logo

བོད་ཀྱི་ལོ་ཙཱ་བ་རྣམས་ཀྱི་བརྗེད་ཐོ། ༡༢

རྩོམ་པ་པོ།:སྒོ་བུ་ཤ་བོ་ཚེ་རིང་། ཡོང་ཁུངས།:སྐྱིད་རྟག་འཕྲིན་སྟེགས། དུས་ཚོད།:2022-01-04 ཀློག་གྲངས།:
རྡོ་རྗེ་འཇིགས་བྱེད་དཔའ་གཅིག །
བོད་ཀྱི་ལོ་ཙཱ་བ་རྣམས་ཀྱི་བརྗེད་ཐོ།༼༡༢༽
སྒོ་བུ་ཤ་བོ་ཚེ་རིང་།

ལྷ་ཚོགས་སྟོང་གི་ཕོ་ཉ།
        བོད་ཁ་བ་ཅན་ནི་ལྷ་དང་ལྷ་མོའི་ཞིང་ཁམས་ཤིག་སྟེ། དེར་འཇིག་རྟེན་པའི་ལྷ་ཡུལ་ལྷ་གཞི་བདག་དང་འཇིག་རྟེན་ལས་འདས་པའི་ལྷ་ཡི་དམ་ཆོས་སྐྱོང་སོགས་མང་པོ་ཞིག་མི་རབས་ནས་མི་རབས་བརྒྱུད་བོད་རྣམས་ཀྱི་དད་རྟེན་དུ་བཞུགས་ཡོད། དེ་ཡང་འདི་དག་གི་ཁུངས་དེད་ན་སྟོད་རྒྱ་གར་འཕགས་ཡུལ་ནས་ཕེབས་པའི་ཕྱི་ནང་གཉིས་ཀྱི་ལྷ་དང་། སྨད་རྒྱ་ནག་ཕོ་བྲང་ནས་འོང་བའི་སྲུང་མ་ཡོད་པར་མ་ཟད། གནའ་སྔ་མོ་ནས་མཐོ་སྒང་འདིའི་སྣོད་བཅུད་གཉིས་སྲུང་བའི་ལྷ་ཡང་མང་པོ་ཞིག་ཡོད།
        རྒྱ་གར་གྱི་ལྷ་རྣམས་ནི་འཇིག་རྟེན་ལས་འདས་པའི་ལྷ་སྟེ། ཡི་དམ་དང་། ཆོས་སྐྱོང་། མཁའ་འགྲོ་ལ་སོགས་རེད། དེ་རྣམས་གདན་འདྲེན་མཁན་ཕལ་མོ་ཆེ་བོད་ཀྱི་ལོ་ཙཱ་བ་རྣམས་ཡིན་པས་ཚན་ཆུང་འདིར་འདིའི་སྐོར་གླེང་འདོད་བྱུང་ཞིང་། འདིའི་ཐད་ལ་རྒྱུས་མངའ་ཆེན་པོ་མེད་པས་བདུན་ཕྲག་གོང་མར་གསན་ཡིག་གྲགས་ཆེ་བ་རེ་གཉིས་དང་། ཆོས་འབྱུང་ཅི་རིགས་ལ་ཆེད་དུ་བམ་ཀློག་བྱས་ནས་བརྗེད་ཐོ་འདི་ཉིད་བྲིས་པ་ལགས་ན། ནོར་འཛོལ་འབྱུང་སྲིད་པས་སླད་མར་དག་བཅོས་བྱ་འཆར་ཡོད་ཅིང་། ཤེས་ནས་སྨྲ་བ་རྣམས་ཀྱིས་ཀྱང་དགོངས་འཆར་ཅི་ཡོད་སྩོལ་བར་ཞུ།
        ལར་བོད་ཀྱི་ལོ་ཙཱ་བ་རྣམས་ཀྱིས་ལྷ་སོ་སོའི་སྒྲུབ་ཐབས་མང་དག་ཅིག་བསྒྱུར་ཡོད་པ་ལས། བ་རི་ལོ་ཙཱ་བ་ཆོས་ཀྱི་གྲགས་པ་དང་། སྤ་ཚབ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་མཚན། ཡར་ལུང་ལོ་ཙཱ་བ་གྲགས་པ་རྒྱལ་མཚན་གསུམ་གྱིས་བསྒྱུར་བ་མང་ཞིང་། རྗེ་བཙུན་ཇོ་ནང་ཏཱ་ར་ནཱ་ཐ་མཆོག་གིས་ཀྱང་<སྒྲུབ་ཐབས་རིན་ཆེན་འབྱུང་གནས་>བརྩམས་ཡོད་པ་རེད། འདིར་ལྷ་འགའ་དང་འབྲེལ་བའི་དབང་ལུང་མན་ངག །རྗེས་གནང་། སྒྲུབ་ཐབས་སོགས་བཀའ་སྲོལ་མི་འདྲ་བ་ལོ་ཙཱ་བ་སུ་ཡིས་བོད་ལ་སྤེལ་བ་ངོ་སྤྲོད་ཅུང་ཟད་བྱ།
