logo

༄༅། །ཨ་ལགས་འཇམ་དབྱངས་ཚང་གི་ངོ་སྤྲོད།

རྩོམ་པ་པོ།:དཀོན་མཆོག་དོན་གྲུབ། ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ། དུས་ཚོད།:2021-12-27 ཀློག་གྲངས།:
༄༅། །ཨ་ལགས་འཇམ་དབྱངས་ཚང་གི་ངོ་སྤྲོད།
དཀོན་མཆོག་དོན་གྲུབ། རྨ་ལྷོ།
ཟོ་བཟང་རང་བཞིན་སྲོང་པ་ཕྱི་ཡི་སྤྱོད། །
དེས་ཤིང་གཞན་ཕན་སེམས་པ་ནང་གི་སྤྱོད། །
ཆོས་དབྱིངས་ཁྱབ་བརྡལ་ཆེན་མོ་གསང་བའི་སྤྱོད། །
སྐུ་གསུམ་ལྷུན་གྲུབ་བླ་མར་གསོལ་བ་འདེབས། །
གསེར་ཞལ་ཆུ་བུར་མིག་གིས་མ་མཇལ་ཡང་། །
གྲགས་སྙན་རོལ་མོ་རིང་དུ་མ་གྱུར་པས། །
བྱ་བ་རྣམ་དགུའི་གྲུ་ཆར་འཇོ་བའི་དཔལ། །
རིག་འཛིན་དང་བཅས་གདུལ་བྱ་རྒྱ་མཚོར་འབུལ། །
དང་པོ། སྐུ་སྐྱེ་སྔ་མ་དག་གི་སྐོར།
        རྗེ་འཇིགས་མེད་མི་བསྐྱོད་མཁས་གྲུབ་རྒྱ་མཚོའི་སྐུ་སྐྱེ་དང་པོ་ནི་རྨོག་གསར་པཎྜིཏའི་ཐུགས་སྲས་གཙོ་བོ་གསུམ་གྱི་ཡ་གྱལ་རྒྱལ་སྲས་མི་བསྐྱོད་རྡོ་རྗེ་ཞེས་པ་གྲུབ་དབང་ཐུགས་མཆོག་རྡོ་རྗེའི་སྤྲུལ་བར་ངོས་འཛིན་གནང་བ་དེ་ཉིད་ཡིན་ལ། སྐུ་སྐྱེ་གཉིས་པ་ནི་རིག་འཛིན་བདུད་འཇོམས་རྡོ་རྗེ་ཞེས་པ་སྐྱབས་མགོན་ཞབས་དཀར་པའི་སློབ་མ་དེ་ཉིད་ཡིན། སྐུ་སྐྱེ་གསུམ་པ་ནི་མདོ་ཁམས་ཟིལ་གནོན་དགྱེས་པ་རྡོ་རྗེ་ནས་ངོས་འཛིན་གནང་བ་སྟེ། རྗེ་འཇིགས་མེད་མི་བསྐྱོད་མཁས་གྲུབ་རྒྱ་མཚོའམ་ཨ་ལགས་འཇམ་དབྱངས་ཞེས་པ་འདི་ཉིད་ལགས་སོ། །
གཉིས་པ། སྐུ་སྐྱེ་གསུམ་པ་འཇིགས་མེད་མཁས་གྲུབ་རྒྱ་མཚོའི་སྐོར།
        གཅིག རིགས་ཕུན་སུམ་ཚོགས་པར་སྐྱེ་བ་བཞེས་པའི་ཚུལ།
        དེ་ཡང་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་རིག་པ་འཛིན་པའི་ཁྱུ་མཆོག་རྗེ་མི་བསྐྱོད་སྤྲུལ་སྐུ་འཇིགས་མེད་མཁས་གྲུབ་རྒྱ་མཚོའམ་ནགས་རྒྱའི་སྨན་རབས་དྲུག་པ་ཨ་ལགས་འཇམ་དབྱངས་ཞེས་གྲགས་པ་གང་ཉིད་ནི་རབ་བྱུང་བཅུ་དྲུག་པའི་ས་སྦྲུལ་༡༩༢༩ལོར་ས་རྩེ་བརྒྱད་ལུང་པ་ཕྱོགས་སུ་གྱེས་པའི་ནུབ་ཀྱི་ཆར་གཏོགས་པ། རྩེ་ཆེན་འདུས་རིའི་ལྷ་ཞོལ། རྩེ་ལྷ་བཅུ་གསུམ་གྱིས་ཡོངས་སུ་བསྐོར་བའི་དབུས། ཆེན་པོ་ཧོར་གྱི་ཡུལ་ཚོར་ནགས་རྒྱའི་གདུང་རྒྱུད་དུ་ཡབ་ཡི་དམ་ཚེ་རིང་དང་ཡུམ་གཡང་མོ་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་། ཁམས་གསུམ་ཟིལ་གནོན་དགྱེས་པ་རྡོ་རྗེ་མཆོག་གིས་རྒྱལ་སྲས་མི་བསྐྱོད་རྡོ་རྗེའི་སྤྲུལ་སྐུར་ངོས་འཛིན་གནང་ཞིང་གོས་ཡུག་སེར་པོ་ཞིག་བསྩལ་ཏེ་བསྟན་འགྲོའི་དོན་ལན་གསུམ་དུ་བཅོལ་བ་སོགས་ཐུགས་རྩིས་ཆེན་པོ་མཛད། སྐུ་ན་ཕྲ་བའི་དུས་ནས་ཕལ་བའི་ཚུལ་ལས་རིང་དུ་འདས་ཏེ་ལྷ་དང་མི་མ་ཡིན་སོགས་གཟུགས་མེད་ཀྱི་སེམས་ཅན་སྣ་ཚོགས་མཐོང་ཞེས་ཁོང་གི་ཞལ་ནས་ཡང་ཡང་གསུངས་མྱོང་ལ། སྒྲ་འཇུག་བྱས་པའི་བཀའ་ཁྲིད་ཐེངས་ཤིག་གི་འཕྲོས་དོན་ལས་ཁོང་ན་རེ། “ལོ་ལོན་བསམ་ཤེས་ཚོས་བྱིས་པ་ཚོར་ས་སྲོད་དུ་འཐབ་རེས་དང་འཛིང་རེས་མ་བྱེད་ཅེས་ཁ་ཏ་རྒྱག་པར་དགོས་པ་གལ་ཆེན་ཞིག་ཡོད་དེ། སྐབས་དེ་དག་ཏུ་ལྷ་དང་མི་མ་ཡིན་སོགས་ཧ་ཅང་འཐབ་ཅིང་རྩོད་པའི་དུས་ཤིག་ཡིན། ང་ཆུང་དུས་སུ་སྦྲའི་སྒོ་ཕྱར་སྲུབ་ཀ་ནས་མགོ་ཕྱིར་ཕུད་དེ་བལྟས་ན་དེ་འདྲའི་འདྲ་མིན་མང་པོ་མཐོང་རྒྱུ་ཡོད། མཚམས་ལན་རེར། ཨ་མར་གན་ཅི་རེད་ཅེས་དྲིས་ཚེ་འདིའི་འདྲེ་མིག་གིས་མི་རིག་ནི་ཟིག་མེད། ཕྱིར་སོང་ཞེས་ཁྱིམ་དུ་བརྫངས་ཏེ་བལྟར་མི་འཇུག”་ཅེས་གསུངས། སྐུ་ན་ཕྲ་དུས་ནས་འཇིག་རྟེན་མིའི་ཆུ་བུར་མིག་གི་སྤྱོད་ཡུལ་དུ་མ་གྱུར་པའི་སེམས་ཅན་སྣ་ཚོགས་ཀྱང་མཐོང་བ་སོགས་ངོ་མཚར་གྱི་སྒྲོས་དུ་མ་སྣང་།
        གཉིས། རྟེན་དེ་ལ་ཡོན་ཏན་བརྙེས་པའི་ཚུལ།
        སྤྲུལ་བའི་སྐུ་གང་ཉིད་ཀློག་པ་ཐོས་བསམ་གྱི་འཁོར་ལོར་ཞུགས་ཚུལ་ནི། དགུང་ལོ་བདུན་གྱི་སྟེང་རྟོགས་པ་མཆོག་ལྡན་གྱི་ཡོངས་འཛིན་བློ་བཟང་བསྟན་དར་གྱི་མདུན་ནས་ཕྲལ་སྦྱར་གྱི་ཀློག་དང་གཟབ་གཤར་གྱི་བྲིས་སོགས་ལོ་གཅིག་རིང་བསླབས་ཤིང་། དབང་དང་གདམས་ངག་མང་པོའི་དྲིན་བསྐྱངས། དགུང་ལོ་བརྒྱད་ཀྱི་སྟེང་ནགས་རྒྱའི་སྐུ་བར་བ་འཇིགས་མེད་ལུང་རྟོགས་རྒྱ་མཚོ་མཆོག་ལས་ཚིགས་བར་མ་རབ་བྱུང་གི་སྡོམ་པ་མནོས་ཏེ་ཆོས་སྒོར་ཞུགས་པས་འཇིགས་མེད་མཁས་གྲུབ་རྒྱ་མཚོ་ཞེས་སུ་མཚན་གསོལ་བ་དང་། ཁོང་གི་མདུན་ནས་གཅོད་དབང་དང་གསང་མཚམས་སྦྲགས་མ་ཐེངས་ལྔ་ལ་ཐོབ་པར་བརྟེན་ཆུ་མིག་བརྒྱ་རྩ་ལྔ་ཙམ་གྲུབ། ཨ་བྷྱ་ ་པཎྜིཏ་ཡབ་སྲས་ནས་ལམ་རིམ་རྒྱས་བསྡུས་དང་སྤྱོད་འཇུག་སོགས་ཁྲིད་ལུང་གི་གསུང་གནང་མང་པོ་ཇི་ལྟར་གསུང་ན་དེ་བཞིན་ཐུགས་ནས་བསྙེལ་བ་མེད་པར་རྣམ་འགྱུར་དང་བཅས་ཏེ་འཆད་ནུས་པ་སོགས་ཐུགས་འཛིན་ཁྱད་པར་ཅན་ཡོད་ཅིང་རིག་པ་ཤིན་ཏུ་བཀྲ་བས་ན་མཉམ་ཚོའི་ཁྲོད་ན་འགྲན་ཀྱི་དོ་མེད་ལྟ་བུ་ཡིན། དེ་ནས་རིམ་བཞིན་ཡོངས་འཛིན་ཆེན་པོ་འཇིགས་མེད་མཁས་མཆོག་དང་། སྙིང་རྗེའི་གཏེར་ཆེན་འཇིགས་མེད་ཡེ་ཤེས་སྙིང་པོ། རྡོ་གྲུབ་སྤྲུལ་སྐུ་ཡར་ལུང་བསྟན་པའི་ཉི་མ། མགར་རྩེའི་བླ་མ་ཀུན་བཟང་ཕྱོགས་ལས་རྣམ་རྒྱལ། རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོ། དགེ་བའི་བཤེས་གཉེན་ཆེན་པོ་དཔྱི་ས་བློ་གྲོས་རྒྱ་མཚོ་སོགས་གསར་རྙིང་གི་དགེ་བའི་བཤེས་གཉེན་དང་རིག་པ་འཛིན་པ་ཉེར་ལྔ་ལྷག་གི་ཞབས་པད་ཚུལ་བཞིན་བསྟེན་ཏེ་མདོ་སྔགས་རིག་གནས་སྤྱི་ལ་བསླབས། ཁྱད་པར་འཇིགས་མེད་ཡེ་ཤེས་སྙིང་བོ་མཆོག་གི་མདུན་སར་དྲུག་ཁྲིད་ཞག་བརྒྱ་དང་། ཡེ་ཤེས་བླ་མ་ཞག་བརྒྱ། རྩ་རླུང་ཞག་བརྒྱ་བཅས་བསྟུད་མར་སྦྱངས་པས་ངེས་པ་དོན་གྱི་རིག་པ་འཛིན་པའི་སར་གཤེགས་ཤིང་། བསྙེན་པ་དང་སྒྲུབ་པའི་ཚུལ་ཡང་རྟགས་ཐོན་ཁོ་ན་མཛད། གཞན་ཡང་དམ་པ་དེ་དག་ལས་སྨིན་བྱེད་ཀྱི་དབང་དང་གྲོལ་བྱེད་ཀྱི་ཁྲིད། རྒྱབ་རྟེན་གྱི་ལུང་སོགས་མ་གསན་པ་མེད་པ་ལྟ་བུ་བྱས་ཏེ་མཁས་པའི་གྲགས་པ་རྒྱས་མགོ་བརྩམས། ལར་དམ་པ་འདི་ཉིད་ཀྱིས་ཀུན་ཤེས་ཀྱི་རིག་པ་ལ་ཉམས་རྟོགས་བོགས་ཐོན་པར་བྱས་ཤིང་། སྒོས་སུ་“རིག་པའི་གནས་ལྔ་དག་ལ་མཁས་པར་མ་བྱས་པར། །འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་མི་འགྱུར་ཏེ། །གཞན་དག་ཚར་གཅད་རྗེས་སུ་གཟུང་བར་བྱ་ཕྱིར་དང་། །རང་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱེད། །”ཅེས་གསུངས་པ་བཞིན། སྐལ་ལྡན་རྗེས་སུ་འཛིན་པའི་གསོ་བ་རིག་པར་ཐུགས་བརྩོན་ཤིན་ཏུ་འགྲུས་པར་གནང་པ་སྟེ། ནགས་རྒྱའི་ཡོངས་འཛིན་འཇིགས་མེད་མཁས་མཆོག་གི་དྲུང་ནས་གསོ་རིག་རྩ་བའི་རྨང་གཞི་རྣམས་བསླབས་པ་དང་། དགུང་ལོ་ཉེར་གཅིག་པ་ས་གླང་༡༩༤༩ལོར་མགར་རྩེ་ཀུན་བཟང་ཕྱོགས་ལས་རྣམ་རྒྱལ་གྱི་དྲུང་དུ་རྩ་རྒྱུད་སྡོང་འགྲེམ་དང་བཅས་པ། ཚ་བ་སྤྱི་དང་གལ་མདོ་རི་ཐང་མཚམས། ཕྱི་མ་རྒྱུད་ཀྱི་རྒྱས་ཁྲིད་བཅས་གསན་སྦྱོང་མཛད། དགུང་གྲངས་སུམ་ཅུ་ལོན་སྐབས་སུ་རྐྱེན་ངན་གྱི་རྡུལ་འཚུབ་ཀྱིས་ས་ཆེན་ཡོངས་སུ་བསྒྲིབས་པ་དང་བསྟུན་ལོ་བཅུ་ལྷག་རིང་ཉེས་མེད་ངང་ཁྲི་མུན་དུ་ཚུད་དེ་སྐུ་ཚེགས་དང་ཨོ་བརྒྱལ་མང་པོ་མྱངས་དགོས་བྱུང་། འོན་ཀྱང་ཕལ་བའི་ངོར་རིང་དུ་འདས་པའི་དམ་པ་གང་ཉིད་ལ་མཚོན་ན། ཁྲི་མུན་ཁྲི་མུན་དུ་མ་མཐོང་བར། ཇི་སྐད་དུ་། “དགེ་བའི་ལོངས་སྤྱོད་འདོད་པའི་རྒྱལ་སྲས་ལ། །གནོད་བྱེད་ཐམས་ཅད་རིན་ཆེན་གཏེར་དང་མཚུངས། །”ཞེས་དང་། བློ་སྦྱོང་ཚིགས་བརྒྱད་མ་ལས། “བདག་ནི་སེམས་ཅན་ཐམས་ཅད་ལ། །ཡིད་བཞིན་ནོར་བུ་ལས་ལྷག་པའི། །དོན་མཆོག་བསྒྲུབ་པའི་བསམ་པ་ཡིས། །རྟག་ཏུ་གཅེས་པར་འཛིན་པར་ཤོག །”ཅེས་གསུངས་པ་ནང་བཞིན། བཙོན་ལས་ཀྱིས་མནར་མ་དགོས་པའི་སྐལ་བ་ཅུང་ཟད་རེ་ཡོད་ཚེ། ཁོང་དང་ལྷན་དུ་ཁྲི་མུན་དུ་ཚུད་ཡོད་པའི་མཁན་པོ་མུན་སེལ་རིན་པོ་ཆེ་དང་། འཁྲུལ་ཞིག་བརྒྱད་པ་ཨ་ལྡེ་རིན་པོ་ཆེ། རྫོངས་དཀར་གསེར་ཁྲི་མཁས་བཙུན་ལུང་རིགས་རྒྱ་མཚོ་སོགས་ལས་སློབ་གཉེར་དང་དོགས་གཅོད་ཀྱི་སྐལ་བཟང་གཞན་ལ་མེད་པ་ཐོབ་ཅེས་སྒྲ་འཇུག་བྱས་པའི་ཁྲིད་ལས་ཡང་ཡང་གསུངས་ཤིང་། རྐྱེན་ངན་གྲོགས་སུ་བསྒྱུར་ཏེ་ཐོས་བསམ་གྱི་རྒྱུན་མ་ལྷོད་པར་བྱས། དེ་ཡང་གང་ཉིད་ཁྲི་མུན་དུ་བཙུད་ཚུལ་སྐོར་ལ་བླ་མ་ཁོང་གི་ཞལ་ཁྲིད་ཅིག་གི་སྒྲ་ལས། “སྤྱིར་མཁྱེན་པ་མེད་མོད། བཙོན་དུ་འཇུག་དགོས་པ་ངས་ཀྱང་མཁྱེན་སོང་བ་སྟེ། ངའི་ཉེ་དུ་དང་རུ་ཁ་ཁྱིམ་མཚེས་མཐའ་དག་བཟུང་སྟེ་སོང་ཞིང་ང་གཅིག་པུར་ལུས་པས། གཞན་གྱིས་ངས་གསང་མྱུལ་བྱས་སོང་ཡང་བསམས་མི་འོང་ངམ་སྙམ་པའི་སྐབས་ཤིག་ལ་རང་ཉིད་ཀྱང་འཛིན་རྒྱུ་ཡིན་པའི་ཉམས་ཤིག་འོངས་ཤིང་། དེ་ནས་རང་ལ་བཙོན་ལྭ་ཞིག་གྲ་སྒྲིག་བྱེད་དགོས་བསམ་ནས་པགས་པ་འགའ་ཡོད་པ་དམར་མཉེད་བྱས་ཤིང་། སྲུབ་འཛིན་ཀྱང་མེད་པར་བཟོས་ཏེ་གོན་ནས་ཨ་མའི་སར་སོང་བ་ན། ཨ་མ་དགའ་ནས། གོས་གོང་བ་ཅན་ན་བརྒྱ་གོན། རྟ་གོམ་པ་ཅན་ན་བརྒྱ་ཞོན། ཞེས་ཁ་གཡང་འགའ་འབོད་ཞོར་ལྟ་ཞིང་སྲུབ་འཛིན་མེད་པ་མཐོང་ནས། ཞི་ལི། འདི་ཅི་རེད་ཅེས་ཟེར། ལར་ངས་བཙོན་དུ་འགྲོ་དགོས་པའི་ཁོ་ཐག་ནང་ནས་ཆོད་ཡོད་པས་ཡག་བཙོག་ལ་མ་བལྟས་པར་བཟོས་པ་ལ་ཨ་མས་ཞེ་འཁང་ཡང་མཛད། ཕྱི་ཉིན་འཛིན་དུ་ཡོང་རྒྱུ་ཡིན་པ་འདྲ་བས་དེའི་ཕྱི་དྲོར་ངའི་བསྙེན་ཕྲེང་དང་སྲུང་འཁོར་དག་ཨ་མར་བསྐོན་ཞིང་། ཨ་མས་ཁྱོད་ཀྱིས་གོན་དང་བཟང་རབས་བཤད་པ་ལ། ང་ཚོར་ལྟ་རྟོག་ཡོད་པས་ལག་ཏུ་ཚུད་ཉེན་ཆེ། ཁྱོད་རང་ལོ་ལོན་ཞིག་ལ་སུས་ཀྱང་ཉམས་འཇོག་གི་མ་རེད་ཅེས་བཤད་པ་བདེན་པར་བསམས་ཏེ་གོན། ཕྱི་ཉིན་དམག་འགའ་ང་རང་འཛིན་པར་འོང་སྟེ་བཙོན་དུ་སོང་བ་ཡིན།”ཞེས་གསུངས་མྱོངས་པའོ། །
        དེ་ལྟར་དགུང་ལོ་ཞེ་གཅིག་པ་ས་བྱ༡༩༦༩ལོར་ཕྱིར་རང་ཡུལ་ལ་ལོག་པ་དང་། སྐུ་ལྕམ་བཞེས་ཤིང་བུ་སྲིད་ཀྱང་མཛད། རིག་གསར་གྱི་སྐབས་སུ་ཡང་བསྐྱར་ཞྭ་བསྐོན་ཞིང་འོ་བརྒྱལ་ལན་མང་མྱངས། ཡིན་ནའང་སྲིད་ཇུས་དངོས་འབེབ་ཀྱི་འགྲོས་དང་བསྟུན་ནས་གང་ཉིད་དཀར་འདོན་གནང་ཞིང་། བོད་སྨན་བསྡུ་ལེན་ནང་རྒྱུགས་འཕྲོད་པ་