༄༅། །བོན་གྱི་གཏེར་སྟོན་སངས་རྒྱས་གླིང་པའི་མི་ཚེའི་ལོ་རྒྱུས་ལ་དཔྱད་པ།
རྩོམ་པ་པོ།:གཙུག་གཤེན་རྒྱལ་མཚན།
ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ།
དུས་ཚོད།:2022-01-20
ཀློག་གྲངས།:
༄༅། །བོན་གྱི་གཏེར་སྟོན་སངས་རྒྱས་གླིང་པའི་མི་ཚེའི་ལོ་རྒྱུས་ལ་དཔྱད་པ།
གཙུག་གཤེན་རྒྱལ་མཚན།
[ནང་དོན་གནད་བསྡུས།] རྩོམ་འདིར་དུས་རབས་བཅོ་བརྒྱད་པའི་ནང་བྱོན་པའི་བོན་གྱི་གཏེར་སྟོན་སངས་རྒྱས་གླིང་པའི་མི་ཚེ་དང་ལྟ་གྲུབ་སྐོར་ལ་ཐོག་མའི་དཔྱད་གླེང་བྱས་ཡོད། སངས་རྒྱས་གླིང་པ་ནི་མཁས་དབང་ཀུན་གྲོལ་གྲགས་པའི་རྩ་བའི་བླ་མ་ཡིན་པ་དང་། ཀུན་གྲོལ་གྲགས་པ་མཆོག་ལ་རྒྱལ་རོང་དུ་བོན་བསྟན་སྤེལ་དགོས་པའི་བཀའ་བསྩལ་མཁན་ཀྱང་ཡིན། སངས་རྒྱས་གླིང་པ་མཆོག་ལྷོ་ཚ་བ་རོང་དང་དབུས་གྱིམ་ཤོད་ཁྱུང་པོ་ཡུལ། ནུབ་ཀོང་པོ་རོང་དང་ཤར་རྒྱལ་མོ་རོང་སོགས་སུ་ཕེབས་ཏེ་མཛད་འཕྲིན་སྐྱོང་མྱོང་བས། ཡུལ་དེ་དག་གི་སྐབས་དེའི་ཆབ་སྲིད་གནས་བབ་དང་ཆོས་ལུགས་དད་མོས་སྤྱི་ཚོགས་གནས་སྟངས་སོགས་ལ་ཞིབ་འཇུག་དགོས་ན་མ་གླེང་ཐབས་མེད་ཀྱི་མི་སྣ་ཞིག་ཏུ་གྱུར་ཡོད། ཁོང་རྒྱལ་རོང་དུ་བྱོན་པའི་སྐོར་ནས་མཁར་རྨེའུ་བསམ་གཏན་ལགས་ཀྱིས་རྩོམ་དེབ«མདའ་དང་འཕང»ནང་ཅུང་ཟད་གླེང་ཡོད་པ་ལས། དེ་མིན་ཁོང་གི་ལྟ་གྲུབ་ལ་ཞིབ་འཇུག་བྱས་པའི་རྩོམ་ཡིག་མཐོང་དཀོན་པར་གྱུར་ཡོད། ཁོང་ནི་དུས་སྐབས་དེར་བོན་གསར་མའི་འཕེལ་རྒྱས་ཐད་ལ་ནུས་པ་ཆེན་པོ་འདོན་མྱོང་མཁན་དང་བོན་གསར་མའི་འཕེལ་རྒྱས་ཐད་ནས་ཤུགས་རྐྱེན་ཆེ་ཤོས་ཀྱི་མི་སྣ་ཞིག་ཆགས་ཡོད། དེ་བཞིན་ཁོང་གིས་གྲུབ་མཐའ་རིས་མེད་ཀྱི་སྐྱེས་ཆེན་རྣམས་ལ་འབྲེལ་འདྲིས་གནང་སྟེ་བོད་ཀྱི་ཆོས་རྒྱུད་བར་གྱི་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ཡོད་པ་དང་། བོན་ཆོས་རིས་མེད་ཀྱི་ལྟ་གྲུབ་ལག་ལེན་དངོས་ཀྱི་ཐོག་ནས་འབད་བརྩོན་གནང་མཁན་གྱི་མི་སྣ་ཞིག་ཀྱང་ཆགས་ཡོད། ཁོང་གིས་སྐབས་དེའི་ཆབ་སྲིད་གནས་བབ་དང་སྤྱི་ཚོགས་ཁོར་ཡུག་དང་བསྟུན་ཏེ་བོན་གྱི་དགོན་སྡེ་གསར་བཞེངས་དང་བཅའ་ཁྲིམས་ལེགས་བཅོས། བུ་སློབ་གསོ་སྐྱོང་གནང་བ་སོགས་བོན་གྱི་གཙང་དགོན་གྱི་གནས་བབ་ལ་འགྱུར་ལྡོག་ཆེན་པོ་བཏང་གནང་ཡོད། དེས་ན་གུས་པས་ཁོང་གི་མི་ཚེ་དང་ལྟ་གྲུབ་སྐོར་ནས་དེང་རབས་ཚན་རིག་གི་ཞིབ་འཇུག་ཐབས་ལམ་སྤྱད་དེ་དཔྱད་རྩོམ་འདི་བྲིས་པ་ཡིན། རྩོམ་འདིར༡ཁོང་གི་རུས་རིགས་མཁས་པ་རྨེའུ་ལ་གཏོགས་ཚུལ་དང་རྨེའུའི་རུས་རྒྱུད་མདོ་ཁམས་སྡེ་དགེ་དང་ལྷོ་ཚ་བ་རོང་དུ་གྱེས་ཚུལ་སྐོར། ༢ ཁོང་གི་སློབ་དཔོན་དང་། ཁོང་གི་མཚན་གྱི་རྣམ་གྲངས། ༣ ཁོང་གི་སློབ་མ། ༤ ཁོང་དང་ཏཱ་ལའི་བླ་མ་རྒྱལ་བ་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་དང་མཇལ་འཕྲད་བྱུང་བའི་སྐོར། ༥ ཁོང་དང་འབྲེལ་བ་ཡོད་པའི་བླ་དཔོན་མི་དྲག་ཁག་ཅིག་གི་མཚན་ཐོ། ༦ ཁོང་གི་མི་ཚེའི་ལྟ་བ་བརྗོད་པ་བཅས་དོན་ཚན་དྲུག་གི་སྒོ་ནས་གླེང་ཡོད།
[བརྡ་ཆད་གཙོ་བོ།] སངས་རྒྱས་གླིང་པ། འཕགས་བུ་རྨེའུ་ཚང་། བོན་གསར་མ། རྒྱལ་བ་བསྐང་བཟང་རྒྱ་མཚོ།
གླེང་གཞི།
ལོ་ཆེན་བཻ་རོ་ཙ་ནའི་ཡང་སྲིད་སྤྲུལ་སྐུ་བྱང་ཆུབ་རྡོ་རྗེའམ་ཨོ་རྒྱན་སངས་རྒྱས་གླིང་པ་མཆོག་ནི་སྦས་པའི་རོང་ཆེན་བཞི«ཤར་རྒྱལ་རོང་། ལྷོ་ཚ་བ་རོང་། ནུབ་ཀོང་པོ་རོང་། བྱང་ཨ་སྟག་རོང་།»ཡི་ཡ་གྱལ། ལྷོ་ཡི་ཚ་བ་རོང་སྦས་ཡུལ་པད་མ་འབུམ་གླིང་གི་ཡུལ་དབུས་དེང་གི་ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་གི་ལྷོ་ཤར་སྤྱི་ལེ༡༣༠མཚམས་སུ་ཆགས་པའི་དབྱིབས་པ་གྲོང་ཚོར་ཡབ་འཕགས་བུ་གཡུང་དྲུང་ཚེ་དབང་རྒྱལ་པོ་དང་ཡུམ་སྒར་བཟའ་རིན་ཆེན་མཚོ་གཉིས་ཀྱི་སྲས་སུ་བོད་རབ་བྱུང་བཅུ་གཉིས་པའི་ཤིང་བྱ་ལོར(1705)སྐུ་འཁྲུངས། ཁོང་ལ་གཅེན་གཅུང་བཞི་ཡོད་པ་དང་ཁོང་ནི་གཉིས་ཀྱི་གོང་མ་ཡིན་པ་བཤད་ཅིང་གཅེན་གཅུང་གཅིག་གི་མཚན་ལ་བསོད་ནམས་འོད་ཟེར་ཞུ་ལ། གཞན་གཅིག་གི་མཚན་དཔྱད་གཞིའི་ཡིག་ཆ་ཁག་ནང་གསལ་པོར་འཁོད་མེད། ཐ་ཆུང་གི་མཚན་ལ་ཁྲི་པ་ཞེས་འབོད་ཅིང་ཆུང་དུས་ནས་རབ་ཏུ་བྱུང་སྟེ་སངས་རྒྱས་གླིང་པ་མཆོག་དང་མཉམ་དུ་ཡུལ་ཕྱོགས་གང་སར་ཕེབས་པ་དང་། སངས་གླིང་སྐུ་གཤེགས་རྗེས་ཁོང་གི་རྒྱལ་ཚབ་བྱས་ཏེ་རྩེ་དྲུག་དགོན་གྱི་བླ་མ་གནང་ཡོད་པ་རེད། སངས་རྒྱས་གླིང་པ་ཁོང་གི་རྣམ་ཐར་གཅིག་རང་བཞུགས་པ་དེའི་མིང་ལ«སངས་རྒྱས་གླིང་པའི་སྐྱེས་རབས་གཏེར་འབྱུང་ལོ་རྒྱུས་རྡོ་རྗེ་རིན་ཆེན་ཕྲེང་བའི་རྒྱན»(འོག་ནས་སངས་རྒྱས་གླིང་པའི་རྣམ་ཐར་ཞེས་བྲི་རྒྱུ་ཡིན།)ཞེས་པ་དེ་རེད། སྤྱིར་ན་དཔེ་ཆ་འདི་སྔོན་མ་བལ་ཡུལ་རྒྱལ་ས་ཀ་ཏ་མན་གྲུ་ནས་པར་སྐྲུན་བྱེད་མྱོང་ཞིང་དེའི་སྐོར་མཁར་རྨེའུ་བསམ་གཏན་ལགས་ཀྱི་རྩོམ་དེབ«མདའ་དང་འཕང»ནང་གླེང་འདུག[1] གུས་པའི་ལག་ཏུ་སོན་པའི་དཔེ་ཆ་ནི་ལག་བྲིས་ཅན་གྱི་ཡི་གེ་རྙིང་པ་ཞིག་རེད། ད་ལྟ་ཁྱུང་པོ་རྩེ་དྲུག་དགོན་དུ་བཞུགས་ཡོད། དཔེ་ཆ་འདི་ནི་རིག་གནས་གསར་བརྗེའི་སྔོན་ནས་ཡོད་པ་ཞིག་ཡིན་ཞིང་ལག་འཛིན་སོགས་རྙིང་རལ་སོང་ཡོད་ཚུལ་ལ་བལྟས་ན་མ་མཐའ་ཡང་ལོ་བརྒྱ་ཡན་མན་གྱི་ལོ་རྒྱུས་ལྡན་པའི་དཔེ་ཆ་ཞིག་ཡིན་པ་ཤེས་ཐུབ། རྣམ་ཐར་འདི་ཁྱོན་པོ་ཏི་སྣ་རིང་མ་བཞི་ལས་གྲུབ་ཅིང་དེ་ཡང་ཀ་པོད་ལ་ཤོག་ངོས༨༡༣དང་། ཁ་པོད་ལ་ཤོག་ངོས༦༢༣། ག་པོད་ལ་ཤོག་ངོས༣༨༥། ང་པོད་ལ་ཤོག་ངོས༣༠༣བཅས་ཡོད། འདིའི་མཇུག་གི་སྐུ་གཤེགས་པའི་གནས་ཚུལ་སོགས་དུམ་བུ་ཁ་ཤས་ལས་གཞན་ཁོང་རང་གིས་བརྩམས་མཛད་པ་ཞིག་ཡིན་པས་བོད་ཀྱི་སྲོལ་རྒྱུན་གྱི་འབོད་སྟངས་ལྟར་ན་རང་རྣམ་ཞེས་ཟེར་ཞིང་། འདི་ནི་སློབ་མ་དག་གིས་ཆེ་བསྟོད་ཚུལ་དུ་བརྩམས་པ་ཞིག་མ་ཡིན་པར་ཁོང་རང་གིས་བརྩམས་མཛད་པ་ཡིན་ཙམ་དཔྱད་གཞིའི་རིན་ཐང་ཧ་ཅང་ཆེ་བ་རེད། དཔེ་ཆ་འདི་ནི་དུས་རབས་བཅོ་བརྒྱད་སྐབས་སུ་བརྩམས་པ་ཡིན་ལ། སྐབས་དེའི་རྒྱལ་རོང་དང་ཁྱུང་པོ། ཀོང་པོ་དང་ཚ་རོང་སོགས་ཀྱི་ཆབ་སྲིད་གནས་བབ་དང་ཆོས་ལུགས་དད་མོས་སྤྱི་ཚོགས་གནས་སྟངས་བཅས་ལ་ཞིབ་འཇུག་བྱ་དགོས་ན་མ་བཀླག་ཐབས་མེད་ཀྱི་དཔྱད་གཞིའི་ཡིག་ཆ་ཞིག་ཆགས་ཡོད། གུས་པས་གཙོ་བོ་དཔེ་ཆ་འདི་ལ་གཞི་བཅོལ་བ་དང་གཞན་ཡང་དུས་སྐབས་དེར་བརྩམས་པའི་ལོ་རྒྱུས་ཡིག་ཆ་གཞན་དང་དུས་ཕྱིས་བརྩམས་པའི་རྩོམ་ཡིག་ཁ་ཤས་ལ་དཔྱད་ཞིབ་བྱས་ཏེ་རྩོམ་ཡིག་འདི་བྲིས་པ་ཡིན།
དང་པོ། ཁོང་གི་རུས་རིགས་དང་ཁྱིམ་རྒྱུད་སྐོར།
གཅིག ཁོང་གི་རུས་རིགས་མཁས་པ་རྨེའུ་ལ་གཏོགས་པའི་སྐོར།ཁོང་གི་རྣམ་ཐར་ནང་དུ“རུས་ནི་བ་གོར་ཡིན། གདུང་ནི་མཁས་པ་རྨེའུ་ལ་གཏོགས། མིང་ནི་འཕགས་བུ་བླ་མ་ཟེར།”[2]ཞེས་གསལ་ཡོད། སངས་རྒྱས་གླིང་པ་མཆོག་གིས་བོན་གྱི་གདུང་རྒྱུད་ཆེ་དྲུག་ལས་མཁས་པ་རྨེའུ་ཚང་གི་གདུང་རྒྱུད་འདི་དུས་རབས་བརྒྱད་པའི་སྐབས་སུ་བྱོན་པའི་ལོ་ཙཱ་བ་ཆེན་མོ་བཻ་རོ་ཙ་ན་མཆོག་དང་རུས་རྒྱུད་གཅིག་ཡིན་པ་གསུངས་ཡོད། དེ་བཞིན་བོན་གྱི་གཏེར་སྟོན་བདེ་ཆེན་གླིང་པའི་ཕྱི་ནང་གསང་བ་ཡང་གསང་གི་རྣམ་ཐར་ཁག་ནས་ཁོང་གི་གདུང་རྒྱུད་ལོ་ཆེན་དང་གཅིག་པ་ཡིན་པ་གསུངས་ཡོད། བདེ་ཆེན་གླིང་པ(1833-1892)མཆོག་ནི་འཕགས་ཕུ་རྨེའུ་ཚང་གི་གདུང་ལས་འཁྲུངས་པ་ཡིན། དེའི་སྐོར་འོག་ནས་འཆད་རྒྱུ་ཡིན། འོན་ཀྱང་། བོན་གྱི་ལོ་རྒྱུས་ཡིག་ཆའི་ཁྲོད་བཞུགས་པའི་མཁས་པ་རྨེའུ་ཚང་གི་གདུང་རབས་ཁག་ཏུ་དེའི་སྐོར་འཁོད་པ་མ་མཐོང་ལ། གདུང་རབས་དེ་དག་གི་ཕྱི་མོ་དང་གཞི་བཅོལ་ས་ནི«སྤྲུལ་པའི་སྐུ་ལྷ་རི་གཉན་པོའི་རྣམ་ཐར་བཞུགས་སོ»ཞེས་པ་རྨེའུ་ལྷ་རི་གཉན་པོའི(1024-1091)རྣམ་ཐར་དེ་ཡིན། རྣམ་ཐར་འདི་ནི་ཁོང་གི་སློབ་མ་ཞིག་གིས་ཁོང་འདས་རྗེས་ཀྱི་མེ་འབྲུག་ལོར་བརྩམས་པ་ཡིན་པས་ཕལ་ཆེར་རབ་བྱུང་གཉིས་པའི་མེ་འབྲུག(༡༡༣༦)ལོར་བརྩམས་པ་ཞིག་ཡིན་ནམ་སྙམ། རྣམ་ཐར་དེར་རྨེའུ་ཚང་གི་གདུང་རབས་གཉའ་ཁྲི་བཙན་པོའི་སྐུ་དུས་ཀྱི་རྗེས་ཙམ་ནས་གཙང་གཡས་རུ་ཤངས་ཀྱི་ས་ཆ། བྲུད་ཀྱི་སྨན་མོ་གཡུ་རྩེ་མཁར་དང་ཤེལ་སྒང་གཉིས་སུ་ཡུལ་བཟུང་ནས་གཞིས་ཆགས་པ་འཁོད་ཡོད། དེ་ནས་བཟུང་དུས་རབས་བཅུ་པའི་སྨད་རྨེའུ་རོག་དབལ་སོ་མ་ཐུག་བར་ཏེ་བཙན་པོའི་རྒྱལ་རབས་སྐབས་ཀྱི་རྨེའུ་ཚང་གདུང་རབས་སྐོར་གསལ་པོར་འཁོད་མེད། དེས་ན་ང་ཚོས་ཡང་སྙིང་རྨེའུ་ཚང་གི་གདུང་རབས་འདི་རུས་བ་གོར་དང་འབྲེལ་བ་ཡོད་མེད་རྟོགས་དཀའ། གཅིག་བྱས་ན་སངས་རྒྱས་གླིང་པ་མཆོག་གིས་ཁོང་རང་ཉིད་ལོ་ཆེན་གྱི་སྐུ་སྐྱེ་ཡིན་པ་ངོས་འཛིན་གནང་གི་ཡོད་ལ། ལོ་ཆེན་གྱི་ལྟ་གྲུབ་དང་མཛད་འཕྲིན་ལ་དད་གུས་ཆེན་པོ་བྱེད་མཁན་ཞིག་ཡིན་པས། ཡབ་མེས་ཀྱི་གདན་ས་དང་ལོ་ཆེན་མཆོག་གི་ཡབ་ཡུལ་གཉིས་གཅིག་ཏུ་ཁེལ་བས་ལོ་ཆེན་མཆོག་དང་ཁོང་གཉིས་རུས་གཅིག་པ་ངོས་བཟུང་བ་ཡིན་སྲིད། བདེ་ཆེན་གླིང་པས་སངས་གླིང་མཆོག་གི་རྣམ་ཐར་མཇལ་ཏེ་དེ་ལས་དྲངས་པ་ཡིན་སྲིད་པ་རེད།
