བོད་ཀྱི་ལོ་ཙཱ་བ་རྣམས་ཀྱི་བརྗེད་ཐོ། ༡༡
རྩོམ་པ་པོ།:སྒོ་བུ་ཤ་བོ་ཚེ་རིང་།
ཡོང་ཁུངས།:སྐྱིད་རྟག་འཕྲིན་སྟེགས།
དུས་ཚོད།:2021-12-20
ཀློག་གྲངས།:
མཁས་དབང་དགེ་འདུན་ཆོས་འཕེལ།
བོད་ཀྱི་ལོ་ཙཱ་བ་རྣམས་ཀྱི་བརྗེད་ཐོ།༼༡༡༽
སྒོ་བུ་ཤ་བོ་ཚེ་རིང་།
སྒོ་བུ་ཤ་བོ་ཚེ་རིང་།
དགེ་ཆོས་རིན་ཆེན་སྣ་བདུན་ཡིན།
དགུང་ལོ་སོ་གཉིས་ཀྱི་ཡར་སྔོན་དུ་ཁོང་གིས་མདོ་སྨད་དྷི་ཚ་དགོན་དང་། བླ་བྲང་བཀྲ་ཤིས་འཁྱིལ། ཡུལ་དབུས་ཀྱི་འབྲས་སྤུངས་བཅས་སུ་ཐོས་བསམ་དོན་གཉེར་མཛད་ཅིང་། སོ་གཉིས་པ་ལ་པཎྜི་ཏ་རཱ་ཧུ་ལ་དང་མཇལ་ནས་རྒྱ་གར་དུ་ཕེབས་པས། ཁོང་ལ་མཚོན་ན་དགུང་ལོ་སོ་གཉིས་ནི་མི་ཚེའི་དཀྱོགས་མཚམས་གལ་ཆེན་ཞིག་སྟེ། འདི་ལོ་ནས་བཟུང་ཁོང་གིས་ལེགས་སྦྱར་སློབ་མགོ་བཙུགས་པ་དེ་ཕྱིས་སུ་ལོ་ཙཱ་བ་ཞིག་ཏུ་འགྱུར་བའི་མཐུན་རྐྱེན་ཚང་བ་རེད། «རཱ་ཧུལ་མཉམ་དུ་བོད་བསྐྱོད་ཟིན་ཐོ་»ལ་གཞིགས་ན་རཱ་ཧུ་ལ་ནི་པཎྜི་ཏ་ཞིག་ཕར་ཟད་དགེ་སློང་རྣམ་དག་ཅིག་ཀྱང་མིན་པར་མ་ཟད། ཁ་དན་ཚིག་ལ་མི་གནས་པ་སོགས་སྐྱོན་གྱིས་ལྷད་པ་ཞིག་ཡིན་ཡང་། དགེ་ཆོས་ཀྱི་ལེགས་སྦྱར་དགེ་རྒན་ཐོག་མ་ལགས་ན་བཀའ་དྲིན་བསམ་གྱིས་མི་ཁྱབ་པས་ཁོང་གི་ཕྱག་རྩོམ་ཁག་ཏུ་པཎྜི་ཏ་ཞེས་འབོད་པ་ལ་དགོས་པ་མཆིས་སྙམ།
པཎྜི་ཏ་རཱ་ཧུ་ལ།
རྒྱལ་ཁམས་པ་ཁོང་གིས་བསྒྱུར་བ་ལ་རྒྱལ་པའི་བཀའ་དང་བསྟན་བཅོས་ལས་གཞན་ཕྱི་རོལ་མུ་སྟེགས་ཀྱི་གཞུང་ཡང་ཡོད་ལ། གཤམ་དུ་འགྱུར་རྣམས་ཀྱི་མཚན་ཐོ་དགོད་པར་བྱ། 1.སངས་རྒྱས་ཀྱི་གསུང་འཁྲུལ་མེད་«ཆོས་ཀྱི་ཚིགས་སུ་བཅད་པ།»
2.སློབ་དཔོན་ནག་པོ་སྤྱོད་པས་མཛད་པའི་«ཨེ་ཝཾ་གྱི་རྣམ་བཤད་རི་མོ་ཅན།»
3.དྲང་སྲོང་གྲོག་མཁར་གྱིས་མཛད་པའི་«ར་མཱ་ཡ་ཎའི་རྟོགས་བརྗོད།»
