logo

བོད་ཀྱི་ལོ་ཙཱ་བ་རྣམས་ཀྱི་བརྗེད་ཐོ། ༡༠

རྩོམ་པ་པོ།:སྒོ་བུ་ཤ་བོ་ཚེ་རིང་། ཡོང་ཁུངས།:སྐྱིད་རྟག་འཕྲིན་སྟེགས། དུས་ཚོད།:2021-12-13 ཀློག་གྲངས།:
འགོས་ལོའི་རྣམ་ཐར་གྱི་ལྡེབ་མ།
བོད་ཀྱི་ལོ་ཙཱ་བ་རྣམས་ཀྱི་བརྗེད་ཐོ།༼༡༠༽
སྒོ་བུ་ཤ་བོ་ཚེ་རིང་།

རྣམ་ཐར་བཀླགས་པ།
        བོད་ཀྱི་སྒྲ་བསྒྱུར་ལོ་རྒྱུས་སུ་སློབ་དཔོན་ཐོན་མི་ནས་མཁས་དབང་དགེ་ཆོས་བར་ལོ་ཙཱ་བ་བདུན་བརྒྱ་ལྷག་བྱོན་མྱོང་ཡང་། ཕལ་མོ་ཆེ་ཞིག་གི་མཚན་ཙམ་ལས་འཁྲུངས་འདས་ལོ་ཚིགས་གསལ་ཞིང་། བསྟན་པ་ལ་བྱ་བ་ཅི་ཞིག་བསྒྲུབས་པ་ཞིབ་མོར་བརྗོད་པའི་རྣམ་ཐར་སོགས་མེད་པས། ལོ་རྒྱུས་ཆོས་འབྱུང་དང་། བཀའ་བསྟན་དཀར་ཆག །གསན་ཡིག་སོགས་ལས་རེ་རེ་བཞིན་མ་བཙལ་ན། གླེགས་བམ་གཅིག་ལ་ལོ་ཙཱ་བ་གང་དེའི་སྐུ་ཚེ་རིལ་པོའི་མཛད་པ་ཆ་ཚང་བ་ཞིག་བརྗོད་པ་མང་པོ་མི་འདུག །ཚན་པ་འདིར་ད་ཕན་གུས་པས་ལོ་ཙཱ་བ་ཉེར་དགུ་ལྷག་གི་རྣམ་ཐར་ལ་མཇལ་བ་རྣམས་དཀྱུས་སུ་བཟུང་ནས་གླེང་འཆར་ལགས།
འབྲོམ་སྟོན་པའི་རྣམ་ཐར་གྱི་ལྡེབ་མ།
1.རྩོམ་མཁན།
        ལོ་ཙཱ་བ་རྣམས་ཀྱི་རྣམ་ཐར་དག་སྒྲ་བསྒྱུར་ལོ་ཙཱ་བ་རང་གིས་བརྩམས་པའི་རང་རྣམ་དང་། རང་གི་སློབ་བརྒྱུད་རྣམས་ཀྱིས་བརྩམས་པ་རིགས་གཉིས་སུ་དགར་ཆོག་ལ། ཚན་ཆུང་འདིའི་གཞན་རྣམ་ཟེར་བ་ནི་ཕྱི་མ་ལ་གོ་དགོས། རང་རྣམ་གྱི་གྲས་སུ་སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་དང་། ལོ་ཆེན་དྷརྨ་ཤྲཱི། ཇོ་ནང་ཏཱ་ར་ནཱ་ཐ། སི་ཏུ་བསྟན་པའི་ཉིན་བྱེད་བཅས་ཀྱི་རྣམ་ཐར་གཏོགས། 
        ལོ་ཆེན་རིན་བཟང་དང་། བླ་ཆེན་འབྲོག་མི། བ་རི་རིན་གྲགས། རྔོག་བློ་ལྡན་ཤེས་རབ། རྒྭ་ལོ་གཞོན་ནུ་དཔལ། འབྲོམ་སྟོན་པ་རྒྱལ་པའི་འབྱུང་གནས། སྒྲ་བསྒྱུར་མར་པ། རྭ་ལོ་རྡོར་གྲགས། ས་ལོ་ཀུན་དགའ་རྒྱལ་མཚན། ཁྲོ་ལོ་བྱམས་པའི་དཔལ། ཆག་ལོ་ཆོས་རྗེ་དཔལ། ཞང་གྲུབ་པ་དཔལ། ཨུ་རྒྱན་པ་རིན་ཆེན་དཔལ། བུ་སྟོན་རིན་ཆེན་གྲུབ། སྒྲ་ཚད་པ་རིན་ཆེན་རྣམ་རྒྱལ། དཔང་བློ་བརྟན། ལོ་ཆེན་བྱང་རྩེ། འགོས་ལོ་གཞོན་ནུ་དཔལ། ཁྲིམས་ཁང་ལོ་ཙཱ་བ། ས་ལོ་འཇམ་རྡོར། ཞྭ་ལུ་ལོ་ཆེན། ཡར་རྒྱབ་བསོད་ནམས་རྣམ་རྒྱལ་བཅས་ཀྱི་རྣམ་ཐར་ནི་རང་གི་དངོས་སློབ་བམ། ཡང་ན་སློབ་རྒྱུད་རྣམས་ཀྱིས་བརྩམས་པས་གཞན་རྣམ་གྱི་གྲས་སུ་གཏོགས།