མདོར་ན། དུས་རབས་བཅུ་གཅིག་པའི་ནང་རྨེའུ་ལྷ་རི་གཉན་པོ་དང་རྨེའུ་མཁས་པ་དཔལ་ཆེན་སོགས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་མཆོག་རྣམས་ཀྱིས་གཙང་གི་གུར་ཞོགས་དང་སྙེ་མོ་བཟང་རི་སོགས་སུ་གདན་ས་བཏབ་རྗེས་རྨེའུ་ཚང་གདུང་རབས་ཀྱི་སྙན་པ་ཆེས་ཆེར་རྒྱས་པ་རེད། གཙང་སྙེ་མོ་རུ་རྨེའུ་ཚང་གི་གཞིས་ཀ་གཉིས་སུ་གྱེས་པ་ལས་གཅིག་ནི་སྙེ་མོ་འཕགས་བུ་རྨེའུ་ཚང་ཡིན་ཞིང་། དེའི་སྐོར་མཁས་དབང་དཔལ་ལྡན་ཚུལ་ཁྲིམས་ཀྱིས་བརྩམས་པའི«བསྟན་འབྱུང་སྐལ་བཟང་མགྲིན་རྒྱན»ལས“བཟང་རི་རྨེའུ་ཚང་ཞེས་སུ་གྲགས་པ་ལས། །གདུང་བརྒྱུད་ཤེལ་དཀར་ཕྲེང་ལྟར་བྱོན་པ་དང་། །དེ་ལས་འཕྲོས་པའི་སྙེ་མོ་འཕགས་ཕུ་ཡི། །རྨེའུ་ཚང་གདུང་དང་དེར་འཕྲོས་མདོ་སྨད་དུ། །སྡེ་དགེ་ཞེ་གཤོང་སོགས་དང་ཧོར་སྟོད་ཁུལ། །བྱང་གི་རྫ་དམར་རྨེའུ་ཚང་བླ་བྲང་བཅས། །ད་ལྟའི་བར་དུ་མཁས་དང་གྲུབ་བརྙེས་པའི། །སྐྱེས་བུ་དམ་པ་གྲངས་ལས་འདས་པར་བྱོན། །སྒེར་གྱི་མཚན་དང་ལོ་རྒྱུས་རིམ་མི་གསལ། །གདུང་རབས་ཡིག་ཆ་རྙེད་ན་དེར་དཔྱོད་འཚལ། །”[3]ཞེས་དང་། བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོས་བརྩམས་པའི«བསྟན་འབྱུང་ཤེལ་གྱི་རྒྱང་མཐོང»ལས“རྨེའུ་སྟོན་ཡེ་ཤེས་གཡུང་དྲུང་ནི། སྙེ་མོ་བཟང་རིའི་ཕྱོགས། གདུང་རྒྱུད་འཛིན་པའི་བླ་བྲང་གི་གཞི་ཆགས། བཟང་རི་རྨེའུ་ཚང་ཞེས་ཡོངས་སུ་གྲགས་ཤིང་། གདུང་རྒྱུད་རིན་པོ་ཆེའི་ཕྲེང་བ་ལྟར་བྱོན་པ་ལས་འཕྲོས་ཏེ། སྙེ་མོ་འཕགས་ཕུའི་རྨེའུ་ཚང་དང་། དེ་ལས་མདོ་སྨད་དུ་འཕྲོས་པ། སྡེ་དགེ་ཞེ་གཞོང་གི་རྨེའུ་གདུང་འཛིན།”[4]ཞེས་གསུངས་ཡོད། ཡིག་ཆ་འདི་དག་ལ་བལྟས་ན་འཕགས་བུ་རྨེའུ་ཚང་གི་གདུང་རབས་མདོ་ཁམས་སྡེ་དགེ་དང་ཧོར་སྟོད་བྱང་གི་རྫ་དམར་སོགས་སུ་མཆེད་པ་ཤེས་ཐུབ། འཕགས་བུ་རྨེའུ་ཚང་གི་གདུང་རྒྱུད་མདོ་ཁམས་སྡེ་དགེ་རུ་མཆེད་ཅིང་དེ་ལས་ལྷོ་ཚ་བ་རོང་དུ་གྱེས་པ་ཡིན། དེའི་སྐོར«སངས་རྒྱས་གླིང་པའི་རྣམ་ཐར»ནང་དུ་རྒྱས་པར་འཁོད་ཡོད།
གཉིས། དུས་ནམ་ཞིག་ལ་རྨེའུ་ཚང་གདུང་རྒྱུད་མདོ་ཁམས་སུ་དར་ཚུལ་སྐོར།
གོང་གི་ཡིག་ཆ་ཁག་ནས་རྨེའུ་ཚང་གདུང་རྒྱུད་མདོ་ཁམས་སུ་གྱེས་པ་ལས་དུས་ནམ་ཞིག་ལ་གྱེས་པ་དང་ཚུལ་ཇི་ལྟར་གྱེས་པ་སོགས་གསལ་མེད། དེ་ཡང«སངས་རྒྱས་གླིང་པའི་རྣམ་ཐར»ལས“མདོ་སྨད་ཚ་བ་རོང་དུ་འགྲོ་དོན་ཕེབས་ཚུལ་ནི། བྱང་ཕྱོགས་ཁྲི་ཤོག་རྒྱལ་མཚོའི་ཉེ་འདབས་ལ། མཐའ་མི་སོག་པོ་རྟ་ཁྲ་བོ་ཟེར་བ་མགོ་མཐོ་བའི་སྐབས། གཙང་གི་སྙེ་མོ་གླང་ར་ན། འཕགས་བུ་ཀུན་དགའ་རྣམ་རྒྱལ་ཞེས་བྱ་བ་དཔོན་སློབ་འགའ་ཞིག་བྱང་གི་འབྲོག་གནས་ཧོར་གྱི་ས་ཕྱོགས་ལ་གདུལ་བྱར་ཕེབས་པའི་ཚེ་སོག་པོ་རྟ་ཁྲའི་དམག་རྒྱག་དང་ཐུག་ནས་སྒར་ཡང་གཏོར། གྲྭ་འཁོར་ཡང་འཐོར། བླ་མ་དེ་ཡང་སོག་པོས་བཀྱིག་ནས་བྱང་མཚོ་སྔོན་གྱི་ཕྱོགས་སུ་ཁྲིད། འབྲི་ཆུའི་ཚུལ་རོལ་དུ་སླེབས་པའི་ཚེ། ནུབ་གཅིག་སོག་པོ་རྣམས་ཐང་ཆད་པས་ཉལ་དུ་སོང་། བླ་མ་ནི་གཟིམ་ཡང་མ་ཁུག ཇི་འདྲ་ཇི་བྱེད་སེམས་ཁྲལ་མང་དུ་བྱས་ནས་འདུག་ཙམ་ན། ནམ་གྱི་ཕྱེད་ལ་མདུན་དུ་བུད་མེད་ཀྱི་སྐད་འདྲ་གཅིག་གིས་ད་བྲོས་དང་ཐར་བ་ཡོད། གབ་ཁུང་ཕྱི་བའི་ཁོང་དུ་ཞུགས་ཟེར་བ་ཐོས། དེ་མ་ཐག་བྲོས་ནས་མདའ་འཕངས་གཅིག་གི་མཚམས་ལས། ཕྱི་ཁུང་ཞིག་ཏུ་ཞུགས་ནས་བསྡད་པར་ནམ་ལངས་བ་དང་སོག་པོ་རྣམས་ཀྱི་བཙལ་ཀྱང་མ་རྙེད། རྗེས་ཀྱང་མ་ཆོད་ནས་བྱང་ཕྱོགས་སུ་སོང་།”[5]ཞེས་འཕགས་བུ་བླ་མ་ཀུན་དགའ་རྣམ་རྒྱལ་ཧོར་སྟོད་དུ་གདུལ་བྱར་ཕེབས་སྐབས་སོག་དམག་གིས་བཅོམ་པ་དང་སོག་པོས་ཁྲིད་པའི་ལམ་བར་ནས་བྲོལ་བྱོལ་སོང་བའི་བརྒྱུད་རིམ་ཞིག་བཀོད་ཡོད། འཕྲོག་བཅོམ་གྱི་དོན་རྐྱེན་འདི་ལྷགས་པའི་དུས་ཚོད་ནི་གོང་གི་ལོ་རྒྱུས་དུམ་བུ་དེ་ལས་སོག་དམག་མཚོ་སྔོན་པོའི་འགྲམ་དུ་བསྡད་པའི་དུས་སྐབས་སུ་ཡིན་པ་ཤེས་ཐུབ་ལ། དུས་སྐབས་དེ་ནི་སྤྱི་ལོ(1620-1642)བར་ཏེ་གཙང་པ་རྒྱལ་པོ་ཀརྨ་བརྟན་སྐྱོང་དབང་པོས་སྲིད་དབང་བཟུང་བའི་སྐབས་དང་དགའ་ལྡན་སྲིད་གཞུང་ཐོག་མར་དབུ་བརྙེས་པའི་བར་སྐབས་དེར་ཁེལ་ཡོད། སྐབས་དེར་བོད་དབུས་གཙང་ཁུལ་དུ་གཙང་པ་སྡེ་སྲིད་དང་དགེ་སོག་ཟུང་འབྲེལ་གྱི་བར་དུ་དམག་འཐབ་རབ་དང་རིམ་པ་ཞིག་བྱུང་བ་རེད། འདི་དག་སྐོར་གྱི་ལོ་རྒྱུས་རྒྱས་པ་གཞན་དུ་གསལ་ཞིང་། དམུ་དགེ་བསམ་གཏན་རྒྱ་མཚོ་ལགས་ཀྱིས་བརྩམས་པའི«བོད་ཀྱི་ལོ་རྒྱུས་ཀུན་དགའི་མེ་ལོང»ལས“རབ་དྲག་ཆུ་ཕོ་སྤྲེལ(1632)ལོར་སོག་པོ་ཧལ་ཧས། ཧོར་སྟོད་དང་ཨ་མི་སྒེར་རུ་བཅོམ། གཙང་སྡེ་སྲིད་ཀྱིས་བོད་ཁྲི་སྐོར་བཅུ་གསུམ་གྱི་དམག་བསྡུ་བ་སོགས་གྲ་སྒྲིག་དང་། དུས་མཚུངས་པཎ་ཆེན་རིན་པོ་ཆེ་དང་དགའ་ལྡན་ཕོ་བྲང་གི་ཞལ་ངོ་བསོད་ནམས་ཆོས་འཕེལ་གཉིས་སོག་ཁྲོད་དུ་ཆིངས་ལ་ཕེབས་དགོས་ཟེར་བ་ལྟར་ཁོང་གཉིས་ཕེབས་པས། སོག་དམག་གིས་གསུང་བརྩིས་ཏེ་རང་ཡུལ་དུ་ལོག་བཅུག་སྟེ། དོན་འཁྱོལ་བྱུང”[6]ཞེས་སོག་པོས་ཧོར་སྟོད་བཅོམ་པའི་དུས་ནི་སྤྱི་ལོ(༡༦༣༢)ལོར་ཡིན་པ་བཤད་ཡོད། བླ་མ་ཀུན་དགའ་རྣམ་རྒྱལ་མཆོག་ནི་སངས་རྒྱས་གླིང་པ་ལས་མི་རབས་བཞི་ཙམ་གྱི་སྔོན་དུ་བྱོན་པ་རེད། སངས་རྒྱས་གླིང་པ་ནི་སྤྱི་ལོ(༡༧༠༥)ལོར་འཁྲུངས་པ་རེད། དེ་ལྟར་ཕྱོགས་ཡོངས་ནས་དཔྱད་ཞིབ་བྱས་ན་འཕགས་བུ་བླ་མ་ཀུན་དགའ་རྣམ་རྒྱལ་ཧོར་སྟོད་གདུལ་བྱར་ཕེབས་པ་དང་སྟབས་མ་ལེགས་པར་སོག་པོ་ཧལ་ཧས་ཧོར་སྟོད་བཅོམ་པའི་དུས་སྐབས་དང་ཁེལ་ཞིང་། སོག་དམག་མཚོ་ཁ་རུ་ཕྱིར་ལོག་ཞོར་བླ་མ་ཀུན་དགའ་རྣམ་རྒྱལ་བཙན་ཁྲིད་བྱས་པ་དང་འབྲི་ཆུ་ཚུར་རོལ་དུ་སོག་དམག་སྒར་བཏབ་སྟེ་འདུག་སྐབས་མཚན་མོར་བླ་མ་ཀུན་དགའ་རྣམ་རྒྱལ་བྲོས་པས་ཐར་ཅིང་། ཁོང་འབྲི་ཆུ་སྨད་ཕྱོགས་སུ་ཕེབས་པའི་དུས་ནི་སྤྱི་ལོ(༡༦༣༢)དང(༡༦༣༣)གང་རུང་ཡིན་པ་ཚོད་དཔག་བྱེད་ཐུབ། ཁོང་འབྲི་ཆུ་སྨད་ཕྱོགས་མཁར་མདོ་ཞེས་པའི་ས་ཆ་རུ་ཕེབས་ནས་ལོ་ཁ་ཤས་བཞུགས་མཚམས་དེར་ཁྱིམ་གཞིས་ཆགས་ཤིང་སྲས་ཤིག་ཀྱང་འཁྲུངས་འདུག སྲས་དེའི་མཚན་ལ་ལྷ་རྒྱལ་འཕེན་ཞེས་བཏགས། དེ་མཚམས་ཡབ་ཡུམ་སྲས་རྣམས་སྐུ་རྒྱལ་ཨ་མྱེ་རྨེ་བའི་མདུན་ཟུར་རྫ་ཆབ་སྐྱ་བོའི་འགྲམ་ཚ་ཚ་འབུར་དུ་བཞུགས་གནང་འདུག དེ་ནས་ཡར་ཕེབས་ནས་མཚེར་བལྟམས་བྱ་བར་བཞུགས་དགོངས་ཀྱང་ཡུམ་དེར་སྲས་ཤིག་བལྟམས་པ་རེད། ཁོང་གི་མཚན་ལ་ཉི་མ་ཞེས་འབོད། གཅེན་གཅུང་དེ་གཉིས་ཡུལ་སྤུངས་ཚལ་བྱ་བར་གནས་མལ་ཆགས་པ་རེད། གཏེར་སྟོན་བདེ་ཆེན་གླིང་པ་སོགས་འབྲི་ཆུ་རྒྱུད་ཀྱི་འཕགས་བུའི་གདུང་རབས་རྣམས་ཀུན་དགའ་རྣམ་རྒྱལ་གྱི་སྲས་ལྷ་རྒྱལ་འཕེན་ལས་གྱེས་པ་ཡིན་འདུག
གསུམ། འཕགས་བུའི་གདུང་རབས་ལྷོ་ཚ་བ་རོང་དུ་གྱེས་པའི་སྐོར།
འཕགས་བུ་བླ་མ་ཀུན་དགའ་རྣམ་རྒྱལ་མཆོག་འབྲི་ཆུ་རྒྱུད་དུ་ལོ་ཤས་བཞུགས་རྗེས་ལྷོ་ཚ་བ་རོང་དུ་ཕེབས་པ་རེད། དེའི་སྐོར«སངས་རྒྱས་གླིང་པའི་རང་རྣམ»ལས“དེ་ནས་བླ་མ་ཕྱིར་ཐོན་ཏེ་སོག་པོའི་འདུག་མལ་དུ་སོང་བས། རྟ་ལུག་གི་ཤ་ཟོས་འཕྲོ་རུས་པ་ཧྲ་ཧྲོལ་རྣམས་འདུག་པ་ཟོས། མདུང་གཅིག་ལུས་འདུག་པ་ཡང་ཁུར་ནས་དོམ་དང་སྤྱང་ཁུའི་འཇིགས་པ་ལས་ཐར། འབྲི་ཆུའི་སྨད་དུ་སོང་ནས་ལོ་ཤས་བཞུགས། དེ་བཞིན་ལྷོ་རྒྱལ་མོ་དངུལ་ཆུའི་ཕྱོགས་སུ་འགྲོ་དགོས་པའི་ལུང་བསྟན་བྱུང་ནས། དངུལ་ཆུའི་རྒྱུད་དུ་བྱོན་ནས་ཐོག་མ་གནས་བྱ་རྒོད་དཔུང་རིའི་གཡོན་ཕྱོགས་སྒོམ་ཁྲུང་བྱ་བའི་དགོན་ཆུང་ཞིག་ཏུ་བཞུགས། སྟོད་སྨད་གྲྭ་སློབ་འགའ་ཡིས་གཙང་སྙེ་མོ་འཕགས་བུ་བླ་མ་རུ་ཤེས། དད་འདུན་གདུལ་བྱ་ཡང་རྒྱ་ཆེར་བྱུང་ནས། དེའི་མཚམས་ཡབ་ཡུམ་བར་དུ་ཕོ་ཉ་བ་མང་དུ་བརྫངས། སྙེ་མོ་གླང་ར་ནས་སྲས་ཀུན་དགའ་ཡེ་ཤེས་ཞེས་པ་ཞིག་བཞུགས་པ་དེ། ཡབ་མེས་ཀྱི་ནང་རྟེན་འགའ་ཞིག་བསྣམས་ནས་ཡབ་དང་མཇལ་བར་བྱོན་ནས། སྒོམ་ཁྲུང་དུ་ཡབ་སྲས་ཞལ་མཇལ་འཕྲོད།”ཞེས་གསལ་ཡོད། «སངས་རྒྱས་གླིང་པའི་རང་རྣམ»ནང་དུ་ཁོང་མཁའ་འགྲོའི་ལུང་བསྟན་དབང་གིས་འབྲི་ཆུ་རྒྱུད་ནས་ལྷོ་ཚ་བ་རོང་དུ་ཕེབས་པ་གསུངས་པ་ལས། འབྲི་ཆུ་རྒྱུད་ཀྱི་ཁྱིམ་གཞིས་བསྐྱུར་ཏེ་ལྷོ་ཚ་བ་རོང་དུ་བྱོན་དགོས་པའི་དམིགས་ཡུལ་དང་རྒྱུ་རྐྱེན་བཀོད་མེད། ཁོང་ཕལ་ཆེར་སྤྱི་ལོ(༡༦༤༠)ཡན་མན་དུ་ལྷོ་ཚ་བ་རོང་དུ་ཕེབས་པ་རེད་ལ། སྐབས་དེར་སོག་པོ་གུ་ཤྲཱི་ཧན་བསྟན་འཛིན་ཆོས་རྒྱལ་གྱིས་ཁམས་ཁུལ་དུ་བེ་རི་རྒྱལ་པོ་བཏུལ་བའི་དུས་སྐབས་དང་ཁེལ་ཡོད། བེ་རི་རྒྱལ་པོ་ནི་བོན་ལ་དད་པ་བྱེད་མཁན་གྱི་དཔོན་པོ་ཞིག་ཡིན་པས་སོག་དམག་གིས་བེ་རི་བཅོམ་རྗེས་ཁམས་ཁུལ་གྱི་བོན་དགོན་མང་པོར་ཆགས་འཇིག་ཐེབས་པ་མ་ཟད། བོན་ལ་དད་མཁན་གྱི་བླ་སྤྲུལ་དང་མང་ཚོགས་མང་པོའི་ཚེ་སྲོག་ལ་གནོད་སྐྱོན་ཚབས་ཆེན་ཐེབས་པ་རེད། གཉིས་ནས་ཁོང་སྔོན་མ་སོག་དམག་གི་ལག་ནས་བྲོས་ཡོང་བ་ཡིན་ཙམ་སླར་ཡང་སོག་དམག་གིས་ངོ་ཤེས་པར་དོགས་ནས་ཁོང་མུ་མཐུད་སྡེ་དགེ་རུ་བཞུགས་བློ་མ་བདེ་ནས་ལྷོ་ཚ་བ་རོང་དུ་ཉེན་གཡོལ་དུ་ཕེབས་པ་འདྲ། ཕྱིས་སུ་དུས་རབས་བཅུ་དགུ་པའི་ནང་ཉག་རོང་མགོན་པོ་རྣམ་རྒྱལ་དང་མགོན་པོ་ཚེ་བརྟན་ཕ་བུ་གཉིས་གཙོས་ཉག་དམག་གིས་སྡེ་དགེ་སོགས་བཅོམ་སྐབས་གཏེར་སྟོན་བདེ་ཆེན་གླིང་པ་ཚ་བ་རོང་དུ་ཉེན་གཡོལ་དུ་ཕེབས་པ་དང་ཆ་འདྲ་བ་ཞིག་ཡིན་ནམ་སྙམ་མོ།།