4.སློབ་དཔོན་ནག་མོ་ཁོལ་གྱིས་མཛད་པའི་«བྱ་ལེན་མ་མངོན་པར་ཤེས་པའི་ཟློས་གར།»
5.«རྒྱ་དཔེ་དུ་མའི་ཚིགས་བཅད་ཕྱོགས་བསྡུས་བྱས་པ་ལེགས་སྦྱར་བང་མཛོད།»
6.«ཆོས་རྒྱལ་མྱ་ངན་མེད་ཀྱི་ཡི་གེ་རི་ན་ག་རེའི་བྲག་ངོས་ལ་བརྐོས་པ།»
7.ཕྱི་རོལ་གྱི་གཞུང་འགངས་ཆེན་«དཔལ་ལེགས་ལྡན་ནག་པོའི་གླུ།»
8.«ལས་ཀྱི་རྣལ་འབྱོར།»
9.«དམ་ཚིག་སྒྲོལ་མའི་སྐོར།»
འདི་རྣམས་ལས་གཉིས་པ་དང་། བརྒྱད་པ། དགུ་པ་གསུམ་ངེད་ཅག་གི་མཐོང་ལམ་དུ་མེད་ཅིང་། བདུན་པ་«ལེགས་ལྡན་ནག་པོའི་གླུ་»ལ་བོད་སྐྱོང་བརྟན་མ་བཅུ་གཉིས་ཀྱི་བཀའ་ཆད་ཕོག་པས་ཡིན་ནམ། དེང་སང་བསྟན་བཅོས་འདིའི་ལེའུ་གཉིས་པ་དང་། གསུམ་པ། བཞི་པ། བཅུ་གཉིས་པ་བཅས་ལས་གཞན་དག་ཁ་མི་ཚང་ཞིང་། «རཱ་མ་ཡ་ཎ་»ཡི་སྤྲེའུ་ཧ་ནུ་མནྠའི་མཇུག་བརླགས་སོང་བ་ཞིག་རཀ་སྤྲུལ་གྱིས་གསུངས་འདུག་ཀྱང་། དེང་སང་གསར་དུ་དཔར་བའི་ཁོང་གི་གསུང་རྩོམ་ཁག་ཏུ་འདི་ཡང་མི་བཞུགས། «བྱ་ལེན་མ་མངོན་པར་ཤེས་པའི་ཟློས་གར་»གྱི་ཡན་ལག་དང་པོ་ལས་གཞན་བསྒྱུར་མེད་པ་འདི་ཉིད་ཀྱི་འགྱུར་བྱང་དུ་གསལ། «ཆོས་རྒྱལ་མྱ་ངན་མེད་ཀྱི་ཡི་གེ་རི་ན་ག་རེའི་བྲག་ངོས་ལ་བརྐོས་པ་»དེ་«གཏམ་རྒྱུད་གསེར་ཐང་»གི་ས་བཅད་བཅུ་པ་ཡིན་ཞིང་། འདིར་ཕྲན་གྱིས་འགྱུར་ཆོས་ཀྱི་གྲས་སུ་བརྩིས་པ་ནི་རྒྱལ་པོ་མྱ་ངན་མེད་ཀྱི་བཀའ་གཙིགས་ཡི་གེ་ཚན་པ་བཅུ་གསུམ་གྱི་བདག་ཉིད་དེ། ལོ་ཙཱ་བ་ཁོང་གིས་མཁས་པ་དུ་མ་ལ་འདྲི་རྟོགས་ཀྱིས་དཀའ་ཚེགས་ཆེན་པོས་བོད་ཡིག་ལ་བསྒྱུར་བ་ཞིག་ཡིན་པས་ཡིན།