དཔང་ལོའི་རྣམ་ཐར་གྱི་ལྡེབ་མ།
        གོང་གི་སྣང་ཚུལ་འདི་ལས་ང་ཚོས་སྡོམ་ཚིག་འདི་འདྲ་ཞིག་འཇོག་ཆོག་སྟེ། ལོ་ཙཱ་བ་རྣམས་ཀྱི་འཕྲིན་ལས་རྒྱས་ཤིང་ཆོས་བརྒྱུད་དར་བ་རྣམས་ལ་རྣམ་ཐར་ཡོད་པ་དེ་རེད། བླ་ཆེན་འབྲོག་མི་དང་། བ་རི་རིན་གྲགས། ས་ལོ་རྣམ་གཉིས། དཔང་ལོ། ལོ་ཆེན་བྱང་རྩེ་སོགས་ལ་རྣམ་ཐར་ཡོད་པ་ནི། ཁོང་ཅག་གི་ས་སྐྱའི་ཆོས་བརྒྱུད་ད་ལྟའི་བར་དུ་མ་ཉམས་པས་ཡིན་སྲིད་སྙམ། མར་པ་ལོ་ཙཱ་བ་དང་གྲུབ་ཆེན་ཨུ་རྒྱན་པ་ལ་ཡང་རྣམ་ཐར་རྒྱས་འབྲིང་བསྡུས་གསུམ་མཆིས་པ་བཀའ་བརྒྱུད་པའི་གྲུབ་མཐའ་དར་བའི་དབང་གིས་ཨེ་ཡིན་ནམ། དེ་ནི་ཆོས་བརྒྱུད་གྲུབ་མཐའ་འཕེལ་བའི་ལོ་ཙཱ་བ་ཚོར་བྲིས་འབུར་ཅི་རིགས་ཀྱི་སྣང་བརྙན་མཆིས་པ་དང་། ཆོས་བརྒྱུད་ཀྱི་འཕྲིན་ལས་རྫོགས་པའི་ལོ་ཙཱ་བ་རྣམས་ནི་དེ་ལས་ལྡོག་པ་དང་གཅིག་རེད་བསམ།
2.པར་མ།
        གུས་པས་མཇལ་བའི་རྣམ་ཐར་གྱི་པར་མ་མང་ཆེ་བ་ནི་བྲིས་མ་རེད། ལོ་ཆེན་རིན་བཟང་དང་། འབྲོམ་སྟོན་པ། འགོས་ལོ་གཞོན་ནུ་དཔལ། ཁྲིམས་ཁང་ལོ་ཙཱ་བ། ལོ་ཆེན་དྷརྨ་ཤྲཱི་བཅས་ཀྱི་རྣམ་ཐར་ནི་དབུ་ཅན་བྲིས་མ་དང་། རྭ་ལོ་རྡོར་གྲགས་དང་སི་ཏུ་པཎ་ཆེན་གྱི་རྣམ་ཐར་གཉིས་ནི་ཤིང་སྤར་མ་རེད། གཞན་ཁྲོ་ལོ་བྱམས་པའི་དཔལ་དང་ཇོ་ནང་ཏཱ་ར་ནཱ་ཐ་གཉིས་ཀྱི་རྣམ་ཐར་ལ་དབུ་མེད་བྲིས་མ་དང་དབུ་ཅན་ཤིང་སྤར་མ་གཉིས་ཀ་མཇལ་རྒྱུ་འདུག །འདི་རྣམས་ལས་གཞན་ཚན་ཆུང་དང་པོར་དྲངས་ཡོད་པའི་ལོ་ཙཱ་བ་རྣམས་ཀྱི་རྣམ་ཐར་ཡོངས་དབུ་མེད་བྲིས་མ་རེད།
ཁྲོ་རྣམ་གྱི་བྲིས་མའི་དབུ་ཤོག །
        ཁྲོ་ལོ་བྱམས་པའི་དཔལ་དང་ཇོ་ནང་ཏཱ་ར་ནཱ་ཐའི་རྣམ་ཐར་པར་གཞི་གཉིས་ལ་བསྡུར་ན། ཤིང་སྤར་ལ་རྐོ་དུས་བྲིས་མ་ཇི་བཞིན་བརྐོས་ཡོད་མེད་ལ་དོགས་པ་ཆེན་པོ་སྐྱེ་འོང་། ཁྲོ་ལོའི་རྣམ་ཐར་དབུ་མེད་བྲིས་མ་དང་དབུ་ཅན་ཤིང་སྤར་མ་གཉིས་ཀྱི་ཁ་བྱང་མི་གཅིག་པར་མ་ཟད། ནང་དོན་ཐད་ནས་ཀྱང་ཁྱད་པར་མང་པོ་ཡོད། དེ་ལས་ཀྱང་གནད་དོན་ཆེ་ཤོས་ནི་ཇོ་ནང་ཏཱ་ར་ནཱ་ཐའི་རང་རྣམ་གྱི་པར་མ་གཉིས་རེད། དབུ་མེད་བྲིས་མ་ནི་འབྲས་སྤུངས་གནས་བཅུ་ལྷ་ཁང་དུ་བཞུགས་པ་དཔལ་བརྩེགས་ཚང་གིས་བསྒྲིགས་ཤིང་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་བའི་<བོད་ཀྱི་ལོ་རྒྱུས་རྣམ་ཐར་ཕྱོགས་བསྒྲིགས་>ཀྱི་གླེགས་བམ་པོད་88པར་བསྡུས་ཤིང་། དེ་ལ་ཡང་ལྡེབ་གྲངས་ཆ་ཚང་མི་བས་འཛམ་ཐང་ཤིང་སྤར་མ་ལས་ཁ་བསབས་པས་བྲིས་སྤར་འདྲེས་མ་ཞིག་རེད། དབུ་ཅན་ཤིང་སྤར་མ་ནི་ཡོངས་གྲགས་སུ་འཛམ་ཐང་པར་མ་ཞེས་པ་དེ་རེད། དེ་ཉིད་ཀྱི་ནང་དོན་ཁག་བྲིས་མ་དང་བསྡུར་ན་ཧེ་བག་ཆེན་པོ་ཡོད་དེ། གཤམ་གསལ་བྲིས་མ་ལས་ཡི་གེ་དམར་རྟགས་ཅན་ནི་ཤིང་སྤར་མ་རུ་ཆད་འདུག་པས་དེ་དག་ལ་ཞིབ་ཏུ་གཟིགས་རོགས།
ཇོ་རྣམ་གྱི་བྲིས་མའི་མཚན་བྱང་།
(1).མཚན་བྱང་གི་ཁྱད་པར།
བྲིས་མ།
        རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་བདག་ཉིད་ཀྱི་རྣམ་ཐར་ངེས་པར་བརྗོད་པའི་དེབ་གཏེར་ཤིན་ཏུ་ཞིབ་མོ་སྒྲོ་སྐུར་ཀུན་སྤངས་གནས་ཚུལ་ཀུན་གསལ་མ་བཅོས་ལྷུག་པའི་རྟོགས་བརྗོད་ཅེས་བྱ་བ་བཞུགས་སོ། །
སྤར་མ།
        རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་བདག་ཉིད་ཀྱི་རྣམ་ཐར་ངེས་པར་བརྗོད་པའི་དེབ་གཏེར་ཤིན་ཏུ་ཞིབ་མོ་མ་བཅོས་ལྷུག་པའི་རྟོགས་བརྗོད་ཅེས་བྱ་བ་བཞུགས་སོ། །
ཇོ་རྣམ་གྱི་སྤར་མའི་མཚན་བྱང་།
(2). ནང་དོན་གྱི་ཁྱད་པར།
བྲིས་མའི་ལྡེབ་གྲངས་11aན།
        གོང་དཀར་ན་ཕྱག་རིས་ངོས་མ་རང་འདུག་པ་དངོས་སུ་མཐོང་། དེ་མཐུན་གྱི་བདག་མོ་འཕྱོང་རྩེའི་དྲུང་སོགས་ལ། ཕེབས་སྒོ་ཕྱག་བྲིས་ཀྱི་དན་རྟགས་ཅན་སོགས་གནང་འདུག་པ་ཕྱིས་དངོས་ཀྱི་མིག་ལམ་དུ་ཡང་འབྱོར། ཕེབས་སྒོ་དེ་ཀུན་ཡང་ཡང་དག་པ་ཁོ་ན་སྟེ། དངོས་ཅག་ལྟ་བུ་བར་དོར་མངོན་པར་རྫོགས་པར་སངས་རྒྱས་པའི་སློབ་དཔོན་སྤྱོད་པ་པ་ཡང་སྲིད་འཛིན་པའི་ཚུལ་སྟོན་པ་ལྟ་ག་ལ་ཞིག་་་་་་་་