དཔལ་དུས་ཀྱི་འཁོར་ལོ།
དུས་འཁོར།
        དཔལ་དུས་ཀྱི་འཁོར་ལོ་ལ་ལུགས་བདུན་བྱུང་ཞིང་། གྱི་ཇོ་ལོ་ཙཱ་བ་ཟླ་བའི་འོད་ཟེར་གྱི་ལུགས་དང་། འབྲོ་ལོ་ཙཱ་བ་ཤེས་རབ་གྲགས་ཀྱི་ལུགས། རྭ་ལོ་ཙཱ་བ་ཆོས་རབ་ཀྱི་ལུགས། ཙ་མི་ལོ་ཙཱ་བ་སངས་རྒྱས་གྲགས་ཀྱི་ལུགས། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱིའི་ལུགས། ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་གྱི་ལུགས། ཤ་ཝ་ར་དབང་ཕྱུག་གི་མན་ངག་ལུགས་བཅས་སོ།།
གསང་འདུས་མི་བསྐྱོད་པ།
གསང་འདུས།
        གསང་བ་འདུས་པ་ལ་ལུགས་དྲུག་ལྷག་བྱུང་སྟེ། འགོས་ལོ་ཙཱ་བ་ཁུག་པ་ལྷས་བཙས་ཀྱི་ལུགས་དང་། མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་ཀྱི་ལུགས། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་ལུགས། ཆག་ལོ་ཆོས་རྗེ་དཔལ་གྱི་ལུགས། ས་སྐྱ་ལོ་ཙཱ་བ་ཀུན་དགའ་རྒྱལ་མཚན་གྱི་ལུགས། དཔྱལ་ལོ་ཙཱ་བ་ཆོས་ཀྱི་བཟང་པོའི་ལུགས་བཅས་སོ།།
འཁོར་ལོ་བདེ་མཆོག
དཔལ་འཁོར་ལོ་སྡོམ་པ།
        དཔལ་འཁོར་ལོ་སྡོམ་པ་ལ་ལུགས་ལྔ་བྱུང་སྟེ། ཀློག་སྐྱ་ཤེས་རབ་བརྩེགས་ནས་བརྒྱུད་པའི་ས་ལུགས། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་ལུགས། པུ་རངས་ལོ་ཆུང་གྲགས་འབྱོར་ཤེབ་རབ་ཀྱི་ལུགས། གཉོས་ལོ་ཙཱ་བ་ཡོན་ཏན་གྲགས་ཀྱི་ལུགས། མར་པ་དོ་པ་ཆོས་ཀྱི་དབང་ཕྱུག་གི་ལུགས་བཅས་སོ།།
གཤིན་རྗེ་གཤེད།
གཤིན་རྗེ་གཤེད།
        གཤིན་རྗེ་གཤེད་ལ་ལུགས་དགུ་བྱུང་སྟེ། སྐྱོ་སྟོན་འོད་འབྱུང་གི་ལུགས་དང་། འགོས་ལོ་ཙཱ་བ་ཁུག་པ་ལྷས་བཙས་ཀྱི་ལུགས། འབྲོག་མི་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་ཀྱི་ལུགས། བ་རི་ལོ་ཙཱ་བ་རིན་ཆེན་གྲགས་ཀྱི་ལུགས། རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་ཀྱི་ལུགས། མལ་ལོ་ཙཱ་བ་བློ་གྲོས་གྲགས་ཀྱི་ལུགས། བལ་པོ་ཐུགས་རྗེ་ཆེན་པོའི་མན་ངག་ལ་བརྟེན་པའི་མལ་ལུགས་སམ་ས་ལུགས། གཉོས་ལོ་ཙཱ་བ་ཡོན་ཏན་གྲགས་ཀྱི་ལུགས། གྱི་ཇོ་ལོ་ཙཱ་བ་ཟླ་བའི་འོད་ཟེར་གྱི་ལུགས་བཅས་སོ།།
གཤིན་རྗེ་གཤེད་དམར།
གཤིན་རྗེ་གཤེད་དམར།
        གཤིན་རྗེ་གཤེད་དམར་ལ་ལུགས་ལྔ་བྱུང་ཞིང་། དཔྱལ་ལོ་ཙཱ་བ་ཆོས་བཟང་གི་ལུགས་དང་། ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་གྱི་ལུགས། པཎྜི་ཏ་དཱ་ན་ཤཱི་ལའི་ལུགས། གློ་བོ་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱི་ལུགས། ཤོང་ལོ་ཙཱ་བ་བློ་གྲོས་བརྟན་པའི་ལུགས་བཅས་སོ།།
སྒྲོལ་དཀར།
སྒྲོལ་དཀར་ཡིད་བཞིན་འཁོར་ལོ།
        སྒྲོལ་དཀར་ཡིད་བཞིན་འཁོར་ལོ་ལ་ལུགས་དགུ་སྟེ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་ལུགས་དང་། བ་རི་ལོ་ཙཱ་བ་རིན་ཆེན་གྲགས་ནས་བརྒྱུད་པའི་ས་ལུགས། ཁ་ཆེ་པཎ་ཆེན་གྱི་ལུགས། པཎ་ཆེན་ཨ་བྷ་ཡཱ་ཀ་ར་ལུགས། གཉན་ལོ་ཙཱ་བ་དར་མ་གྲགས་ཀྱི་ལུགས། དཔྱལ་ལོ་ཙཱ་བ་ཆོས་བཟང་གི་ལུགས། མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་ནས་བརྒྱུད་པའི་རྔོག་ལུགས། ཀརྨ་པ་རོལ་པའི་རྡོ་རྗེ་ནས་བརྒྱུད་པའི་སྒར་ལུགས། པཎ་ཆེན་ནགས་རིན་གྱི་ལུགས་བཅས་སོ།།
འཇིགས་བྱེད་ལྷ་བཅུ་གསུམ་མ།
མགོན་པོ་ཕྱག་བཞི་པ།
མགོན་པོ་ཞལ་བཞི།
རྡོ་རྗེ་ཕུར་པ།
མགོན་པོ་བར་ཆད་ཀུན་སེལ།
མགོན་པོ་གུར།
        གཞན་ཡང་རྡོ་རྗེ་ཕུར་པ་ནི་འཁོན་སྟོན་ལོ་ཙཱ་བ་ཀླུའི་དབང་བོའི་བསྲུང་བས་དར་དུ་བཅུག་ཅིང་། ཕུར་པ་ས་ལུགས་སུ་གྲགས་པ་དེ་ཡིན། མགོན་པོ་ཕྱག་དྲུག་པ་བར་ཆད་ཀུན་སེལ་དང་མགོན་དཀར་ཡིད་བཞིན་ནོར་བུ་ནི་ཤངས་པ་ལོ་ཙཱ་བ་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ནས་བརྒྱུད་ཅིང་། རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་མ་དང་འཇིགས་བྱེད་དཔའ་བོ་གཅིག་པ་གཉིས་ནི་རྭ་ལོ་ཙཱ་བ་རྡོ་རྗེ་གྲགས། མགོན་པོ་ཕྱག་བཞི་པ་ནི་ཙ་མི་ལོ་ཙཱ་བ་སངས་རྒྱས་གྲགས་པ་དང་རྒྭ་ལོ་ཙཱ་བ་གཞོན་ནུ་དཔལ། མགོན་པོ་གུར་ལྕམ་དྲལ་ལྷ་གསུམ་ནི་ལོ་ཙཱ་བ་རིན་ཆེན་བཟང་པོ། མགོན་པོ་ཞལ་བཞི་པ་དང་ལྕམ་སྲིང་ནི་གཉན་ལོ་ཙཱ་བ་དར་མ་གྲགས། ཇོ་བོ་ལུགས་ཀྱི་ཛམྦྷ་ལ་དཀར་པོ་འབྲུག་ཞོན་ལྷ་ལྔ་པ་ནི་རྒྱ་ལོ་ཙཱ་བ་བརྩོན་འགྲུས་སེང་གེ། ཐུགས་རྗེ་ཆེན་པོ་སྐྱེར་སྒང་ལུགས་ལྷ་གསུམ་མ་ནི་ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་སྤེལ་བ་ཞིག་རེད།