རྒྱལ་པའི་བཀའ་«ཆོས་ཀྱི་ཚིགས་སུ་བཅད་པ་»ནི་བོད་ལས་གཞན་འཛམ་གླིང་འདིའི་ནང་པ་ཐམས་ཅད་ཀྱིས་སྟོན་པ་བཅོམ་ལྡན་འདས་ཀྱི་གསུང་གི་ཉིང་ཁུ་ལ་བརྩིས་ཤིང་། ཡེ་ཤུ་བའི་«དམ་པའི་གསུང་རབ་»དང་མུ་སུལ་མན་གྱི་«ཀུརཱན་གཞུང་»ལྟར་ནང་པའི་ཚབ་མཚོན་མདོ་སྡེ་ཉིད་དུ་བཀུར་འོས་པར་གྲགས་པས། འདི་ཉིད་བསྒྱུར་བ་ལས་ལོ་ཙཱ་བ་ཁོང་གི་སྤྱན་རྣོ་བ་ཤེས་ཐུབ་པ་དང་། «དཔལ་ལེགས་ལྡན་ནག་པོའི་གླུ་»ནི་ཕྱི་རོལ་པའི་གཞུང་གལ་ཆེན་ཞིག་དང་། རྒྱ་གར་ཤེས་རིག་ལོ་རྒྱུས་སུ་གོ་གནས་ངེས་ཅན་ཟིན་པའི་བསྟན་བཅོས་གྲགས་ཅན་ཞིག་ལགས་ན། འདི་ཉིད་བསྒྱུར་བ་ལས་ལོ་ཙཱ་བ་ཁོང་གི་ཐུགས་ཡངས་པ་ཡང་བརྟག་ཐུབ་བོ། །གཞན་ཡང་མདོ་གཅིག་པུ་ཙམ་མ་ཡིན་པར་སྔགས་ལ་དང་དོད་གནང་བ་གྲུབ་ཆེན་ནག་པོ་སྤྱོད་པའི་བདེ་མཆོག་གི་རྒྱུད་ཀྱི་རྣམ་བཤད་ཅིག་བསྒྱུར་བ་དང་། ཆོས་གཞུང་ཙམ་མ་ཡིན་པར་ལོ་རྒྱུས་དང་རྩོམ་རིག་ལ་ཡང་མཐོང་ཆེན་མཛད་པ་«མྱ་ངན་མེད་ཀྱི་བྲག་བརྐོས་ཡི་གེ་»དང་«ར་མཱ་ཡ་ཎའི་རྟོགས་བརྗོད་»སོགས་བསྒྱུར་བ་ལས་མཚོན་ཐུབ་བོ། །
«ཆོས་ཀྱི་ཚིགས་སུ་བཅད་པ་»ནི་པྲ་ཀྲི་ཏའི་སྐད་ནས་བསྒྱུར་ཅིང་། གཞན་ཕལ་ཆེར་སཾ་སྐྲྀ་ཏའི་སྐད་ནས་བསྒྱུར་བ་ཞིག་རེད། དེ་ཉིད་ཀྱི་འགྱུར་བྱང་དུ་འདྲེན་པ་ཆེན་པོ་གནས་བརྟན་དྷརྨཱནནྡའི་ཞབས་དྲུང་དུ་ཞུས་ཏེ། སིངྒལ་དཔལ་རལ་གྲིའི་རི་བོའི་དགོན་པར་བསྒྱུར་བར་བརྗོད་པ་དེ་ལས་ཁོང་གིས་སྔོན་བྱོན་ལོ་ཙཱ་བ་རྣམས་ཀྱི་སྲོལ་བཟང་པོའི་རྒྱུན་བསྐྱངས་འདུག་ཅིང་། གཞན་ཡང་རྒྱལ་སྲས་ཞི་བ་ལྷས་མཛད་པའི་«སྤྱོད་འཇུག་ཆེན་མོ་»ཆ་ཚང་བོད་ཡིག་ནས་དབྱིན་ཡིག་ལ་བསྒྱུར་བ་དང་། ཨུ་རུ་སུའི་མཁས་པ་འཇོར་ཇེ་རོལ་རིག་དང་ལྷན་དུ་འགོས་ལོ་གཞོན་ནུ་དཔལ་གྱི་«དེབ་ཐེར་སྔོན་པོ་»དབྱིན་ཡིག་ལ་བསྒྱུར་བ་ལས། ཁོང་ལ་སྔ་རབས་ལོ་ཙཱ་བ་ཀུན་དང་མི་འདྲ་བའི་ཁྱད་ཆོས་ཤིག་ཡོད་པ་ར་སྤྲད་ཐུབ།