སྤར་མའི་ལྡེབ་གྲངས་9bན།
        གོང་དཀར་ན་ཕྱག་ངོས་མ་རང་འདུག་པ་དངོས་སུ་མཐོང་། དངོས་ཅག་ལྟ་བུ་བར་དོར་མངོན་པར་རྫོགས་པར་སངས་རྒྱས་་་་་་་་་་          
ཇོ་རྣམ་གྱི་བྲིས་མའི་ལྡེབ་གྲངས་བཅུ་བདུན་པ།
བྲིས་མའི་ལྡེབ་གྲངས་17aན།
        གམ་པ་རྫོང་དུ་བདག་པོ་རྣམ་རྒྱལ་དྲུང་དང་མཇལ། གད་དང་རྒྱང་རོའི་གཞུང་དེད་ནས་སླེབ། ས་སྐྱོང་ཡབ་སྲས་རྣམས་དང་མཇལ་བས། སྟག་ལུང་རྫོང་དུ་ཞག་བཅུ་སྐོར་སོང་།
སྤར་མའི་ལྡེབ་གྲངས་14bན།
        གམ་པ་རྫོང་དང་གད་དང་རྒྱང་རོའི་གཞུང་དེད་ནས་ཕྱིན། སྟག་ལུང་རྫོང་དུ་ཞག་བཅུ་སྐོར་སོང་།
ཇོ་རྣམ་གྱི་སྤར་མའི་ལྡེབ་གྲངས་བཅུ་བཞི་པ།
བྲིས་མའི་ལྡེབ་གྲངས་18bན།
        འབྲུག་སྦྲུལ་གྱི་ལོ་འདི་ཚོ་ལ་ཞབས་དྲུང་སྟོབས་དང་ཡང་ཡང་ཀ་འཇལ་བྱུང་། ཉི་ཤུའི་ཉིན་ར་ལུང་གི་མདར་ཞབས་དྲུང་བཀྲས་སྟོབས་དྲུང་དང་མཇལ་ཙམ་བྱས། རིམ་པས་རྒྱལ་རྩེར་ཕེབས།
སྤར་མའི་ལྡེབ་གྲངས་15bན།
        འབྲུག་སྦྲུལ་གྱི་ལོ་འདི་ཚོ་ལ་ཞབས་དྲུང་སྟོབས་དང་ཡང་ཡང་ཀ་མཇལ་བྱུང་། རིམ་པས་རྒྱལ་རྩེར་ཕེབས།
ཇོ་རྣམ་གྱི་བྲིས་མའི་ལེའུ་དང་པོ།
(3). དཀར་ཆག་གི་ཁྱད་པར། 
        བྲིས་མ་རུ་བར་སྐབས་ཀྱི་ཚིགས་སུ་བཅད་པའི་རྗེས་ལ་ལེའུ་གྲངས་དང་བཅས་གསལ་པོར་བཀོད་ཡོད་ཀྱང་སྤར་མས་དེ་དག་དོར་འདུག །དེ་ནི་ནོར་འཛོལ་ཆེན་པོ་ཞིག་སྟེ། གལ་ཏེ་དེ་དག་ཡོད་ཚེ་རྣམ་ཐར་རིང་པོ་འདི་ལ་དཀར་ཆག་ལེགས་པོ་ཞིག་སྒྲིག་ནུས། དཔེར་ན་བྲིས་མ་རུ་ངལ་གསོའི་ཚིགས་བཅད་གཅིག་གི་རྗེས་ལ་འདི་ལྟར་འབྱུང་སྟེ་ཞེས་པ་རང་གི་གནས་ཚུལ་བརྗོད་པའི་རྣམ་པར་ཐར་པ་ལས་རིགས་སད་པ་དེ་ཡང་དག་པའི་བཤེས་གཉེན་དམ་པས་སོས་བཏབས་པ་ལས་བརྩམས་པའི་རིམ་པར་ཕྱེ་བ་སྟེ་བཞི་པའོ། །ལྟ་བུ་ཤིང་སྤར་མ་རུ་མེད་དོ། །
ཇོ་རྣམ་གྱི་སྤར་མའི་ལེའུ་དང་པོ།
        མདོར་ན་བྲིས་མ་དང་བསྡུར་ན་ཤིང་སྤར་མ་རུ་མཚན་བྱང་དང་། ནང་དོན། དཀར་ཆག་གང་ཐད་ནས་ཆད་པ་ཤིན་ཏུ་མང་བས། འདི་ནི་བསམ་བཞིན་དུ་པར་ལ་རྐོ་དུས་སྤར་ཤིང་དང་དུས་ཚོད་ལ་གྲོན་ཆུང་བྱེད་པ་ཞིག་ཡིན་མོད། ཇོ་ནང་ཏཱ་ར་ནཱ་ཐ་ཁོང་གིས་མཛད་པའི་རྣམ་ཐར་གྱི་པར་མ་དངོས་ལ་གཏོར་བརླགས་ཆེན་པོ་ཞིག་ཐེབས་འདུག །དེ་བས་རྣམ་ཐར་ཡོད་པའི་ལོ་ཙཱ་བ་ཞིག་ལ་ཞིབ་ཏུ་འཇུག་འདོད་ན། རྣམ་ཐར་གང་དེའི་པར་མ་སྔ་ཤོས་ལ་མཇལ་འོས་ཏེ། དེང་སང་གསར་དུ་དཔར་བའི་རྣམ་ཐར་ཁག་ཏུ་བྲིས་མ་དང་སྤར་མའི་ཡི་གེ་ངོས་མ་ཟིན་པར་ནོར་འཁྲུལ་བྱུང་བ་མང་བར་མ་ཟད། ལྡེབ་གྲངས་ཆད་པའི་གནད་དོན་ཡང་ཡོད་པས། རྣམ་ཐར་གཅིག་གི་པར་མ་མི་འདྲ་བ་རྣམས་བསྡུར་ནས་བཀླག་རྒྱུ་ཡང་ཤིན་ཏུ་གལ་ཆེན་དུ་མཐོང་།
3. བརྗོད་བྱ།
        ལོ་ཙཱ་བ་རྣམས་ཀྱི་རྣམ་ཐར་ཕལ་མོ་ཆེར་བོད་ཀྱི་མཁས་གྲུབ་དམ་པ་རྣམས་ཀྱི་རྣམ་ཐར་དང་འདྲ་བའི་ཆ་ཞིག་ཡོད་ཀྱང་། སོ་སོར་ཁྱད་ཆོས་ཐ་དད་པ་དུ་མ་ལྡན་པ་ཞིག་ཀྱང་རེད། <ལོ་ཆེན་རིན་བཟང་གི་རྣམ་ཐར་>ནི་ཐོག་མར་སྐུ་བལྟམས་པ་ནས་ལུང་བསྟན་བཞིན་ཁ་ཆེ་དང་རྒྱ་གར་སོགས་ལ་ཕེབས་ནས་ཐོས་བསམ་དོན་གཉེར་མཛད་ཚུལ་དང་། བར་དུ་མངལ་རིས་ལ་ཕེབས་ནས་གཙུག་ལག་ཁང་མང་དུ་བཞེངས་ཚུལ། མཐའ་མར་ཉམས་ལེན་གནང་ཚུལ་སོགས་རྒྱས་བསྡུས་རན་པ་ཞིག་བྲིས་འདུག་པས། ཁོང་གི་ཚེ་གང་བོའི་མཛད་པ་གཙོ་བོ་རྣམས་མིག་ལམ་ལ་འཆར་ཐུབ་པ་ཞིག་རེད།
རྒྭ་ལོའི་རྣམ་ཐར་བྲིས་མའི་ལྡེབ་མ།
        <དཔལ་ཆེན་རྒྭ་ལོ་ཙཱ་བའི་རྣམ་ཐར་>དུ་ཐོས་བསམ་སྒོམ་གསུམ་ལས་སྒོམ་པའི་ཡོན་ཏན་འབུར་དུ་གཏོད་ནས་གླེང་བས། ཁོང་ཉིད་གཙུག་ལག་བསྒྱུར་བའི་ལོ་ཙཱ་བ་ཞིག་ལས་རྟོགས་པ་བརྙེས་པའི་རྣལ་འབྱོར་བ་ཞིག་ཏུ་ལྟར་རུང་སྟེ། དེ་ཉིད་དུ་རྒྱ་གར་གྱི་དུར་ཁྲོད་བསིལ་བའི་ཚལ་དང་། དཔལ་ན་ལེན་ཏྲ། དབུས་ཀྱི་གནམ་མཚོ་ཕྱུག་མོའི་སེ་མོ་དོ། བྲག་ཡེར་བར་སོགས་སུ་སྒྲུབ་པ་ཉམས་ལེན་གནང་བ་མང་དུ་བཤད་ཡོད། <རྔོག་བློ་ལྡན་ཤེས་རབ་ཀྱི་རྣམ་ཐར་>ནི་རྔོག་ལོའི་དངོས་སློབ་གྲོ་ལུང་པ་བློ་གྲོས་འབྱུང་གནས་ཀྱིས་མཛད་པ་ཞིག་ཡིན་ནའང་། བླ་མ་རྔོག་གི་མཛད་པ་དངོས་བྱུང་མང་པོ་བརྗོད་མི་འདུག་པས་རྣམ་ཐར་འདི་ལས་ཁོང་ཉིད་ལོ་ཙཱ་བ་ཆེན་པོ་ཞིག་ཡིན་པ་ཤེས་མི་ཐུབ་པ་ཞིག་རེད།