ཁོང་ཐོག་དང་པོར་ཚ་བ་རོང་དུ་ཕེབས་སའི་ས་གནས་ནི་དེང་སང་ས་རིས་ཀྱི་དབང་དུ་བྱས་ན་ཆབ་མདོ་མཛོ་སྒང་གི་ལྷོ་ཕྱོགས་སུ་ཡོད་པའི་དངུལ་ཆུ་སྟོད་པ་གྲོང་རྡལ(中林卡乡)གྱི་ཁོངས་སུ་གཏོགས་པའི་གནས་བྱ་རྒོད་སྤུངས་རིའི་ཉེ་འགྲམ་ཡིན། ཡུལ་དེར་ད་ལྟ་མདངས་དར་གཡུང་དྲུང་གླིང་གི་དགོན་ཤུལ་ཞིག་མཇལ་རྒྱུ་འདུག དེ་ནི་ཀུན་དགའ་རྣམ་རྒྱལ་མཆོག་གི་སྲས་ཀུན་དགའ་ཡེ་ཤེས་ཀྱིས་ཕྱག་བཏབ་པའི་དགོན་པ་ཞིག་ཡིན་པ་གསལ། དགོན་པ་འདི་ནི་གཙང་དགོན་ཞིག་ཡིན་པ་དང་སངས་རྒྱས་གླིང་པའི་སྐུ་དུས་སུ་གྲྭ་བཙུན་རྒྱུན་ཚོགས་བྱེད་མཁན་ཡོད་འདུག དེའི་རྗེས་སྤྱི་ལོ(༡༨༦༤)ལོར་གཏེར་སྟོན་བདེ་ཆེན་གླིང་ཚ་རོང་བྱོན་སྐབས་དགོན་པ་འདིའི་སྐོར་འཁོད་མེད་པས་ཕལ་ཆེར་དེ་སྐབས་སུ་དགོན་སྡེ་ཉམས་ཟིན་པ་ཤེས་ཐུབ། ཀུན་དགའ་རྣམ་རྒྱལ་མཆོག་གིས་ཚ་བ་རོང་དུ་ཕེབས་རྗེས་ཁབ་བཞེས་པའི་སྐོར་འཁོད་མི་འདུག ཁོང་སྔོན་མ་གཙང་སྙེ་མོ་རུ་བཞུགས་སྐབས་སུ་སྲས་ཡོད་པ་དང་དེའི་རྗེས་སུ་འབྲི་ཆུ་རྒྱུད་དུ་བཞུགས་པ་ཚ་རོང་དུ་ཕེབས་སྐབས་སྲས་ཀུན་དགའ་ཡེ་ཤེས་གཙང་སྙེ་མོ་ནས་རྟེན་གསུམ་རྩ་ཆེན་དག་ཁུར་ཏེ་ས་ཐག་རིང་པོར་ཡབ་མཇལ་དུ་ཡོང་ཐུབ་པ་སོགས་ལ་བརྟག་ན་ཡབ་ཀུན་དགའ་རྣམ་རྒྱལ་འདི་སྐབས་སུ་ལོ་ན་ཅུང་མཐོ་པོར་སོན་ཡོད་པ་ཤེས་ཐུབ། ཀུན་དགའ་ཡེ་ཤེས་ཀྱིས་འདུལ་དགོན་ཕྱག་བཏབ་པ་དང་ཁོང་ལ་སྲས་ཡོད་པའི་སྐོར་མ་གསལ་བས་ཁོང་ནི་བཙུན་པ་ཞིག་ཡིན་ནམ་སྙམ། འོ་ན། ཚ་བ་རོང་དུ་འཕགས་བུའི་གདུང་རྒྱུད་སུ་ཞིག་གིས་སྤེལ་བ་ཡིན་ཟེར་ན། དེའི་སྐོར་སངས་གླིང་རྣམ་ཐར་ལས“དེ་ནས་ཀུན་དགའ་ཡེ་ཤེས་མདངས་བསྟན་གཡུང་དྲུང་དགོན་དུ་གདན་ས་མཛད། སྔོན་འབྲི་ཆུ་རུ་བཞུགས་སྐབས་སྲས་གཅིག་ཡོད་པར་རྗེས་སུ་ཡབ་མཇལ་དུ་བྱོན་པ་ཡབ་ཀྱིས་འཕགས་བུ་རྒྱལ་མཚན་ལྷུན་གྲུབ་བཏགས་ནས་ངེས་མེད་དུ་བཞུགས།”[7]ཞེས་སྔོན་འབྲི་ཆུར་བཞུགས་སྐབས་ཀྱི་སྲས་ཤིག་ཚ་རོང་དུ་བྱོན་པ་གསལ་ཡོད། འདིའི་སྐོར་བདེ་ཆེན་གླིང་པའི་རྣམ་ཐར་ལས“ལྷ་རྒྱལ་འཕེན་གྱི་སྲས་ཚེ་དབང་ལྟ་བུ། བུ་ཆུང་བསོད་ནམས་ཡེ་ཤེས་དང་གསུམ་ཡོད་པས་སྲུང་མ་བྲན་དུ་འཁོར། འགྲས་པའི་དགྲ་ལ་ཟོར་སྐྱོང་མི་དགོས་པ་རང་བཞིན་ཆོམ་ལ་འབེབས་པ། གཞན་གྱི་ཚེ་དཔལ་སྐྱོབས་ཤིང་འགྲོ་ལ་ཕན་རྒྱ་ཆེན་པོ་འདོགས་ནུས་ཤིང་། མཆིལ་ཐིག་རེ་ཡིས་གདོན་བགེགས་སེལ་ཐུབ་པ་ཞིག་བྱུང་། བུ་ཆུང་ཟེར་བ་དེ་རྔུལ་རྒྱུད་དུ་ཡབ་མེས་མཇལ་དུ་ཕེབས་སྐབས་མྱེས་པོ་ཀུན་དགའ་རྣམ་རྒྱལ་གྱི་སྲས་ཚབ་ཏུ་མཛད་ནས་མཚན་རྒྱལ་མཚན་ལྷུན་གྲུབ་ཏུ་གསོལ་ནས་རྔུལ་རྒྱུད་དུ་བཞུགས་སོ།”(44)ཞེས་ཀུན་དགའ་རྣམ་རྒྱལ་གྱི་ཚ་བོ་རྒྱལ་མཚན་ལྷུན་གྲུབ་མཆོག་གིས་ཚ་བ་རོང་དུ་འཕགས་བུའི་གདུང་རྒྱུད་སྤེལ་གནང་ཡོད། གོང་དུ་སངས་གླིང་གིས་འདི་ཉིད་ངེས་མེད་དུ་བཞུགས་ཞེས་དང་བདེ་གླིང་གི་རྔུལ་ཆུ་རྒྱུད་དུ་བཞུགས་ཞེས་པའི་གོ་དོན་ནི་ཁོང་རྔུལ་ཆུ་རྒྱུད་དུ་བཞུགས་ཡོད་ཀྱང་རྔུལ་ཆུ་སྟོད་སྨད་སོགས་བཞུགས་གཞིས་གཏན་ཁེལ་མེད་པས་ཡིན། རྒྱལ་མཚན་ལྷུན་གྲུབ་ཀྱི་སྲས་འཕབས་བུ་གཡུང་དྲུང་རྒྱལ་པོ་སྟེ་སངས་རྒྱས་གླིང་པའི་སྤོ་བོ་ཡིན། ཁོང་གི་སྐུ་རིང་ལ་ཡུལ་དེའི་སྨད་རྒྱུད་དེང་གི་དངུལ་ཆུ་སྨད་མ་གྲོང་རྡལ(下林卡乡)གྱི་ཁོངས་གཏོགས་དབྱིབས་པ་གྲོང་ཚོར་ཁྱིམ་གཞིས་བཟུང་བ་རེད། དེར་ད་ལྟ་ཁང་ཤུལ་གྱི་གྱང་རོ་མཐོང་རྒྱུ་འདུག ཡུལ་དེར་གཏེར་སྟོན་སངས་རྒྱས་གླིང་པའི་ཡབ་གཡུང་དྲུང་ཚེ་དབང་རྒྱལ་པོ་འཁྲུངས་པ་དང་དེའི་སྲས་སངས་རྒྱས་གླིང་པ་སོགས་གཅེན་གཅུང་བཞི་འཁྲུངས་པ་རེད། གཏེར་སྟོན་སངས་རྒྱས་གླིང་པ་ནི་ཁྱུང་པོ་དང་ཀོང་པོ་རྒྱལ་རོང་སོགས་སུ་ཕེབས་ཤིང་མཚན་སྙན་འབྲུག་ལྟར་གྲགས་པར་གྱུར། ལྷག་ཏུ་ཁོང་གི་གདན་ས་གཙོ་བོ་ཁྱུང་པོ་རྩེ་དྲུག་དགོན་དུ་མཛད་པ་དང་དེ་ནས་བཟུང་དབྱིབས་པ་འཕགས་བུ་བླ་བྲང་གིས་རྩེ་དྲུག་དགོན་གྱི་བླ་མ་མཛད་པའི་ལམ་སྲོལ་ཆགས་འདུག སངས་རྒྱས་གླིང་པ་སྐུ་གཤེགས་རྗེས་ཁོང་གི་གཅུང་པོ་ཁྲི་པ་ལགས་ནས་རྩེ་དྲུག་གི་བླ་མ་གནང་བ་རེད། སངས་གླིང་དང་གཅུང་ཁྲི་པ་གཉིས་ཀ་རབ་བྱུང་གི་རྟེན་ཡིན་ལ། རྩེ་དྲུག་གི་བླ་རབས་གཙོ་བོ་རྣམས་ཀྱིས་རབ་བྱུང་གི་རྟེན་བྱེད་སྲོལ་ཡོད་འདུག དེར་བརྟེན། འཕགས་བུ་ཚང་གི་མི་རབས་རེར་སྐུ་སྲས་རེ་རབ་བྱུང་བསྒྲུབ་སྟེ་རྩེ་དྲུག་དགོན་གྱི་བླ་མ་མཛད་སྲོལ་ཡོད་པ་འདྲ། སྨན་རིའི་མཁན་ཆེན་ཉི་མ་བསྟན་འཛིན(1823-1862)མཆོག་དགུང་ལོ་ཉེར་དྲུག་ལ་སོན་སྐབས་རྩེ་དྲུག་དགོན་དུ་བྱོན་པ་དང་། སྐབས་དེར་རྩེ་དྲུག་དགོན་དུ་འཕགས་བུ་བླ་མ་བསོད་ནམས་རྒྱལ་མཚན་ཞུ་བ་ཞིག་བཞུགས་ཡོད། བླ་མ་དེ་ཡང་གཙང་ཁྲིམས་ཀྱིས་རྒྱུད་བརླན་པ་ཞིག་ཡིན་པ་གསལ། མཁན་ཆེན་མཆོག་གིས་ཁོང་གི་མདུན་ནས་དབང་ལུང་མང་པོ་ཞིག་ཞུས་པ་མཁན་ཆེན་གྱི་རང་རྣམ«ཉི་མ་འབུམ་གྱི་འོད་ཅན»ནང་གསལ་ཡོད[8]། ལྷོ་ཚ་བ་རོང་གི་འཕགས་བུའི་གདུང་རབས་མཇུག་རྫོགས་དུས་ནི་རིག་འཛིན་དབལ་འབར་སྟག་སླག་ཅན(1833-1908)གྱི་སྐུ་དུས་སུ་ཡིན་པ་བཤད་སྲོལ་ཡོད། དེས་ན་འཕགས་བུའི་གདུང་རབས་ལྷོ་ཚ་བ་རོང་དུ་ལོ་ཉིས་བརྒྱ་ལྷག་བཞུགས་ཏེ་བསྟན་འགྲོའི་དོན་མཛད་ཡོད་པ་རེད།
གཉིས་པ། སངས་རྒྱས་གླིང་པའི་སློབ་དཔོན་དང་མཚན་གྱི་རྣམ་གྲངས།
གཅིག ཁོང་གི་སློབ་དཔོན་སྐོར། དམ་པ་ཁོང་ནི་འཕགས་བུ་བླ་མ་ཚང་གི་གཞིས་སུ་འཁྲུངས་པས་དུས་སྐབས་དེའི་བྱིས་པ་གཞན་དང་མི་འདྲ་བར་ཤེས་ཡོན་སྦྱོང་སའི་ཁོར་ཡུག་དང་ཆ་རྐྱེན་ལེགས་པོ་འཛོམས་ཡོད། གང་ཡིན་ཞེ་ན། འཕགས་བུ་ཚང་གི་བླ་མ་ནི་ཡུལ་དེའི་མི་རྣམས་ཀྱིས་རྩ་ཆེན་བརྩི་སྲོལ་ཡོད་ཅིང་། མི་རབས་མང་པོའི་རིང་འཕགས་བུ་ཚང་གི་གདུང་རབས་རིམ་བྱོན་གྱིས་བླ་མའི་གོ་གནས་བཟུང་མྱོང་བ་ཡིན། བོད་ཀྱི་གོམས་སྲོལ་སྤྱི་དང་འདྲ་བར་གདུང་རྒྱུད་ཅན་གྱི་མི་ཚང་གིས་སྲས་རྣམས་ལས་གཅིག་ངེས་པར་དུ་བླ་མ་བྱ་དགོས་པ་རེད། སྐབས་དེར་འཕགས་བུ་ཚང་ལ་གཅེན་གཅུང་བཞི་ཡོད་པ་ལས་སངས་རྒྱས་གླིང་པ་མཆོག་ཡབ་ཡུམ་གཉིས་ཀྱིས་མ་འོངས་པར་བླ་མ་བྱ་རྒྱུའི་དམིགས་ཡུལ་བཟུང་ཡོད་པ་རེད། དེར་བརྟེན། ཁོང་དགུང་ལོ་བརྒྱད(༡༧༡༢)ཀྱི་ཐོག་ཡུལ་དེའི་རི་བོའི་སྟོད་ཕྱོགས་སུ་ཆགས་པའི་མཛོད་ནག་རི་ཁྲོད་དུ་བཞུགས་པའི་བླ་མ་ཤེས་རབ་འོད་ཟེར་སར་བཏང་སྟེ་ཡོན་ཏན་ཀུན་གྱི་གཞི་མ་ཡི་གེ་སྦྱོར་ཀློག་བཀླབས་པ་རེད། ཤེས་རབ་འོད་ཟེར་ནི་མཛོད་ནག་རི་ཁྲོད་དུ་མཚམས་སྒྲུབ་བྱེད་མཁན་ཞིག་ཡིན་པས་ནམ་རྒྱུན་རི་ཁྲོད་དེར་བཞུགས་པ་དང་། སྐབས་རེར་མར་རི་འདབས་ཀྱི་གྲོང་པ་ནང་དུ་ཡོན་བདག་གི་དགོས་མཁོ་བཞིན་གཏོ་དང་རིམ་འགྲོ་བསྒྲུབ་པར་འགྲོ་བཞིན་ཡོད། ཁོང་ནི་མོ་རྩིས་གཏོ་དཔྱད་ལ་མཁས་ཤིང་ཡུལ་མི་ཚོའི་དགོས་མཁོ་ལྟར་ནམ་རྒྱུན་མོ་འདེབས་པ་དང་རྩིས་རྒྱག་པ། གཏོ་བཅའ་བ། རིམ་འགྲོ་སྒྲུབ་པ་སོགས་བྱེད་བཞིན་ཡོད། སངས་རྒྱས་གླིང་པ་ལ་ཡི་གེ་སྦྱོར་ཀློག་སློབ་མཁན་གྱི་དགེ་རྒན་ཁོང་ཡིན་པ་མ་ཟད། སངས་གླིང་ལོ་བརྒྱད་ནས་བཅོ་ལྔ་བར་དགེ་རྒན་འདིའི་སྐུ་མདུན་དུ་བཅར་ནས་ཡི་གེ་འབྲི་ཀློག་དང་གྱེར་དབྱངས་འདོན་གསུམ་སོགས་སྐུ་རིམ་སྒྲུབ་ཐབས་ཀྱི་ཤེས་བྱ་སྣ་ཚོགས་བསླབས་པ་དང་ཁོང་དང་མཉམ་དུ་མཛོད་ནག་རི་ཁྲོད་དུ་མཚམས་སྒྲུབ་ཉམས་ལེན་བྱས་པ་དང་སྐབས་རེར་སློབ་དཔོན་དང་མཉམ་དུ་གྲོང་ཆོག་ཀྱང་སོང་བ་རེད།
དགུང་ལོ་བཅོ་ལྔ(༡༧༡༩)ཐོག་ཡབ་ཀྱིས་བསྐུལ་བ་ལྟར་དངུལ་ཆུ་སྟོད་པའམ་དེང་གི་ཀྲུང་གླིང་ཁ་ཤང་གི་ཁོངས་གཏོགས་ནས་ཡིན་པའི་བླ་མ་གཡུང་དྲུང་ཡེ་ཤེས་ཀྱི་ཞབས་ཕྱིར་ལོ་གཅིག་ལྷག་ཙམ་འབྲངས་ཀྱང་ཁོང་གི་མདུན་ནས་གདམ་ངག་དེ་ཙམ་ཐོབ་མི་འདུག ཁོང་ཉིད་དགུང་ལོ་བཅོ་བརྒྱད(༡༧༢༢)ཐོག་དེང་གི་མཛོ་སྒང་རྫོང་གི་ཤར་ཕྱོགས་སུ་ཡོད་པའི་དགོན་པ་མདངས་དར་ཉི་མ་གླིང་དུ་ཕེབས་ཏེ་དགོན་དེའི་བླ་མ་དྲང་སྲོང་གཙུག་ཕུད་ཚུལ་ཁྲིམས་མཆོག་གི་མདུན་ནས་རབ་བྱུང་གི་སྡོམ་པ་བླངས་ཤིང་། སློབ་དཔོན་དེས་ཁོང་ལ་བོན་གྱི་ཡི་དམ་གསས་མཁར་མཆོག་ལྔའི[9]དབང་ལུང་ཆ་ཚང་གནང་བ་དང་། མ་རྒྱུད་སངས་རྒྱས་རྒྱུད་གསུམ་གྱི་རྒྱུད་ལུང་མན་ངག་དང་བཅས་པ་རྫོགས་པར་གནང་བ་རེད། གཞན་ཡང་དགུང་ལོ་ཉི་ཤུ་རྩ་གཉིས་ཐོག(༡༧༢༦)ཆབ་མདོ་ལྷོ་རོང་རྫོང་ཁྲ་རྒན་དགོན་དུ་བཞུགས་པའི་ཉག་སྒོམ་རདྣ་ཀེ་རུའི་མདུན་ནས་རྫོགས་ཆེན་དྲན་པ་གསེར་གདམ་དང་ཨ་ཁྲིད་ཐུན་མཚམས་བཅོ་ལྔ་པ་སོགས་ཞུས་ཤིང་། དགུང་ལོ་ཉི་ཤུ་རྩ་གསུམ་ཐོག(༡༧༢༧)ཆབ་མདོ་སྟེང་ཆེན་རྗོང་ཀ་ལེགས་དགོན་གྱི་བླ་མ་ཚུལ་ཁྲིམས་རྒྱལ་མཚན་མདུན་ནས་ཁམས་ཆེན་ལུང་ཞུས་པ་སོགས་བླ་མ་འགའ་ལ་དབང་ལུང་འབྲེལ་བ་ཞུས་ཡོད། སངས་གླིང་མཆོག་ལ་དགུང་ལོ་ཆུང་དུས་ནས་རིག་འཛིན་དང་མཁའ་འགྲོའི་ལུང་བསྟན་མང་དུ་བྱུང་བ་དང་ལྷག་ཏུ་དགུང་ལོ་བཅུ་གཉིས་ནས་སྙན་རྒྱུད་དང་ལུང་བསྟན་སོགས་བྱུང་སྟེ་རིག་འཛིན་མང་པོའི་མདུན་ནས་གདམ་པ་ཞུས་པ་འཁོད་ཡོད། དངོས་སུ་སློབ་དཔོན་བསྟེན་པ་ནང་ནས་ཤེས་རབ་འོད་ཟེར་དང་དྲང་སྲོང་གཙུག་ཕུད་ཚུལ་ཁྲིམས་གཉིས་ནི་ཁོང་གི་བླ་མ་རྩ་ཆེ་ཤོས་དེ་ཆགས་ཡོད་པ་རེད།
གཉིས། ཁོང་གི་མཚན་གྱི་རྣམ་གྲངས་སྐོར།