རྣམ་ཐོས་སྲས།
འཇམ་དབྱངས་དཀར་པོ།
མི་གཡོ་བ་དཀར་པོ།
        རྣམ་ཐོས་སྲས་ནི་ཟངས་དཀར་ལོ་ཙཱ་བ་འཕགས་པ་ཤེས་རབ། སྤྱན་རས་གཟིགས་སེང་གེའི་སྒྲ་དང་ཡེ་ཤེས་ཁྱུང་ཁྲ་ནི་མལ་ལོ་ཙཱ་བ་བློ་གྲོས་གྲགས་པ། གདུགས་དཀར་ནི་ལོ་ཙཱ་བ་གྲགས་པ་རྒྱལ་མཚན། ཚེ་དཔག་མེད་དཀར་པོ་དང་། གཟའ་ཡུམ། མགོན་པོ་ཞལ་དྲུག །ཛམྦྷ་ལ་ནག་པོ་ནི་ཆག་ལོ་ཙཱ་བ་དར་མ་དགྲ་བཅོམ། འཇམ་དབྱངས་དཀར་པོ་ནི་ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ། ཁྲོ་བོ་མི་གཡོ་བ་དཀར་པོ་ནི་ས་སྐྱ་ལོ་ཙཱ་བ་ཀུན་དགའ་རྒྱལ་མཚན། ལྷ་མོ་དབྱངས་ཅན་མ་དཀར་མོ་ནི་སུམ་པ་ལོ་ཙྪ་བ་དཔལ་མཆོག་དང་པོའི་རྡོ་རྗེ་ནས་བརྒྱུད་པའང་ཡོད།
ཚེ་དཔག་མེད།
མི་གཡོ་བ་སྔོན་པོ།
གཙུག་ཏོར་རྣམ་རྒྱལ་ལྷ་དགུ།
        བ་རི་ལོ་ཙཱ་བ་ལ་མཚོན་ན་ལྷ་མང་པོ་ཞིག་གི་ཆོས་སྐོར་ཁོང་གིས་སྤེལ་བ་ཞིག་སྟེ། དཔེར་ན་ཚེ་དཔག་མེད་དང་། འཇམ་དབྱངས་ཨ་ར་པ་ཙ་ན་དམར་སེར། གཙུག་ཏོར་རྣམ་རྒྱལ་ལྷ་དགུ་མ། ལྷ་མོ་འོད་ཟེར་ཅན་མ། དོན་ཞགས་ལྷ་ལྔ། མི་གཡོ་བ་སྔོན་པོ། རྡོ་རྗེ་རྣམ་འཇོམས། ཁྲོ་བོ་སྨེ་བརྩེགས། གདུགས་དཀར་གྱི་བཀའ་སྲུང་མགོན་པོ་ལེགས་ལྡན་མཆེད་གསུམ། སེང་གདོང་མ་སྔོན་མོ་དང་དམར་མོ། འཇམ་དབྱངས་ནག་པོ། ཀུ་རུ་ཀུལླེ། སེང་ལྡེང་ནགས་ཀྱི་སྒྲོལ་མ་སོགས་སོ།།
འོད་ཟེར་ཅན་མ།
རྡོ་རྗེ་རྣམ་འཇོམས།
ཀུ་རུ་ཀུལླེ།
        འདིར་ཆེད་དུ་གསལ་བཤད་ཅིག་བྱེད་དགོས་པ་ཞིག་ནི་གོང་དུ་བརྗོད་པའི་བདེ་གསང་འཇིགས་གསུམ་བཞིན་ལྷ་རེ་རེ་ལ་ལོ་ཙཱ་བ་མི་འདྲ་བ་ནས་བརྒྱུད་པ་མང་སྲིད་པས། གུས་པས་ཡིག་ཚང་རེ་གཉིས་ལས་མཐོང་བ་ལ་གཞིགས་ནས་བརྗོད་པ་ཡིན་པས་མཐའ་གཅིག་ཏུ་ངེས་པ་མེད་པའང་ཤེས་དགོས་པ་ལགས། གཞན་ཡང་ཡི་དམ་གྱི་ལྷ་རེ་རེ་ལ་འདི་ལྟར་ཁུངས་དེད་ན། པཎྜི་ཏ་ཞིག་གམ་ཡང་ན་ལོ་ཙཱ་བ་ཞིག་ལ་ཐུག་པ་ཞིག་ཡིན་པ་འདྲ་ཡང་འདིར་དཔེ་མཚོན་ཙམ་གྱིས་འཐུས་པར་བྱ། རྒྱས་པར་ཤེས་འདོད་པ་རྣམས་ཀྱིས་ཡི་དམ་ལྷ་ཚོགས་ཀྱི་ཆོས་འབྱུང་རྒྱས་པ་སྟེ། <དུས་འཁོར་ཆོས་འབྱུང་>དང་<འཇིགས་བྱེད་ཆོས་འབྱུང་།> <གསང་འདུས་ཆོས་འབྱུང་>སོགས་དང་། བླ་མ་དམ་པ་རྣམས་ཀྱི་གསན་ཡིག་སོགས་ལ་གཟིགས་དང་འདིའི་སྐོར་གྱི་ཤེས་བྱ་མང་པོ་ཞིག་ཐོབ་ངེས།
        འདི་ལྟར་སྔོན་གྱི་ལོ་ཙཱ་བ་རྣམས་ཀྱི་མཛད་པ་ལ་མཇལ་ན་ཁོང་ཅག་ནི་ཡི་དམ་ཆོས་སྐྱོང་མང་པོ་ཞིག་གི་འཕྲིན་ལས་བོད་ཡུལ་དུ་སྤེལ་མཁན་ཞིག་ཡིན་འདུག་ཅིང་། འདི་དག་གི་ཆོས་སྐོར་ཐུན་མོང་མ་ཡིན་པ་རྒྱ་ཆེར་སྤེལ་བ་དེས་བོད་ལ་གསང་སྔགས་རྡོ་རྗེ་ཐེག་པ་ཆེས་ཆེར་དར་བ་མཚོན་པ་དང་། དེ་དང་ལྷན་དུ་ལྷ་རྣམས་ཀྱི་སྣང་བརྙན་བྲིས་ འབུར་གཉིས་ཀྱིས་བཞེངས་པའི་སྤྲུལ་པའི་བཟོ་བོ་ཡང་མང་དུ་བྱུང་བས། འཛམ་གླིང་སྒྱུ་རྩལ་ལོ་རྒྱུས་སུ་ཤེས་རབ་དང་བྱམས་བརྩེ་ས་བོན་དུ་བྱས་པའི་སྒྱུ་རྩལ་བརྩམས་ཆོས་མང་པོ་ཞིག་ཀྱང་འཁྲུངས་པ་ཡིན་ནམ་སྙམ། དེ་བས་ན་ལོ་ཙཱ་བ་རྣམས་ཀྱིས་རང་རེའི་ཡུལ་ལ་ཆོས་གཞུང་གཅིག་པུ་ཙམ་མ་ཡིན་པར་རྩོམ་རིག་དང་། ཟློས་གར། གསོ་རིག །བཟོ་རིག་སོགས་རིག་ཚན་མི་འདྲ་བ་མང་པོ་ཞིག་གསར་དུ་སྤེལ་བ་ལ་སྐུ་དྲིན་བླ་ལྷག་ཏུ་ཆེའོ། །བོད་ཀྱི་ལོ་ཙཱ་བ་རྣམས་ཀྱི་བརྗེད་ཐོ་ལས་ཁག་བཅུ་གཉིས་པ་ལྷ་ཚོགས་སྟོང་གི་ཕོ་ཉ་ཞེས་པ་རང་ནུས་ཀྱིས་ཅུང་ཟད་བརྗོད་པ་རྫོགས་སོ། །

གསལ་བཤད། ཚན་ཆུང་འདིའི་སྐུ་པར་ཕལ་མོ་ཆེ་ནི་ཧི་མ་ལ་ཡའི་སྒྱུ་རྩལ་བང་མཛོད་ ཞེས་པའི་དྲ་ཚིགས་ལས་བླངས་པ་ཡིན།
སྤྱི་ལོ་2021ལོའི་སྤྱི་ཟླ་12པའི་ཚེས་30ཉིན་བྲིས།
གསལ་བཤད། འདིར་བཀོད་པའི་ནང་དོན་དང་པར་སོགས་ནི་སྐྱིད་རྟག་འཕྲིན་སྟེགས་ཀྱི་དོ་བདག་གིས་དངོས་སུ་ཆོག་མཆན་བཀོད་པ་བརྒྱུད་འདིར་བརྒྱུད་འགོད་བྱས་པ་ཡིན་པས་གཞན་དག་གིས་རང་སྣང་གང་ཤར་གྱིས་བཤུ་འཁྱེར་མི་བྱ་རོགས་ཞུ། གལ་སྲིད་བརྒྱུད་འགོད་བྱ་ན་དོ་བདག་ལ་འབྲེལ་བ་བྱས་ཏེ་མོས་མཐུན་བྱུང་རྗེས་འཁྱེར་ཆོག
འབྲེལ་ཡོད་འོས་སྦྱོར།