དང་སྐུ་ཡོན་ལ་གཞིགས་ཏེ་སྨན་པ་བསྡུས་གྲྭ་པའི་ཐོབ་ཐང་ཡང་སྤྲད། དེ་ནས་བཟུང་རྩེ་ཁོག་རྫོང་བོད་སྨན་ཁང་དུ་ཕྱག་ལས་གནང་ཞིང་། སྐབས་དེར་རང་རེའི་བོད་ཀྱི་གསོ་བ་རིག་པ་འདི་ཉམ་དམའ་ཞིང་ཉག་ཕྲ་བ་དེ་མྱུར་སྐྱོབ་བྱེད་དགོས་པར་དགོངས་ཏེ། ཐུགས་སྟོབས་ཆེར་བསྐྱེད་ནས་མི་ཕམ་རྣམ་རྒྱལ་རྒྱ་མཚོའི་སྨན་རྒྱུད་ལས་བྱོན་པའི་འཁྲུལ་ཞིག་བརྒྱད་པ་རིན་པོ་ཆེའི་ཞབས་ལ་གཏུགས་ནས། རྩ་བ་ཐུགས་རྒྱུད་དང་བཤད་པ་སྐུ་ཡི་རྒྱུད། མན་ངག་ཡོན་ཏན་གྱི་རྒྱུད། ཕྱི་མ་འཕྲིན་ལས་ཀྱི་རྒྱུད་ཁྲིད་ལུང་དོགས་གཅོད་དང་བཅས་མ་ཚང་བ་མེད་པར་ཞུས་པ་དགྱེས་བཞིན་བསྩལ་བའི་སྟེང་། སྡེ་སྲིད་སངས་རྒྱས་རྒྱ་མཚོའི་མན་ངག་ལྷན་ཐབས་སོགས་ཀྱི་ལུང་དང་བཀའ་ཡང་བཀྲོལ་བར་མཛད། གཞན་ཡང་དར་མོ་སྨན་རམས་པའི་མན་ངག་བཀའ་རྒྱ་མ་ཞེས་སུ་གྲགས་པ་དེ། མར་ནང་འཇིགས་མེད་དམ་ཆོས་རྒྱ་མཚོའི་ཞལ་གྱི་ཁུངས་བཙུན་ལུང་རྒྱུན་མངའ་བའི་དགེ་བཤེས་ཆེན་པོ་དགེ་འདུན་བསྟན་འཛིན་མཆོག་གི་བཀའ་དྲིན་ལས་ཞལ་ལུང་བཀའ་འཁྲོལ་དང་བཅས་པ་ལེགས་པར་ཐོབ་པ་དང་། གཡུ་ཐོག་ཆ་ལག་བཅོ་བརྒྱད་ཀྱི་ལུང་རྒྱུན་ཡང་སྐུ་ན་སྨིན་པ་སོགས་ཀྱི་དཀའ་ཚེགས་ལ་མ་འཛེམ་པར། བུམ་པ་གང་བྱོའི་ཚུལ་དུ་གནང་སྟེ་བཀའ་ཡང་འཁྲོལ། ད་དུང་གྲུབ་པའི་དབང་ཕྱུག་དེ་ཉིད་ལས་མི་ཕམ་རྣམ་རྒྱལ་རྒྱ་མཚོའི་རྩ་ཆུའི་ཊིཀྐ་དང་ལྷན་ཐབས་ལྡེ་མིག་དང་བཅས་པ་ལེགས་པར་མནོས། དེ་ནས་མ་ཧཱ་པཎྚི་ཏ་འཇིགས་མེད་རིགས་པའི་བློ་གྲོས་མཆོག་གི་བཀའ་ལྟར་ལྷ་ལྡན་ཡུལ་དུ་ཕེབས་ཏེ་རྒྱལ་བའི་བླ་སྨན་དབང་དང་བཀའ་སྲུང་སྲོག་དབང་། ལྷ་མོ་སྤུན་གསུམ་དང་དྲང་སྲོང་སེར་སྐྱའི་རྗེས་གནང་། གཡུ་ཐོག་སྙིང་ཐིག་གི་ཁྲིད་ལུང་བཅས་ཐོབ་པའི་ཁར་དབང་ཆས་ཙཀ་ལི་དགེ་ཆ་བཅས་སྒྲུབ་པ་མཛད་པར་མ་ཟད། ད་དུང་ཡབ་ཀྱི་རྩ་རྒྱུད་སྡོང་འགྲེམ་དང་། ཕྱོགས་དེའི་ཆོས་སྤྱོད་སྨན་གྱི་བྱིན་རླབས་སོགས་གང་མཁོ་དང་། ནང་མཛོད་དགྱེས་དར་བཅས་བསྩལ། ཁྲོ་རུ་མཁན་ཆེན་ཚེ་རིང་རྣམ་རྒྱལ་ནས་ཚིག་བདུན་བླ་སྒྲུབ་ཚོགས་བཅས་གཡུ་ཐོག་སྙིང་ཐིག་གི་ཁྲིད་ལུང་རྒྱས་པར་བསྩལ་བ་སོགས་གསོ་རིག་སྐོར་ལ་སློབ་གཉེར་ནར་མར་བྱས་ཏེ་གཞུང་དོན་ལག་ལེན་དང་བཅས་པར་ཐུགས་ངེས་ཆེན་པོ་འཁྲུངས། ཡང་ནང་གི་རྟོགས་པ་མཐོ་སར་གཤེགས་ཤིང་ལྷ་དང་བླ་མའི་ཞལ་མངོན་སུམ་དུ་མཇལ་ཚུལ་ལ། དམ་པ་ཁོང་ཉིད་ཀྱིས་དགུང་གྲངས་གྱ་གཅིག་བཞེས་པ་རབ་བྱུང་བཅུ་བདུན་པའི་ལྕགས་སྟག་༢༠༡༠ལོར་ཀུན་བཟང་བླ་མའི་ཐུན་མོང་ཕྱིའི་སྔོན་འགྲོ་གསུང་སྐབས་ཀྱི་སྒྲ་ལས་འདི་སྐད་གསུངས་པ་སྟེ། “ཐེངས་ཤིག་ང་དང་གྲོགས་པོ་འགས་ཨ་སྐྱོ་བའི་བརྟུལ་ཞུགས་བཟུང་སྟེ་དབུས་ལ་ཆས་ཤིང་། དབུས་གྲོགས་ཚོ་དང་ངེད་ཅག་སྨིན་གྲོལ་གླིང་དུ་མཇལ་དུས་གཏམ་རྒྱུད་འདི་འདྲ་ཞིག་ཀྱང་བདོག་སྟེ། སྨིན་གྲོལ་གླིང་དུ་འགྲོ་བའི་ལམ་བར་ནས་ངེད་ཅག་ཡར་བྱོན་ཨོ་རྒྱན་གླིང་དུ་མཇལ་པར་ཕྱིན་ཞིང་། དེར་ལོ་ཆེན་བཻ་རོའི་གཏེར་སྒྲོམ་གཟུངས་འཇུག་ཏུ་བྱས་པའི་གུ་རུའི་སྐུ་བྱིན་ཅན་ཞིག་ཡོད་སྐད། དེ་སྐད་གོ་མ་ཐག་ངའི་ཡིད་ལ་དད་གདུང་བརྗོད་མེད་ཅིག་སྐྱེས་ཤིང་། ལོ་ཆེན་བཻ་རོས་གཟུངས་འཇུག་བསྒྲུབས་པས་བྱིན་རླབས་ཀྱི་ཚན་ཁ་ཅི་བས་ཆེ་བར་བསམས། དགོང་མོར་ང་ཚོས་ཞགས་བརྒྱབ་སྟེ་ཉེ་ལམ་བརྒྱུད་ནས་ཡར་བྱོན་དུ་སོང་ཞིང་ཕྱི་ཉིན་དེར་འབྱོར། ངེད་ཅག་དེར་འབྱོར་ཉིན་གནས་དེར་ལྟད་མོ་ཡ་མཚན་ཞིག་ཡོད་ཅེས་མི་མང་པོས་ཟིང་ཟིང་ལང་ལོང་བྱེད་ཅིང་མཆིས་ལ། ལྟད་མོ་ཅི་ཞེས་དྲིས་ཚེ་“ལྷ་མོ”་རྩེད་པ་ཡིན་ཞེས་ཟེར། དེ་ནས་ངེད་ཅག་འདུ་ཁང་གི་ནང་དུ་ཕྱིན་ཞིང་གུ་རུའི་སྐུ་དེ་ཁྲི་ཐོག་ཅིག་ཏུ་བཞུགས་འདུག་ལ། མཐོ་དམའ་ལ་ཁྲི་གང་གི་ཚད་ཙམ་ལས་མེད། སྐུའི་ཞལ་མཇལ་བ་དང་ང་ལ་དད་གདུང་འགོག་མེད་ཅིག་སྐྱེས་ཤིང་སེམས་གཏིང་ནས་ངུ་སྙིང་འདོད་པ་ཞིག་བྱུང་བས་ངུས། དེའི་མུར་སྐུ་དེ་ཐེངས་ཤིག་བཞད་ཅིང་སྤྱན་ཡང་ཡར་བསྐོར་མར་བསྐོར་ཞིག་བྱས་བྱུང་། ང་རྐྱེན་དེ་ལ་ཉམས་འུར་ནས་རེ་ཞིག་རྒྱལ་བར་གྱུར་ཅིང་རྒྱལ་སངས་པ་ན་མི་མང་པོས་བསྐོར་ཞིང་འདུག་”ཅེས་གསུངས།
        དགུང་ལོ་ང་བཞི་པ་ཆུ་ཁྱི་༡༩༨༢ལོར་ཞིང་ཆེན་རིམ་པའི་དགྱེས་རྟགས་ཐོབ་པ་དང་། དགུང་ལོ་ང་ལྔ་པ་ཆུ་སྟག༡༩༨༣ལོར་རྒྱལ་ཁབ་འཕྲོད་བསྟེན་པུའུ་ནས་རྒྱལ་ཡོངས་སྨན་པ་བཟང་པོའི་བྱ་དགའ་དང་ལྷན་སྨན་པ་དཀའ་བཅུ་པ་ཡི་མཚན་བཏགས་བསྩལ། དགུང་ལོ་དྲུག་ཅུ་པ་ས་འབྲུག་༡༩༨༨ལོར་སྨན་པ་རབ་འབྱམས་པ་ཡི་ཐོབ་ཐང་བླངས། ཞིང་ཆེན་བོད་སྨན་མཐུན་ཚོགས་ཀྱི་ལས་འཛིན་པ་དང་། ཁུལ་བོད་སྨན་མཐུན་ཚོགས་ཀྱི་ལས་འཛིན་པ་གཞོན་པ། ཞིང་ཆེན་བོད་ཀྱི་གསོ་རིག་སློབ་གྲྭ་ཆེན་མོའི་གྲ་སྒྲིག་ཨུ་ཡོན་བཅས་ཀྱི་འགན་བཞེས་པ་དང་། ལོ་ངོ་འགའ་ལ་རྩེ་ཁོག་རྫོང་བོད་སྨན་ཁང་གི་གླིང་གཙོའི་འགན་ཡང་ཁུར། དགུང་གྲངས་རེ་གསུམ་པ་ལྕགས་ལུག༡༩༩༡ལོར་ལས་འཁྱུར་ངལ་གསོ་བྱས་ཤིང་རྩེ་ཁོག་རྫོང་བོད་སྨན་ཁང་གི་མཚན་འཛིན་གླིང་གཙོའི་འགན་བཞེས། 