ལར་«ལེགས་སྦྱར་བང་མཛོད་»གཞན་དག་གིས་ཁོང་གི་གསུང་རྩོམ་གྱི་གྲས་སུ་བཞག་འདུག་ཀྱང་། ཕྱི་ནང་གི་བསྟན་བཅོས་གྲགས་ཅན་རྣམས་ཀྱི་ཚིགས་བཅད་མང་པོ་ཞིག་སཾ་བོད་ཤན་སྦྱར་གྱིས་བྲིས་པས་འགྱུར་རྩོམ་ལ་གཏོགས་པར་ཕྲན་གྱིས་འདོད། དེ་ཉིད་ཀྱི་མཇུག་ཏུ་ཁོང་གིས་འདི་ལ་ཞུ་དག་གཏོང་མི་འོས་པར་ཐ་ཚིག་བསྒྲགས་པ་ལས་ཁོང་གི་སཾ་སྐྲྀ་ཏ་མཁྱེན་ཚད་ཇི་འདྲ་ཞིག་ཡིན་པ་ང་ཚོ་ལ་བསྟན་ཡོད་ཅིང་། མི་ལོ་བཅུ་གཉིས་ཀྱི་ཡུན་ལ་སཾ་སྐྲྀ་ཏའི་སྐད་དང་། པྲ་ཀྲི་ཏའི་སྐད། ཧིན་དྷིའི་སྐད། དབྱིན་སྐད་སོགས་ལེགས་པར་མཁྱེན་པས་ཁོང་གི་རྣམ་དཔྱོད་དང་སྙིང་རུས་ལ་ཧ་ལས་དགོས་པ་ཞིག་མ་ཡིན་ནམ།
གཏམ་རྒྱུད་གསེར་ཐང་།
ལོ་ཙཱ་བ་འདི་ཉིད་བཀའ་དང་བསྟན་བཅོས་བསྒྱུར་བའི་ཡི་གེ་བ་ཁོ་ན་ཙམ་མ་ཡིན་པར། དེ་དག་ལ་དཔྱད་པ་གཏོང་བའི་ཞིབ་འཇུག་པ་ཞིག་ལགས་ན། དེ་ལ་ཡང་ཁོང་གིས་ལོ་རྒྱུས་ཡིག་ཚང་གཅིག་པུ་ལ་མགོ་མ་འཁོར་བར། རང་གིས་གང་ཞིག་མཐོང་ཞིང་ཐོས་པ་གཙོ་བོར་བྱས་པའི་རྟོག་དཔྱོད་ཞིབ་འཇུག་དཔང་བོར་འཛིན་ཅིང་། གནའ་དཔྱོད་དང་། མཛེས་རྩལ། ལོ་རྒྱུས། རྩོམ་རིག །སྐད་བརྡ། ཡུལ་སྲོལ། སྐྱེ་དངོས་སོགས་ཕྱོགས་དུ་མ་ནས་ཧི་མ་ལ་ཡའི་སྣོད་བཅུད་གཉིས་ཀྱིས་བསྐྱེད་པའི་སྤྱི་ཚོགས་དང་། ལོ་རྒྱུས། རིག་གནས་ལ་ཉམས་ཞིབ་གནང་ནས་«རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ་»མཛད་པ་རེད། བོད་ཀྱི་སྔ་རབས་ལོ་ཙཱ་བའི་ཁྲོད་དུ་རྒྱ་གར་དང་། བལ་པོ། ཨུ་རྒྱན་སོགས་ལ་ཕྱིན་པ་ཤིན་ཏུ་མང་ཡང་། ཁོང་ཅག་གི་གྲས་སུ་ཡུལ་གྲུ་གཞན་གྱི་མཐོང་ཐོས་མྱོང་གསུམ་བྲིས་པ་རེ་གཉིས་ལས་མེད་ཅིང་། དེ་དག་ཀྱང་རྒྱ་ནག་གི་བཙུན་པ་ཧྥ་ཞན་དང་། ཞོན་ཙང་། ཝེན་ཚག་སོགས་ཀྱི་ལམ་ཡིག་དང་བསྡུར་ན་ཉིང་བསྡུས་ཅན་རེད། ལོ་ཙཱ་བ་དགེ་ཆོས་ཀྱིས་མཛད་པའི་«གཏམ་རྒྱུད་གསེར་ཐང་»ནི་དེ་དག་ལས་ཀྱང་ཞིབ་ཚགས་ལྡན་ཞིང་འཐུས་ཚང་བ་ཞིག་ཡིན་པ་དེ་གཅིག་པུ་ལས་ཁོང་གི་མཛད་རྗེས་མཐོང་ཐུབ། ཁོང་གིས་བསྟན་བཅོས་དེ་ཉིད་དང་«རྒྱ་གར་གནས་ཡིག་»སོགས་བརྩམས་པས་སྔོན་བྱོན་ལོ་ཙཱ་བ་རྣམས་ཀྱི་སྟོང་ཆ་ཆེན་པོ་ཞིག་བསྐངས་ཡོད། གུས་པའི་བསམ་པར་རང་རེའི་སྒྲ་བསྒྱུར་ལོ་ཙཱ་བ་རྣམས་ལ་ཞིབ་འཇུག་བྱེད་ན། ཉམས་ཞིབ་པ་གང་དེ་མཁས་དབང་ཁོང་བཞིན་སཾ་སྐྲྀ་ཏ་དང་བོད་ཡིག་གཉིས་ལ་མཁས་པ་ཞིག་ཡིན་དགོས་པར་བསམ། སྐད་རིགས་འདི་གཉིས་ལས་གཅིག་མ་ཤེས་ན་ལོ་ཙཱ་བ་ཞིག་གི་འགྱུར་རྩལ་སོགས་ལ་དཔྱད་འཇོག་བྱེད་ཐབས་བྲལ། ཁོ་བོ་ཐེ་བའི་དེང་གི་སློབ་གཉེར་བ་རྣམས་ཀྱིས་ལོ་ཙཱ་བ་ཚོའི་འཁྲུངས་འདས་ལོ་ཚིགས་དང་། བླ་སློབ་ཀྱི་འབྲེལ་བ། སློབ་གཉེར་གྱི་ལམ་བུ་སོགས་སྐུ་ཚེ་གང་བོའི་མཛད་པ་རྣམས་ཇེ་གསལ་ལ་གཏོང་བ་ནི། ལོ་རྒྱུས་དང་ཡིག་ཚང་རིག་པའི་ངོས་ནས་ཞིབ་འཇུག་བགྱིས་པ་ཞིག་ལས། ལོ་ཙཱ་རིག་པའི་ངོས་ནས་ལོ་ཙཱ་བ་གང་དེའི་ཡོན་ཏན་ལ་ཉམས་ཞིབ་གནང་སྟངས་ཤིག་མ་རེད་སྙམ། དེ་བས་འདིའི་ཐད་ནས་མཁས་དབང་དགེ་ཆོས་མཆོག་ལ་མཐུན་རྐྱེན་མ་ལུས་འཛོམས་ཡོད། ཡིན་ནའང་ཁོང་གིས་ལོ་ཙཱ་བ་ཚོའི་འདས་སོང་ལ་དུས་ཚོད་མ་གཏོང་བར་ལོ་ཙཱ་བ་རྣམས་ལྟར་བསྟན་བཅོས་བསྒྱུར་བ་དང་རྩོམ་པའི་མཛད་པ་བསྐྱངས་པ་རེད། སཾ་སྐྲྀ་ཏའི་སྐད་མཁྱེན་པས་སཾ་བོད་གཉིས་ཀྱི་གནད་དོན་མང་པོ་ཞིག་འདོན་པ་དཔེར་ན་བོད་ཡིག་གི་གསར་དུ་བསྣན་པའི་ཡི་གེ་གང་ཡིན་པ་ལ་དཔྱད་པ་དང་། རང་རེའི་སུམ་རྟགས་ལེགས་སྦྱར་གྱི་སྒྲ་སྒྲུབ་ཚུལ་ལྟར་བཟོས་པ། བཀའ་འགྱུར་ཞོལ་པར་མའི་དཀར་ཆག་གི་མཆོད་བརྗོད་སུམ་རྐང་གི་སྒྲ་སྒྲུབ་སྟངས་ནོར་བར་གསུངས་པ་ལྟ་བུ་རེད། དེ་ལས་གཞན་ཁོང་གིས་«དཔག་བསམ་འཁྲི་ཤིང་»སོགས་ཁྲིད་དུས། སཾ་བོད་གཉིས་བསྡུར་ནས་དེ་དག་གི་རྣམ་དབྱེ་དང་། ཕྲད། རྐྱེན་སོགས་ལ་དབྱེ་ཞིབ་མཛད་ནས་དཔེ་འཁྲིད་གནང་བ་དེ་ཡང་ངོ་མཚར་བའི་གནས་ཤིག་གོ། །
ཁོང་གིས་སྔོན་བྱོན་ལོ་ཙཱ་བ་རྣམས་ལ་འདི་ལྟར་གདེང་འཇོག་གནང་ཡོད་དེ། “དེ་དུས་ཀྱི་ལོ་ཙཱ་བ་རྣམ་པས་སཾ་སྐྲྀ་ཏ་ཙམ་མ་ཟད། གང་དུ་ཕེབས་སའི་རྒྱ་གར་གྱི་ཡུལ་སོ་སོའི་སྐད་རིགས་ཀྱང་ཕུགས་འཕེར་མཁྱེན་ནས། རྒྱ་གར་བ་མཆོག་དམན་ཐམས་ཅད་ཀྱི་བསམ་ཚུལ་དང་སྤྱོད་ཚུལ་ཚང་མའི་རྟིང་ལོན་ནས་མ་མཐའ་ཚིག་ཕལ་པ་ཡན་ལ་ཞིབ་ཚགས་མཛད་དེ། དེ་ཐོག་བོད་ཀྱི་སྐད་ཡིག་ལ་ཡང་བྱང་ཆུབ་པ་ཞིག་མཛད་དེ་བསྒྱུར་གནང་བ་ཡིན་ཙང་། འགྱུར་སྤུས་དག་པོ་ཡོང་བའི་རྩ་བ་ཕྱི་ནང་གཉིས་ཀའི་སྐད་ཡིག་ལ་ཐོགས་པ་མེད་པ་ཡོད་པ་དེ་གས་རྒྱུ་བྱས་ནས་བྱུང་བ་རེད།”ཅེས་པ་འདི་ཡང་ཁོང་གི་ཡོན་ཏན་ལ་སྦྱོར་ཆོག་པ་ཞིག་རེད། རྒྱ་གཞུང་ནང་གི་ཤིང་དང་མེ་ཏོག་སོགས་ལ་དོ་སྣང་མཛད་པས་བོད་པ་རྣམས་ཀྱིས་མི་ཤེས་པ་སྐོར་ཞིག་རི་མོ་དང་བཅས་གསལ་བཤད་གནང་བར་མ་ཟད། རྒྱ་གར་འཕགས་ཡུལ་ནས་སྟོན་པའི་གནས་ཆེན་ཁག་དང་། བདེ་མཆོག་གི་རྒྱུད་ནས་བཤད་པའི་ཡུལ་ཉེར་བཞི། པཎ་གྲུབ་རྣམས་ཀྱི་འཁྲུངས་ཡུལ་སོགས་རྩད་གཅོད་གནང་ནས། གྲོང་དང་གྲོང་ཁྱེར་གྱི་མིང་ཚུན་ཆད་གསལ་བར་མཛད་པས། རྒྱལ་ཁམས་པ་དགེ་ཆོས་ཀྱིས་སྔ་རབས་ལོ་ཙཱ་བ་རྣམས་དང་འུ་ཅག་རྗེས་རབས་པར་གསེར་ཟམ་གལ་ཆེན་ཞིག་བཙུགས་འདུག །