ཁོང་ལ་མ་ཡུམ་གྱིས་བཏགས་པའི་གཅེས་མིང་ལ་ཨ་བུ་ཞེས་ཟེར། ཁོང་རྣམ་ཚང་གི་རྩ་བའི་བླ་མ་དྲང་སྲོང་གཡུང་དྲུང་ཡེ་ཤེས་མཆོག་ནས་ངག་དབང་བཀྲ་ཤིས་ཞེས་བཏགས་པ་རེད། བླ་མ་འདི་ནི་དེང་གི་མཛོ་སྒང་རྫོང་གི་ལྷོ་ཕྱོགས་དངུལ་ཆུ་སྟོད་པའམ་ཀྲུང་གླིང་ཁ་ཤང་གི་ཕྱོགས་ནས་ཡིན། གྲུབ་ཐོབ་ཆེན་པོ་ཨ་འཚོགས་ནམ་མཁའ་ཡེ་ཤེས་མཆོག་ནས་གཡུང་དྲུང་དབང་གྲགས་ཞེས་གནང་བ་རེད། དགུང་ལོ་བཅུ་གཅིག་ཐོག་བོད་ལྗོངས་ཉི་ཁྲི་ཀོང་པོ་སྟག་བྲོ་གཡུང་དྲུང་དགའ་ཚལ་གླིང་གི་བླ་མ་ཨ་མདོ་ཚེ་དབང་ལྷུན་འགྲུབ་མཆོག་ཚ་རོང་དུ་གདུལ་བྱར་ཕེབས་ཤིང་དེའི་མདུན་ནས་བསྙེན་གནས་སྡོམ་པ་བཞེས་སྐབས་འཕགས་བུ་རྣམ་རྒྱལ་ལྷུན་འགྲུབ་ཅེས་གནང་། དགུང་ལོ་བཅུ་གཉིས་ཐོག་རིག་འཛིན་མཁའ་འགྲོའི་ཚོགས་ཀྱི་ལུང་བསྟན་མཇལ་སྣང་བྱུང་སྐབས་གསང་མཚན་ལ་བྱང་ཆུབ་སྙིང་པོ་རྡོ་རྗེ་རྩལ་ཞེས་གསོལ། དགུང་ལོ་བཅོ་བརྒྱད་ཐོག་མདངས་དར་ཉི་མ་གླིང་གི་བླ་མ་དྲང་སྲོང་གཙུག་ཕུད་ཚུལ་ཁྲིམས་མདུན་དུ་རབ་བྱུང་སྡོམ་པ་བཞེས་སྐབས་ཚུལ་མིང་ལ་གཡུང་དྲུང་བསྟན་པའི་རྒྱལ་མཚན་ཞེས་གནང་བ་རེད། རང་ཉིད་ཀྱི་བརྩམས་ཆོས་འགའ་ཡི་མཇུག་ཏུ་འཕགས་བཙུན་པད་མ་གཡུང་དྲུང་ཞེས་བཀོད་འདུག གཞན་ཡང་རིག་འཛིན་མཁའ་འགྲོས་གནང་བའི་གསང་མཚན་ལ་ཀརྨ་ལས་རབ་རྩལ། རིག་འཛིན་བསྟན་གཉིས་གླིང་པ། སྤྲུལ་སྐུ་བྱང་ཆུབ་རྡོ་རྗེ། པད་མ་གཡུང་དྲུང་དཔའ་བོ་གསལ། ཨོ་རྒྱན་སངས་རྒྱས་གླིང་པ། རྗེས་མཇུག་སློབ་ཚོགས་ཀྱིས་བཏགས་པའི་ཆེ་མིང་ལ་འཛམ་གླིང་བླ་མ་མི་ཕམ་སངས་རྒྱས་གླིང་པ་སོགས་མང་ངོ་། །
གསུམ་པ། སངས་རྒྱས་གླིང་པའི་སློབ་མའི་སྐོར།
འདིར་བཤད་པའི་སློབ་མ་ཞེས་པའི་གོ་དོན་ནི་གཙོ་བོ་ཁོང་གི་བཀའ་འབབ་སའི་སློབ་མ་དག་ལ་གོ་ཞིང་། ཁོང་ནི་སྐབས་དེའི་གཏེར་སྟོན་ཆེན་པོ་ཞིག་ཡིན་ལ། ཁོང་གི་གཏེར་དང་སྙན་རྒྱུད་ཕལ་ཆེར་ནི་བཀའ་གསར་མའམ་བོན་གསར་མའི་ཁོངས་སུ་གཏོགས་པ་ཡིན། ཁོང་གིས་དུས་རབས་བཅོ་བརྒྱད་པའི་ནང་བོན་གསར་མའི་འཕེལ་རྒྱས་ཐད་ལ་ནུས་ཤུགས་ཆེན་པོ་བཏོན་ཡོད་པ་དང་། བོན་གསར་མའི་འཕེལ་རྒྱས་དང་དར་སྤེལ་ཐད་ལ་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཐེབས་ཡོད། ཁོང་གི་བཀའ་བབ་སློབ་མ་ལ་སེམས་དཔའ་ཉེར་ལྔ[10]དང་བོན་གྱི་གདུང་རྒྱུད་ཆེན་པོ་དྲུག[11]གི་བླ་མ་སོགས་ཡོད་པ་རང་རྣམ་ནང་གསལ་ཡོད། ཁོང་གི་སློབ་མ་འགའ་ཞིག་གླེང་ན། གཅིག གཤེན་ཁྱི་ལོ་བ་དམུ་རྒྱལ་གཡུང་དྲུང་བསྟན་པའི་རྒྱལ་མཚན། ཁོང་ནི་དམུ་རྒྱལ་གཤེན་གྱི་གདུང་ལས་འཁྲུངས་ཤིང་གཤེན་གཡུང་དྲུང་ཉི་རྒྱལ་གྱི་སྲས་གསུམ(ལུག་ལོ་པ་དང་། རྟ་ལོ་པ། ཁྱི་ལོ་པ།)ལས་ཐ་ཆུང་གི་ཚུལ་དུ་འཁྲུངས་པ་ཡིན། ཁོང་དང་སངས་རྒྱས་གླིང་པ་ཐོག་མར་མཇལ་བའི་དུས་ནི་སངས་གླིང་དགུང་ལོ་ཉེར་གཉིས(༡༧༢༦)བཞེས་སྐབས་ཡིན་ལ། སྐབས་དེར་སངས་གླིང་ཕ་ཡུལ་ཚ་བ་རོང་ནས་ཡར་གྱིམ་ཤོད་ཡུལ་ཁྱུང་པོ་སྟེང་ཆེན་དུ་བྱོན་པ་དང་། གཤེན་ཁྱི་ལོ་བ་དབུས་གཙང་ནས་མདོ་སྨད་དུ་གདུལ་བྱར་ཕེབས་པ་རེད། ཁོང་རྣམ་གཉིས་ཚ་བ་ཁེ་ཤོད་ཡུལ་གནས་ཆེན་ཁེ་རྒྱལ་འོད་འཕྲོའི་འགྲམ་དུ་མཇལ་འཕྲད་བྱུང་བ་རེད། སངས་གླིང་གིས་གཤེན་ཆེན་པོ་སྟག་ལ་བཀྲ་ཤིས་གཏེར་རྫོང་གི་ཆོས་བདག་ཡིན་པ་གཟིགས་ཏེ་ཁོང་ལ་སྟག་ལ་བཀྲ་ཤིས་གཏེར་རྫོང་དང་ཚེ་སྒྲུབ་དཀར་མོ་མདངས་ལྡན་གྱི་དབང་ལུང་ཕུལ་བ་རེད། ཁོང་རྣམ་གཉིས་མཇལ་འཕྲད་ཐེངས་གཉིས་པ་བྱུང་བའི་དུས་ནི་སྤྱི་ལོ(༡༧༣༢)ལོར་ཡིན་ལ། སྐབས་དེར་སངས་གླིང་རྒྱལ་རོང་དུ་འགྲོ་དོན་གྲུབ་སྟེ་ཡར་གྱིམ་ཤོད་དུ་ཕེབས་པའི་ལམ་བར་ཏེ། རིག་འཛིན་ཀུན་གྲོལ་གྲགས་པའི་གདན་ས་གཡུང་དྲུང་གླིང་གི་ཉེ་འདབས་ཕ་ཝང་བོན་མོར་གཤེན་ཁྱི་ལོ་བ་དང་མཇལ་འཕྲད་བྱུང་བ་ཡིན། སྐབས་དེར་གཤེན་ཆེན་པོ་དང་སངས་གླིང་། ཀུན་གྲོལ་སོགས་ཀྱིས་མཉམ་དུ་ཕ་ཝང་བོན་མོར་ས་གནོན་མཆོད་རྟེན་བཞེངས་པ་རེད། འདིའི་སྐོར་ཀུན་གྲོལ་གྲགས་པའི«ཀུན་གྲོལ་གསང་རྣམ»ནང་དུ་ཡང་འཁོད་ཡོད། སྐབས་དེར་སངས་གླིང་གིས་གཤེན་ཆེན་པོར་ཞབས་བརྟན་གསོལ་འདེབས་ཀྱང་ཕུལ་གནང་འདུག དམུ་རིགས་གཙང་གཤེན་བཞད་པའི་བཤེས་གཉེན་གྱིས་མཛད་པའི«དམུ་གཤེན་ལྷ་ཡི་གདུང་རབས»ལས“གཅུང་ཁྱི་ལོ་བ་དེ་ཉིད་ནི། མཆོག་སྤྲུལ་སངས་རྒྱས་གླིང་པའི་ཞལ་སྔ་ནས། འཆི་མེད་དྲན་པ་བདུད་འདུལ་གྱི་ཐུགས་སྤྲུལ་ཡིན་པར་བཤད།”[12]ཅེས་སངས་གླིང་མཆོག་གིས་གཤེན་ཆེན་པོ་དྲན་པ་ནམ་མཁའི་རྣམ་སྤྲུལ་དུ་ངོས་འཛིན་བྱས་པར་འཁོད་པ་དེའང་འདི་སྐབས་སུ་ངོས་འཛིན་བྱས་ཡོད་པ་འདྲ།གཉིས། ཁོང་གི་སློབ་མར་ཞུ་ཚང་གི་གདུང་རྒྱུད་ཡིན་པ་ཡང་མང་དུ་བྱུང་འདུག་སྟེ། སངས་གླིང་དགུང་ལོ་ཉེར་གཉིས(༡༧༢༦)བཞེས་སྐབས་ཚ་བ་ཁེ་ཤོད་ཡུལ་ནས་བཀའ་གསར་མའི་བོན་སྐོར་གྱི་དབང་ལུང་གནང་ས་ཞུ་གཡས་སྤྲུལ་སྐུ་ག་གྷ་རདྣ་ཞེས་པ་ཞིག་བྱུང་ཡོད། ཚ་བ་སྒང་སྟོད་དེང་གི་ལྷོ་རོང་རྫོང་གི་ཁོངས་གཏོགས་ཁྲ་རྒན་དགོན་ནི་སྔོན་མ་ཞུ་ཚང་གི་གདན་ས་ཡིན་པ་དང་ཚ་བ་དཔའ་ཤོད་རྫོང་གི་མངའ་ཁོངས་སུ་སྔོན་མ་ཞུ་ཚང་བླ་མའི་གདུང་རྒྱུད་འཕེལ་མྱོང་བ་སོགས་ལ་བསམ་ན། ཞུ་ཚང་གི་བླ་མ་འདི་ཚ་བ་སྒང་གི་གཡས་གཡོན་ཞིག་ནས་ཡིན་ནམ་སྙམ་མོད། ཞིབ་ཕྲའི་གནས་ཚུལ་དེ་སྔོན་གསལ་པོར་མ་ཤེས། སངས་གླིང་དགུང་ལོ་ཉེར་གསུམ(༡༧༢༧)སྐབས་ཁྱུང་པོ་སྟེང་རྫོང་སེར་ཚ་ཤང་གི་ཁོངས་གཏོགས་བྱ་ཟེ་དགོན་དུ་འབྱོར་སྐབས་ཞུ་གཡས་གཡུང་དྲུང་བསྟན་འཛིན་མཆོག་ཁོང་མཇལ་དུ་ཕེབས་ཤིང་། སངས་གླིང་གིས་ཁོང་ལ་ཚེ་སྒྲུབ་གཡུང་དྲུང་གུར་ཁང་སོགས་དབང་ལུང་མན་ངག་མང་དུ་གནང་མཛད་འདུག