། ལྷ་བླ་མ་ཞི་བ་འོད། ལྷ་བཙུན་བྱང་ཆུབ་འོད། ལྷ་བཙན་པོ་མུ་ནི་རཱ་ཛ་སོགས་ཡོད་པ་ལས་ཤེས་ཐུབ་ཅིང་། འདི་དག་ལས་ང་ཚོས་གནས་ཚུལ་འདི་འདྲ་ཞིག་བརྟག་ཆོག་སྟེ། བཙན་པོ་གོང་མ་རྣམས་ཀྱི་ཆབ་སྲིད་ཀྱི་སྒྲིག་གཞི་དུས་རབས་དགུ་པའི་དུས་དཀྱིལ་ནས་ཐོར་ན་ཡང་། ལོ་ཙཱ་རིག་གནས་ཀྱི་སྙིང་སྟོབས་དྲོད་མ་ཡལ་བ་ཞིག་རྒྱལ་བློན་བྱང་ཆུབ་སེམས་དཔའ་དག་གི་གདུང་རྒྱུད་དུ་བྱོན་པའི་ལོ་ཙཱ་བ་རྣམས་ཀྱིས་རྒྱུད་འཛིན་དང་དར་སྤེལ་བྱས་ནས་དུས་རབས་བཅོ་ལྔའི་བར་རྒྱུན་བསྐྱངས་པ་རེད། ལོ་རྒྱུས་སྣང་ཚུལ་འདི་ལ་བློན་ཆེན་པོ་འགོས་ཁྲི་བཟང་ཡབ་ལྷག་དང་། ཞུ་ཆེན་གྱི་ལོ་ཙཱ་བ་འགོས་ཆོས་གྲུབ་དང་གདུང་རུས་གཅིག་པའི་སྐད་གཉིས་སྨྲ་བ་རྩེད་ཐང་གཞོན་ནུ་དཔལ་དང་ཞྭ་ལུ་ཆོས་སྐྱོང་བཟང་པོ་གཉིས་བྱོན་པ་དེས་བདེན་དཔང་བྱས་ཡོད། ཕྱིས་སུ་རིགས་རུས་ཆོ་འབྲང་བརྩི་བའི་ལེགས་བྱང་སྒོ་ཀུན་ནས་རྒུད་ཅིང་། གྲུབ་མཐའི་ཆགས་སྡང་དང་ཡུལ་ལུང་གི་ཕྱོགས་རིས་ཆེས་ཆེར་དར་བ་དང་སྦྲགས། ཡང་སྲིད་ངོས་འཛིན་པའི་ལམ་ལུགས་ཕྱོགས་དུ་མ་ནས་རྩ་བ་བརྟན་ཞིང་ཡལ་འདབ་རྒྱས་པས། ད་ཆར་ལོ་ཙཱ་བ་ཆེན་པོ་དག་གི་རྣམ་སྤྲུལ་ཡིན་ཟེར་བའི་སྤྲུལ་སྐུ་གསར་པ་འབྱུང་བཞིན་པ་དཔེར་ན་མདོ་སྨད་ཀྱི་ལུང་པ་ག་གེ་མོར་ཞུ་ཆེན་གྱི་ལོ་ཙཱ་བ་ལྕོག་རོ་ཀླུའི་རྒྱལ་མཚན་གྱི་སྤྲུལ་སྐུ་ཡང་ཡོད་རབས་ཐོས། བོད་ཀྱི་ལོ་ཙཱ་བ་རྣམས་ཀྱི་བརྗེད་ཐོ་ལས་ཁག་དགུ་པ་གདུང་རྒྱུད་གཅིག་པ་ལས་མཐོང་བའི་སྣང་ཚུལ་རང་ནུས་ཀྱིས་བརྗོད་པ་རྫོགས་སོ། །
སྤྱི་ལོ་2021ལོའི་སྤྱི་ཟླ་12པའི་ཚེས་1ནས་ཚེས་2ཉིན་གྱི་ནུབ་མོར་བྲིས།
གསལ་བཤད། འདིར་བཀོད་པའི་ནང་དོན་དང་པར་སོགས་ནི་སྐྱིད་རྟག་འཕྲིན་སྟེགས་ཀྱི་དོ་བདག་གིས་དངོས་སུ་ཆོག་མཆན་བཀོད་པ་བརྒྱུད་འདིར་བརྒྱུད་འགོད་བྱས་པ་ཡིན་པས་གཞན་དག་གིས་རང་སྣང་གང་ཤར་གྱིས་བཤུ་འཁྱེར་མི་བྱ་རོགས་ཞུ། གལ་སྲིད་བརྒྱུད་འགོད་བྱ་ན་དོ་བདག་ལ་འབྲེལ་བ་བྱས་ཏེ་མོས་མཐུན་བྱུང་རྗེས་འཁྱེར་ཆོག
འབྲེལ་ཡོད་འོས་སྦྱོར།