མཁས་དབང་ཁོང་གི་རིག་གནས་ལོ་རྒྱུས་ལ་ཉམས་ཞིབ་གནང་སྟངས་དང་། ཚིག་སྦྱོར་སྤེལ་སྟངས་ཚུན་ཆད་ཕྱི་རབས་ཕལ་མོ་ཆེ་ཞིག་ལ་ཤན་གྱིས་མ་ཁྱབ་པ་ཞིག་མེད་པ་ལྟར་སྣང་ཞིང་། ཁོང་གི་རིགས་ལམ་དང་མཁྱེན་རྒྱ་དེ་འདྲ་ཞིག་ད་ལྟའི་བར་དུ་བོད་མི་སུ་ལ་ཡང་མེད་ཚོད་རེད། ཀློག་མཁན་ཁྱེད་ཀྱིས་ཁོང་ལས་གཞུང་ལ་མཁས་པ་མང་དུ་བྱོན་པར་བསྙད་ན་སྐད་རིགས་མང་པོ་མཁྱེན་པ་སུ་ཡོད། སྐད་རིགས་སྣ་མང་མཁྱེན་པའི་ཡོན་ཏན་པ་ཡོད་ན་ཁོང་ལྟར་རྒྱ་དཔེ་བོད་ཡིག་ལ་སྒྱུར་ཐུབ་མཁན་སུ་ཡོད། དེ་བཞིན་རྒྱ་བལ་སོགས་སུ་མི་ལོ་མང་པོར་སློབ་གཉེར་བྱས་ཀྱང་། ཁོང་ལྟར་«གཏམ་རྒྱུད་གསེར་ཐང་»ལྟ་བུ་མཛད་ནུས་མཁན་སུ་བྱོན་པ་རེད། དེང་གི་ཆར་རང་རེ་ལ་སྙན་ངག་པ་མང་པོ་བྱོན་ཡོད་ཀྱང་ཚིག་དོན་གཉིས་ཆ་ནས་«འདོད་པའི་བསྟན་བཅོས་»ལས་ཁྱད་དུ་འཕགས་པ་ཞིག་སུ་ཡིས་བརྩམས་ཡོད་པ་རེད། གནས་ཚུལ་འདི་འདྲ་ཞིག་གི་དབང་གིས་དགེ་འདུན་ཆོས་འཕེལ་ནི་བོད་ཀྱི་ལོ་ཙཱ་བ་ཀུན་ལས་དམིགས་བསལ་ཅན་ཞིག་རེད། དེ་བཞིན་རྩོད་གཞི་ཅན་ཞིག་ཡིན་པའང་ཀུན་ལ་གསལ་ཆ་ཡོད་པ་དེ་ག་ལགས།
བཻཌཱུརྱའི་བུམ་པ།
ཕྲན་གུས་པས་སློབ་ཆུང་ལོ་རིམ་བཞི་པའི་སློབ་དེབ་ལས་«འདི་ནི་ད་ལྟའི་བར་དུ་རང་རེའི་སྲོལ་»ཞེས་པ་སྦྱོང་དུས། རྩོམ་མཁན་གྱི་མིང་ལ་དགེ་འདུན་ཆོས་འཕེལ་ཡིན་པ་མཆན་ལས་མཐོང་བ་ན། དགའ་སྤྲོ་དང་བཅས་རང་རློམ་ཆེན་པོས་ཤག་མཚེས་ལ་སློབ་ཚན་འདིའི་རྩོམ་པ་པོ་ནི་ངེད་ཚང་གི་ཨ་ཁུ་རེད་ཅེས་སྨྲས་མྱོང་། ཕྱིས་བོད་ཡིག་དགེ་རྒན་གྱིས་གཞུང་སྒྲུབ་ཁང་གི་ལྡེབས་ངོས་སུ་བཀལ་བའི་སྐུ་པར་ནི་མཁས་དབང་དགེ་ཆོས་ཡིན་པར་སྨྲས་པས། ད་གཟོད་རང་ལ་ངོ་གནོང་དགོས་པ་ཞིག་བྱུང་། འདི་ནི་ཕྲན་གྱིས་རྒྱལ་ཁམས་པ་གང་དེ་ཐོག་མར་ངོ་ཤེས་པའི་འདས་དོན་ཡིན། ཕྱིས་སློབ་ཆེན་འགྲིམས་པ་ནས་བཟུང་ཁོང་གི་ཕ་ནོར་«གཏམ་རྒྱུད་གསེར་ཐང་»ཡང་དང་བསྐྱར་དུ་བཀླགས་ཤིང་། བསྟན་བཅོས་འདི་ཉིད་ཀྱི་བྱིན་རླབས་ཀྱིས་གུས་པ་ཡང་རིག་གནས་ལྗོངས་རྒྱུ་ལ་དགའ་ཞིང་དེའི་སྐོར་གྱི་རྩོམ་ཡིག་འབྲི་བར་མོས་པ་ཞིག་ཏུ་གྱུར། འདི་ལོར་དམ་པ་ཁོང་གི་དངོས་སློབ་ཧོར་ཁང་བསོད་ནམས་དཔལ་འབར་དང་རཀ་ར་སྤྲུལ་སྐུ་གཉིས་ཀྱིས་མཛད་པའི་རྣམ་ཐར་རྒྱས་བསྡུས་གཉིས་ལ་ཐོག་མར་མཇལ་སྐལ་བྱུང་བས། ཁོང་ལ་ངོས་འཛིན་གསར་པ་ཞིག་ཐོབ་པར་མ་ཟད་མ་འོངས་རང་གི་སློབ་གཉེར་ལ་ཕན་པའི་ཉམས་མྱོང་སྔར་མེད་པ་ཞིག་ཀྱང་རག །དེ་བས་ན་རང་རེའི་སྔ་རབས་མཁས་པ་ཀུན་ལས་ཕྲན་ལ་ཤུགས་རྐྱེན་ཆེ་བའི་རྒྱལ་ཁམས་པ་ཁོང་གི་སྐུ་དྲིན་དྲན་པའི་ཚུལ་དུ་ཟིན་བྲིས་འདི་ཉིད་བརྩམས་པ་དགེའོ། ། སྨྲས་པ།
དགེ་ཆོས་དཀར་པོ་མུ་ཏིག་ཡིན།།
དགེ་ཆོས་སེར་པོ་གསེར་སྦྲམ་ཡིན།།
དགེ་ཆོས་དམར་པོ་བྱུ་རུ་ཡིན།།
དགེ་ཆོས་སྔོན་པོ་མུ་མེན་ཡིན།།
དགེ་ཆོས་ལྗང་གུ་མར་གད་ཡིན།།
དགེ་ཆོས་དྭངས་མོ་ཆུ་ཤེལ་ཡིན།།
དགེ་ཆོས་མི་བཤིག་ཕ་ལམ་ཡིན།།
ཅེས་ཀྱང་བསྔགས་ཏེ་བོད་ཀྱི་ལོ་ཙཱ་བ་རྣམས་ཀྱི་བརྗེད་ཐོ་ལས་ཁག་བཅུ་གཅིག་པ་མཁས་དབང་དགེ་ཆོས་ཀྱི་གཟི་བྱིན་ལོ་ཙཱ་བའི་ངོས་ནས་ཅུང་ཟད་གླེང་བ་རྫོགས་སོ། །
སྤྱི་ལོ་2021ལོའི་སྤྱི་ཟླ་12པའི་ཚེས་16ཉིན་ལ་བྲིས།
གསལ་བཤད། འདིར་བཀོད་པའི་ནང་དོན་དང་པར་སོགས་ནི་སྐྱིད་རྟག་འཕྲིན་སྟེགས་ཀྱི་དོ་བདག་གིས་དངོས་སུ་ཆོག་མཆན་བཀོད་པ་བརྒྱུད་འདིར་བརྒྱུད་འགོད་བྱས་པ་ཡིན་པས་གཞན་དག་གིས་རང་སྣང་གང་ཤར་གྱིས་བཤུ་འཁྱེར་མི་བྱ་རོགས་ཞུ། གལ་སྲིད་བརྒྱུད་འགོད་བྱ་ན་དོ་བདག་ལ་འབྲེལ་བ་བྱས་ཏེ་མོས་མཐུན་བྱུང་རྗེས་འཁྱེར་ཆོག
འབྲེལ་ཡོད་འོས་སྦྱོར།