        གསུམ། བསྟན་པ་ལ་བྱ་བ་བྱས་པའི་ཚུལ།
        སྤྱིར་བསྟན་འགྲོའི་དོན་བྱ་ཚུལ་ལ་སྣ་ཚོགས་སུ་སྣང་མོད། ཁོང་ལ་མཚོན་ན་གསོ་རིག་གི་བཤད་ཁྲིད་གཙོས་གཅོད་ཁྲིད་དང་སྤྱོད་འཇུག ཀུན་བཟང་བླ་མ། ཡེ་ཤེས་བླ་མ། བར་དོའི་དྲུག་ཁྲིད་སོགས་ཀྱི་ཞལ་ཁྲིད་ཀྱིས་འགྲོ་བ་སེམས་ཅན་གྱི་དོན་རྒྱ་ཆེན་པོ་བསྒྲུབས་ཤིང་། བདེ་ཆེན་ཞིང་སྒྲུབ་ཀྱི་སྒོ་ནས་མ་ཎི་འདོན་པར་བསྐུལ་བ་སོགས་དགེ་བའི་ལས་འབའ་ཞིག་ལ་གཞོལ་བའི་མུར། རྡོ་གྲུབ་བཞི་བ་ཐུབ་བསྟན་འཕྲིན་ལས་དཔལ་བཟང་དང་མཁན་ཆེན་འཇིགས་མེད་ཕུན་ཚོགས་འབྱུང་གནས་སོགས་ལས་ཀྱང་དབང་ཁྲིད་མང་པོ་གསན། དགུང་གྲངས་དོན་གཉིས་པ་ལྕགས་འབྲུག་༢༠༠༠ལོར་གསེར་ཐང་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་བྱོན་ནས། དེར་བཞུགས་ཀྱི་མཁན་སྤྲུལ་སོགས་གསོ་རིག་དོན་གཉེར་ཅན་རྣམས་ལ་ཁུངས་ལྡན་བརྒྱུད་གཙང་གསོ་རིག་མན་ངག་གི་ཁྲིད་ལུང་གནང་སྟེ་མཁས་པའི་གྲགས་པ་རབ་ཏུ་འབར། དམ་པ་ཁོང་གི་གསུང་རྩོམ་ལ་འགྲེལ་བ་དང་ཞལ་གདམས། མན་ངག་སོགས་འབོར་ཆེན་བཞུགས་ཤིང་། ཁ་ཚང་དུ་«མི་བསྐྱོད་མཁས་གྲུབ་རྒྱ་མཚོའི་གསུང་རྩོམ་ཕྱོགས་བསྒྲིགས»ཞེས་པར་གསལ། ཁོང་གི་གསོ་རིག་རྩ་བའི་ཤེས་བྱ་བློ་གསར་སྒོ་འབྱེད་ཅེས་པར་ཞིང་ཆེན་རིམ་པའི་བྱ་དགའ་ཐོབ། གཞན་ཡང་། གཞུང་ཆེན་མང་པོའི་དཔེ་ཁྲིད་རྒྱས་བསྡུས་ཅི་རིགས་མཆིས་པ་མིག་སྔར་དྲ་ལམ་དུ་ཁག་ཏུ་སྤེལ་ཟིན་པ་ལ། «ཀུན་བཟང་བླ་མའི་ཞལ་ལུང་གི་ཁྲིད།» «བྱང་ཆུབ་ལམ་རིམ་གྱི་ཁྲིད།» «བྱང་ཆུབ་སེམས་དཔའི་སྤྱོད་འཇུག་གི་ཁྲིད།» «ཨ་ཏི་ཟབ་དོན་གྱི་ཁྲིད།» «དཔལ་རྟ་མཆོག་རོལ་བའི་གསང་སྒྲུབ་ཀྱི་ཁྲིད།» «དཔལ་ལྡན་རྒྱུད་བཞིའི་ཁྲིད།» «ཀོང་སྤྲུལ་ཟིན་ཏིག་གི་ཁྲིད།»སོགས་སྒྲ་དུས་ཚོད་སུམ་བརྒྱར་ཉེ་བ་ཙམ་བཞུགས་ཤིང་འབྱུང་འགྱུར་ཟིན་བྲིས་སུ་ཕབ་ན་པོད་རྒན་བཅུ་ཕྲག་འགའ་ཤས་སུ་ལོངས་ངེས་པ་ཅན་བཞུགས་ངེས་སོ། །
        བཞི། གཟུགས་སྐུའི་བཀོད་པ་བསྡུས་ཚུལ།
        མདོར་ན་དམ་པ་ཆེན་པོ་འདིས་སྐུ་ཚེ་གང་བོར་དགེ་བའི་བཤེས་གཉེན་བཅུ་ཕྲག་བཞི་ལྷག་གི་ཞབས་པད་ཚུལ་བཞིན་བསྟེན་ཏེ་ཡོན་ཏན་རྒྱ་མཚོའི་ཕ་རོལ་དུ་སོན་ཞིང་། བཤེས་གཉེན་བསྟེན་ཚུལ་ལ་སྒྲ་འཇུག་བྱས་པའི་ཁྲིད་ལས། “སྤྱིར་ང་རང་མི་ཡོན་ཏན་ཅན་དང་ཡ་མཚན་ཅན་དེ་འདྲ་ཅང་མིན་ཡང་། ང་ལ་བཤེས་གཉེན་བསྟེན་ཚུལ་ཡག་པོ་ཞིག་ཡོད། ངས་སྒོམ་པའི་ཚེ་ནའང་རང་གིས་བསྒྲིགས་པའི་བླ་མའི་ཚོགས་ཞིང་ཞིག་ཡོད་པ་དེ་ལ་གསོལ་བ་བཏབ་པ་ཡིན། དེའི་ཕྱོགས་ནས་ཁྱོད་ཚོས་ངའི་ལད་མོ་བྱོས་དང་ཆོག་”ཅེས་གདེང་དང་ལྡན་པའི་སྒོ་ནས་གསུངས་སོ། །དེ་ལྟར་རབ་བྱུང་བཅུ་བདུན་པའི་ཤིང་ཕོ་རྟ་ལོའི༢༠༡༤ལོའི་རྒྱལ་ཟླའི་༡༢ཚེས་འབྱུང་བའི་ཉིན་གདུལ་བྱ་རྟག་འཛིན་ཅན་རྣམས་ལ་མི་རྟག་འཁོར་བའི་རང་བཞིན་གསལ་རྗེན་དུ་སྟོན་སླད་ངོ་མཚར་བའི་ལྟས་དུ་མ་དང་བཅས་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན་ཏེ་སྐུ་གདུང་ཞུགས་ལ་སྦྱངས་པ་དང་། ཉོན་མོངས་ཀྱི་དབལ་ཆོགས་ཤིང་རང་དང་གཞན་རྒྱུད་བཏུལ་བ། ལྟ་སྒོམ་འཁྲུལ་པ་དང་བྲལ་བ། ཟབ་མོ་སྔགས་ཀྱི་བཟླས་བརྗོད་གྲུབ་ཅིང་ཡོ་ག་རྣམ་གསུམ་ལ་མངའ་བརྙེས་པའི་གྲུབ་རྟགས་སུ་རིང་བསྲེལ་དང་གུ་རུའི་སྐུ་རང་བྱོན་དུ་བབས་པ་ལགས་སོ། །ཁོང་གི་བུ་སློབ་ལ་གྲུབ་སྤྲུལ་སྐུ་སྐྱེ་ལྔ་པ་ཤེས་རབ་དོན་གྲུབ་རྒྱལ་མཚན་སོགས་བླ་སྤྲུལ་གྱི་སྐོར་དང་། རང་གྲོལ་སོགས་སྨན་པ་མཁས་པའི་སྐོར། རེབ་ཀོང་སྔགས་མང་གི་རིག་འཛིན་མང་པོ་སོགས་སྟོང་ཕྲག་དགུ་ལྷག་ཡོད་དོ། །
ཟངས་ཐལ་དང་བཅས་བསྐྱེད་རྫོགས་ཟབ་མོའི་རིག་པའི་དྭངས་བཅུད་གཞིབ་གྱུར་ཅིང་། །
རྒྱུད་བཞིའི་གེ་སར་ཕྱོགས་བཅུར་སྦྲེང་སྟེ་སྐྱབས་ཀྱི་སྦྱིན་པས་འགྲོ་བ་བསྐངས། །
ལན་རེར་མཁས་པའི་གྲགས་པ་འབར་ཞིང་མཚམས་སུ་ཉེས་མེད་བཙོན་མ་སོགས། །
ངེས་མེད་འཁོར་བའི་ཁངས་ཆར་ཀློང་ནས་བགྲང་བྱ་བརྒྱད་ཅུའི་མཐའ་ལ་གཏུགས། །
ཐུན་མིན་མཛད་པར་སྤྱོད་པའི་སྐལ་མེད་ཀྱང་། །
ཐུན་མོང་བྱུང་བའང་ཤིན་ཏུ་ཉག་ཕྲ་བས། །
མཐོང་ཐོས་རང་བཞིན་གསོང་པོར་བརྗོད་པ་འདི། །
འཇམ་དབྱངས་བླ་མ་མཉེས་པའི་རྒྱུར་གྱུར་ཅིག །
གང་སྐུའི་རྣམ་ཐར་མཁའ་མཐར་ཀླལ་པ་ལས། །
བྱེ་བྲག་སྦྲང་ཆར་མུ་ཏིག་དོག་པ་ཅན། །
ས་ཆེན་བརླན་པའི་ཆེ་བར་མི་འགྱུར་ཡང་། །
རྟོག་གེར་གོམས་ལ་མཆོད་ཡོན་ཡོང་བར་རེ། །
ཁྱོད་ཀྱི་གསུང་དང་རྣམ་པར་ཐར་བ་དག །
བསྡུ་ཞིང་བསྒྲིགས་པའི་བུ་སློབ་མ་མཐོང་བས། །
ནམ་ཞིག་འདས་སོང་ལོ་ཟླའི་རླུང་ཡན་ཁྲོད། །
ཁྱེད་ཀྱང་བཞུད་པར་ངེས་པའི་སེམས་ངལ་ལྕི། །
འོན་ཀྱང་ང་འདྲས་སྨྲ་བ་སྔོན་བཏང་འདི། །
སྡོང་མགོའི་བྱ་བརྒྱས་སྙན་པ་མ་འབྱིན་གོང་། །
སྡོང་རྩའི་བྱིའུ་འི་ཀུ་ཅོ་ལྟར་ལགས་ཀྱང་། །
རི་བོང་དགུང་སྔོན་རྡིབ་པའི་སེམས་ཁྲལ་འདི། །
ངས་ཀྱང་སེམས་ལ་བརྣག་སྟེ་ལོ་མང་འགོར། །
འབྲེལ་ཡོད་འོས་སྦྱོར།