མར་ལོའི་རྣམ་ཐར་ཞིག་གི་ཡིག་གཟུགས།
        <མར་པ་ལོ་ཙཱ་བའི་རྣམ་ཐར་>དག་ནི་བླ་མ་བསྟེན་ཚུལ་གྱི་ངོས་ནས་བརྩམས་པ་ཞིག་སྟེ། ཐོག་མར་བླ་ཆེན་འབྲོག་མི་བསྟེན་ཚུལ་དང་། དེ་ནས་རྒྱ་བལ་འགྲིམས་ནས་པཎ་ཆེན་ན་རོ་སོགས་བསྟེན་པ་ལ་དཀའ་བ་ཇི་ལྟར་སྤྱད་ཚུལ་གཙོ་བོར་གླེང་ཡོད། <རྭ་ལོ་ཙཱ་བའི་རྣམ་ཐར་>ནི་དག་སྣང་བསྒོམས་ནས་མཇལ་རྒྱུ་ལས་ཚད་མར་འཛིན་མི་ཐུབ་པ་ཞིག་སྟེ། ཁོང་གིས་འགོས་ལོ་དང་། གཉན་ལོ། ཟངས་དཀར་ལོ་ཙཱ་བ་དང་བཅས་སྐྱེས་བུ་དམ་པ་བཅུ་གསུམ་བསྒྲལ་བ་ལ་ཐེ་ཚོམ་ཟ་ཆོག་པས། དེ་ཉིད་དུ་རྭ་ལོ་ཙཱ་བ་ནི་མི་ཞིག་མིན་པར་དམ་ཅན་ཞིག་གི་ཚུལ་བཟུང་འདུག་པར་སྙམ། རྣམ་ཐར་འདི་ཉིད་བོད་ཀྱི་རྩོམ་རིག་བརྩམས་ཆོས་ལས་སྒྱུ་འཕྲུལ་རིང་ལུགས་ཀྱི་ཚབ་མཚོན་ཞིག་ཏུ་རྩི་ཆོག་པ་ཞིག་ཨེ་ཡིན་ནམ།
ཁྲོ་ལོའི་རྣམ་ཐར་གྱི་དབུ་ཤོག །
        <ཁྲོ་ཕུ་ལོ་ཙཱ་བའི་རྣམ་ཐར་>ནི་ལོ་ཙཱ་བས་གྲུབ་ཆེན་མི་ཏྲ་ཛོ་ཀི་དང་། པཎ་ཆེན་བུདྡྷ་ཤྲཱི། པཎ་ཆེན་ཤཱཀྱ་ཤྲཱི་གསུམ་གདན་དྲངས་ནས་ཁྲོ་ཕུ་བྱམས་ཆེན་བཞེངས་པ་རྒྱས་པར་བསྟན་པ་ཞིག་ཡིན་པས་བཟོ་རིག་གི་ངོས་ནས་མཇལ་རུང་། དེ་བཞིན་ཇོ་ནང་ཏཱ་ར་ནཱ་ཐ་དང་། ཡར་རྒྱབ་བསོད་ནམས་རྣམ་རྒྱལ། ཁྲིམས་ཁང་ལོ་ཙཱ་བ་གསུམ་གྱི་རྣམ་ཐར་དུ་ཡང་བཟོ་རིག་གི་སྐོར་མང་སྟེ། གཙང་གི་ཇོ་ནང་རྟག་བརྟན་དང་དབུས་ཀྱི་བྱམས་གླིང་མཆོད་རྟེན་ཐོས་གྲོལ་ཆེན་མོ་བཞེངས་པ་ལོ་ཙཱ་བ་འདི་དག་གི་རྣམ་ཐར་ཁག་ཏུ་ཞིབ་མོ་གླེང་འདུག །སྐབས་དེར་བཟོ་བོ་རྣམས་ཀྱིས་ཇི་ལྟར་བཞེངས་ཚུལ་དང་། ཁོང་ཅག་ལ་ཡོན་ཅི་ཞིག་གནང་ཚུལ་སོགས་ཀྱང་མཆིས་པས་ཡི་གར་འོང་བ་ཞིག་རེད།
ཨུ་རྒྱན་པའི་རྣམ་ཐར་བྲིས་མའི་དབུ་ཤོག །
        ཆག་ལོ་ཆོས་རྗེ་དཔལ་དང་གྲུབ་ཆེན་ཨུ་རྒྱན་པ་རིན་ཆེན་དཔལ་གཉིས་ཀྱི་རྣམ་ཐར་ནི་རྒྱལ་ཁམས་པ་ཞིག་གི་ངོས་ནས་བརྩམས་པ་ཞིག་རེད། གྲུབ་ཆེན་ཨུ་རྒྱན་པ་ལྟ་བུར་མཚོན་ན་སྐུ་ཚེ་གང་བོར་བོད་ཡུལ་སྟོད་སྨད་བར་གསུམ་ལས་གཞན་ཨུ་རྒྱན་དང་། རྒྱ་གར་ནག་སོགས་ལ་ཕེབས་ནས་འགྲོ་དོན་བསྐྱངས་པས། ཁོང་གི་རྣམ་ཐར་རྒྱས་པ་རུ་སྐབས་དེའི་ཡུལ་གྲུ་མང་པོའི་ལོ་རྒྱུས་ཀྱང་མི་ཉུང་བ་ཞིག་ཡོད། ཁྱད་པར་དུ་དུས་རབས་བཅུ་གསུམ་པའི་ཨུ་རྒྱན་ཡུལ་གྱི་སྤྱི་ཚོགས་ལོ་རྒྱུས་དང་། ས་མིང་ཞིབ་འཇུག་བྱེད་མཁན་ཞིག་ལ་མཚོན་ན། ལོ་ཙཱ་བ་འདི་ཉིད་ཀྱི་རྣམ་ཐར་ནི་ཧ་ཅང་གལ་ཆེ་བའི་དཔྱད་གཞི་ཞིག་ཏུ་བགྲངས་ཆོག །
        ཡང་ཆག་ལོ་ཆོས་རྗེ་དཔལ་དང་ཞྭ་ལུ་ལོ་ཆེན་གྱི་རྣམ་ཐར་ལ་མཇལ་ན་ད་གཟོད་ལོ་ཙཱ་བ་ཞིག་གི་ངོས་ནས་བརྩམས་པ་རེད་ཨང་སྙམ་པའི་བསམ་པ་ཞིག་སྐྱེས་འོང་སྟེ། དེ་དག་ཏུ་སྒྲ་བསྒྱུར་རིག་གནས་དང་འགྲེལ་བའི་སྐོར་མང་པོ་ཡོད། དཔེར་ན་<ཆག་ལོའི་རྣམ་ཐར་>དུ་རྒྱ་བལ་གཉིས་ཀྱི་ས་མིང་དང་། མི་མིང་། ཆུ་མིང་། དགོན་མིང་། ལྷ་མིང་སོགས་སཾ་བོད་ཤན་སྦྱར་གྱིས་བྲིས་ཤིང་། སྐབས་སྐབས་སུ་དེ་དག་ལ་འགྲེལ་བཤད་ཀྱང་འོས་འཚམ་ཞིག་བྱས་ཡོད།
ཁྲིམས་ལོའི་ཚེག་བར་གསུམ་ཅན་གྱི་མགུར།
        <ལོ་ཆེན་བྱང་རྩེའི་རྣམ་ཐར་>ནི་གསན་ཡིག་རྩོམ་ཚུལ་གྱི་ངོས་ནས་མཛད་པ་དང་འདྲ་ལ། ཁོང་གིས་བླ་མ་རྣམས་ཀྱི་མདུན་ནས་ཆོས་ཅི་ཞིག་གསན་ཚུལ་གྱི་ཐོབ་ཡིག་རྒྱས་པར་བྲིས་འདུག །གཞན་<ཁྲིམས་ཁང་ལོ་ཙཱ་བའི་རྣམ་ཐར་>དུ་ལོ་ཙཱ་བ་གང་དེས་མགུར་གླུ་བཞེངས་པའི་ཚིགས་བཅད་མང་དུ་ཡོད་ཅིང་། རང་རེའི་མགུར་དབྱངས་རིག་གནས་ལ་ཞིབ་འཇུག་གནང་མཁན་ཞིག་ཡིན་ན་ངེས་པར་མཇལ་འོས་པ་ཞིག་སྟེ། ཚིག་གི་སྡེབ་སྦྱོར་ཐད་ནས་རྗེ་བཙུན་མི་ལ་རས་པའི་མགུར་གླུ་དག་ལས་ཀྱང་ཁྱད་ཆོས་ཡོད་པ་ཞིག་ཡིན་པས་ཞིབ་ཏུ་རྣམ་ཐར་ལས་ཤེས་པར་ཞུ། དེར་མ་ཟད་རྩོམ་རིག་ལ་དོ་སྣང་བྱེད་མཁན་ཞིག་ཡིན་ན་ཡང་དེ་ལས་མཐོང་རྒྱ་བསྐྱེད་འོང་སྟེ། དེ་ཉིད་དུ་ཚེག་བར་ལྔ་ཅན་མ་ཟད་གསུམ་ཅན་གྱི་མགུར་ཡང་མཆིས་པ་དེ་ནི་གུས་པས་ད་ཕན་མཐོང་བའི་ཚིགས་བཅད་སྙན་ངག་ལས་ཚེག་བར་ཆེས་ཐུང་བའི་མཚན་གཞི་རུ་འཇོག་ཆོག །
        ཇོ་ནང་ཏཱ་ར་ནཱ་ཐ་དང་སི་ཏུ་བསྟན་པའི་ཉིན་བྱེད་གཉིས་ཀྱི་རང་རྣམ་ནི་སྔ་རབས་ལོ་ཙཱ་བ་རྣམས་ཀྱི་རྣམ་ཐར་ལས་ཡིག་གྲངས་ཆེས་མང་ཤོས་ཡིན་པས་ཞིབ་ཆ་ཡང་ཆེ། སི་ཏུ་པཎ་ཆེན་གྱིས་ལོ་ཟླ་ཚེས་གྲངས་ཀྱི་དུས་ཚོད་གསལ་པོར་བཀོད་པར་མ་ཟད། སྐབས་དེར་ཡུལ་གང་དུ་སྐྱེ་བོ་སུ་དང་ལྷན་དུ་དོན་ཅི་ཞིག་བསྒྲུབས་པ་སོགས་ཀྱང་ཞིབ་མོར་བཀྲལ་འདུག །ཁོང་གི་རང་རྣམ་ལ་ཇོ་ནང་ཏཱ་ར་ནཱ་ཐས་རང་རྣམ་རྩོམ་ཚུལ་གྱི་ཤུགས་རྐྱེན་ཐེབས་འདུག་སྙམ་སྟེ། ལོ་ཙཱ་བ་འདི་གཉིས་ཀྱི་ཚིག་སྦྱོར་སྤེལ་ཚུལ་དང་ཐ་སྙད་བཀོལ་སྟངས་གང་རུང་ལ་འདྲ་བའི་ཆ་མང་བ་དཔེར་ན་མཆོད་ཐེབས་དང་སྤྱི་ཐེབས་ལ་རྣམ་ཐར་གཉིས་སུ་རྟག་པར་མཆོད་ཐེས་དང་སྤྱི་ཐེས་ཞེས་བྲིས་ཡོད་ཅིང་། ལོ་ཙཱ་བ་གཞན་དག་གི་རྣམ་ཐར་ཁག་ཏུ་འདི་ལྟར་ཡེ་མི་འབྱུང་ངོ་། ། 
སི་ཏུ་པཎ་ཆེན་གྱི་རྣམ་ཐར་གྱི་དབུ་ལྷ།
        མདོར་ན་གླེགས་བམ་ཤིང་སྤར་མ་གཅིག་ལས་ཞིབ་འཇུག་པས་བརྗོད་བྱ་ལ་མཇལ་བ་དང་། རྩོམ་རིག་པས་སྡེབ་སྦྱོར་ལ་དཔྱད། ལྷ་རིས་པས་ལྷ་སྐུ་ལ་གཟིགས། ཡིག་མཁན་གྱིས་ཡིག་གཟུགས་ལ་བལྟས། ཤོག་བཟོ་པས་ཤོག་གུ་ལ་བརྟག ། སྤར་རྐོན་གྱིས་རྐོ་རྩལ་ལ་དཔྱད་ཆོག་པ་བཞིན། ལོ་ཙཱ་བ་རྣམས་ཀྱི་རྣམ་ཐར་དག་ལ་བརྗོད་བྱ་ཐུན་མོང་མ་ཡིན་པ་དང་། རྩོམ་ཚུལ་ཡན་གར་བ་མང་དུ་མཆིས་པས། དེ་དག་གི་སྙིང་པོ་ལེན་དགོས་ན་ཆེད་ལས་དང་རིག་ཚན་མི་འདྲ་བ། ཕྱོགས་དང་ཟུར་མི་འདྲ་བའི་ངོས་ནས་མཇལ་ན་ང་ཚོ་ལ་བློ་བསྐྱེད་ཆེན་པོ་ཐོབ་པ་གདོན་མི་ཟའོ། །བོད་ཀྱི་ལོ་ཙཱ་བ་རྣམས་ཀྱི་བརྗེད་ཐོ་ལས་ཁག་བཅུ་པ་རྣམ་ཐར་བཀླགས་པ་རྫོགས་སོ། །
2021ལོའི་ཟླ་12པའི་ཚེས་8ནས་10བར་བྲིས།
གསལ་བཤད། འདིར་བཀོད་པའི་ནང་དོན་དང་པར་སོགས་ནི་སྐྱིད་རྟག་འཕྲིན་སྟེགས་ཀྱི་དོ་བདག་གིས་དངོས་སུ་ཆོག་མཆན་བཀོད་པ་བརྒྱུད་འདིར་བརྒྱུད་འགོད་བྱས་པ་ཡིན་པས་གཞན་དག་གིས་རང་སྣང་གང་ཤར་གྱིས་བཤུ་འཁྱེར་མི་བྱ་རོགས་ཞུ། གལ་སྲིད་བརྒྱུད་འགོད་བྱ་ན་དོ་བདག་ལ་འབྲེལ་བ་བྱས་ཏེ་མོས་མཐུན་བྱུང་རྗེས་འཁྱེར་ཆོག
འབྲེལ་ཡོད་འོས་སྦྱོར།