ཞུ་ཚང་བླ་མ་འདི་པས་སེར་ཚ་ནས་བཟུང་གསེར་གཡུ་མདོ་དང་ག་ཐ་སོགས་སུ་སངས་གླིང་དང་མཉམ་དུ་ཆས་ཤིང་སངས་གླིང་གི་སྐུ་མདུན་དུ་བཅར་ནས་དབང་ལུང་མན་ངག་མང་དུ་ཞུས་འདུག་པ་མ་ཚད། ཁྱུང་པོའི་སྟོད་ཕྱོགས་ནས་ཁོང་གི་བཀའ་འབབ་སའི་སློབ་མ་གཙོ་བོ་ཞིག་ཀྱང་ཆགས་ཡོད། བླ་མ་འདིའི་ཡབ་གཞིས་བྱ་ཟེའི་ཁོངས་གཏོགས་ཀྱི་ཞུ་ཚང་གི་བླ་མ་ཡིན་ནམ་ཡང་ན་དཔའ་ཟླ་ཞུ་ཚང་གི་བླ་མ་ཡིན་མིན་སོགས་དཔྱད་དགོས། དཔའ་ཟླ་ཞུ་ཚང་དང་རྩེ་དྲུག་དགོན་བར་དུ་དམིགས་བསལ་གྱི་འབྲེལ་བ་ཡོད་པ་ཡིན་ཏེ་སངས་གླིང་སྐུ་ཕྲེང་གསུམ་པ་བསོད་ནམས་དབང་རྒྱལ་དཔའ་ཟླ་ཞུ་ཚང་དུ་འཁྲུངས་པ་རེད།
གསུམ། ཁོང་གི་སློབ་མ་རྣམས་ལས་སྐད་གྲགས་ཆེ་ཤོས་ནི་སེམས་དཔའ་ཀུན་གྲོལ་གྲགས་པ(1700-?)ཆགས་ཡོད། ཀུན་གྲོལ་གྲགས་པ་ཞེས་པའི་མཚན་གསོལ་མཁན་དང་རྒྱལ་རོང་དུ་བོན་བསྟན་སྤེལ་དགོས་ཚུལ་གྱི་བཀའ་བསྩལ་མཁན་ནི་སངས་རྒྱས་གླིང་པ་ཡིན་པ་རེད། འདི་དག་སྐོར་ནས་རྒྱས་བཤད་བྱས་ན་མང་པོ་འཆད་རྒྱུ་འདུག་མོད། ཤེས་འདོད་པ་ཚོས་སངས་གླིང་གི་རྣམ་ཐར་དང་ཀུན་གྲོལ་གྱི་རྣམ་ཐར་ཁག་ལ་ཞིབ་མཇལ་ཞུས་ན་གསལ་པོར་ཤེས་ངེས་པ་མ་ཟད། འདིའི་སྐོར་མཁར་རྨེའུ་བསམ་གཏན་རྒྱལ་མཚན་ལགས་ཀྱིས་བརྩམས་པའི«མདའ་དང་འཕང» སྨད་ཆ་ནང་གི་རྩོམ་ཡིག«རྒྱལ་རོང་ཡུལ་གྱི་དམུ་རྡོ་རིའི་དད་མོས་སྐོར་གླེང་བ»དང་འབུམ་རམས་པ་ལྕགས་མོ་མཚོས་བརྩམས་པའི་དཔྱད་རྩོམ«བོན་གྱི་གཏེར་སྟོན་བླ་མ་རིག་འཛིན་ཀུན་གྲོལ་གྲགས་པའི་མི་ཚེའི་ལོ་རྒྱུས་ལ་དཔྱད་པ»སོགས་སུ་འཁོད་ཡོད། ཀུན་གྲོལ་གྲགས་པ་མཆོག་དང་གསང་སྔགས་གྲགས་པ་གཉིས་ཀྱིས་རྒྱལ་རོང་དུ་བོན་བསྟན་འཛིན་སྐྱོང་སྤེལ་གསུམ་ཐད་ནུས་ཤུགས་ཆེན་པོ་བཏོན་ཡོད་པ་དང་། འདི་གཉིས་ནི་མདོ་སྨད་ཕྱོགས་ནས་སངས་གླིང་གི་སློབ་མ་གཙོ་བོ་གཉིས་ཆགས་ཡོད། ཁྱུང་པོ་སྟེང་ཆེན་སྨད་ཕྱོགས་ནས་ཉི་མ་གྲགས་པ་དང་ཟླ་བ་གྲགས་པ་གཉིས་ནི་ཁོང་གི་སློབ་མ་གཙོ་གྲས་ཆགས་ཡོད། གཞན་ཡང་ལྷོ་ཚ་བ་རོང་དང་ཤར་རྒྱལ་མོ་རོང་། ནུབ་ཀོང་པོ་རོང་། དབུས་གྱིམ་ཤོད་ཁྱུང་པོ་སོགས་སུ་ཁོང་གི་སློབ་མ་མང་དུ་བྱུང་འདུག་རུང་འདིར་ཡིག་ཚོགས་ལ་དོགས་པས་རེ་ཞིག་བསྐྱུར་ཡོད།
བཞི་པ། རྒྱལ་བ་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་དང་མཇལ་འཕྲད་བྱུང་བའི་སྐོར།
གཏེར་སྟོན་སངས་རྒྱས་གླིང་པ་མཆོག་ནི་བོན་ཆོས་རིས་མེད་ཀྱི་ལྟ་བ་སྐྱོང་མཁན་ཞིག་ཡིན་ཙམ། ཁོང་ལ་གྲུབ་མཐའ་མི་གཅིག་པའི་བླ་མ་མང་པོ་དང་འབྲེལ་བ་བྱུང་བ་རེད་ལ། དེ་དག་ལ་མཇལ་འཕྲད་དང་ཆོས་འབྲེལ་གནང་སྟེ་བོད་ཀྱི་ཆོས་རྒྱུད་གྲུབ་མཐའ་ཕན་ཚུན་བར་མཐུན་ལམ་ཇེ་ཟབ་ཏུ་བཏང་གནང་ཡོད། ཁོང་ལ་ལུང་ཟིན་གྱི་ཆོས་བདག་སེམས་དཔའ་ཉེར་ལྔ་ཡོད་པ་ལས། རྒྱལ་བ་བསྐལ་བཟང་རྒྱ་མཚོ(1708-1757)མཆོག་ནི་དེའི་གྲལ་གྱི་གཅིག་ཡིན་པ་འཁོད་འདུག་སྟེ། «སངས་རྒྱས་གླིང་པའི་རྣམ་ཐར»ལས“ནུབ་ཕྱོགས་མཁའ་འགྲོའི་ཕྱག་ནས། སྤྱན་རས་གཟིགས་དབང་ཐུགས་རྗེ་རྣམ་རོལ་གར། ཨུ་རྒྱན་ཡོན་ཏན་བོད་ཡུལ་བདེ་ལ་བཀོད། ཐམས་ཅད་མཁྱེན་པའི་ཀརྨ་ལས་རབ་རྩལ།”[13]ཞེས་སངས་གླིང་དགུང་ལོ་ཉེར་དྲུག(༡༧༣༠)བཞེས་སྐབས་མཁའ་འགྲོའི་ལུང་བསྟན་བྱུང་བ་ཡིན་ལ། ཁོང་གིས་རྒྱལ་བ་མཆོག་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་དུ་ངོས་འཛིན་གནང་འདུག དེའི་རྗེས་སུ་ཁོང་རྒྱལ་མོ་རོང་དུ་ཕེབས་ཁར་རྒྱལ་བ་མཆོག་ལ་རང་གི་ཟབ་གཏེར་དང་ཞུ་ཡིག་འབུལ་རྒྱུ་བྱས་མོད། མཛོ་སྒང་རྫོང་ས་གནས་ཀྱི་སྡེ་པའི་ལས་སྣེ་བས་མོས་མཐུན་མ་བྱུང་བས་རེ་ཞིག་བསྐྱུར་འདུག དེ་ནས་སངས་གླིང་མཆོག་ཤར་རྒྱལ་མོ་རོང་དུ་ཕེབས་སྐབས་ལམ་བར་དུ་མགར་ཐར་ཡུལ་དུ་འབྱོར་ཞིང་། སྐབས་དེར་རྒྱལ་བ་མཆོག་ཡུལ་དབུས་ནས་ཕ་ཡུལ་མདོ་སྨད་ལི་ཐང་དུ་ཕེབས་ཤིང་། མེ་ཉག་མགར་ཐར་ཡུལ་དུ་དགོན་པ་གསར་བཞེངས་བྱེད་པའི་སྐབས་དང་ཁེལ་ཡོད། རྒྱལ་བ་མཆོག་སྐབས་འདིར་བཅད་རྒྱ་དམ་པོར་སྐུ་མཚམས་བཞུགས་ཡོད[14]ཀྱང་། ཀོང་པོ་ཟིང་ཕུ་སྡེ་པའི་རོགས་རམ་འོག་ཁོང་རྣམ་གཉིས་མཇལ་འཕྲད་ཐོག་མ་དེ་བྱུང་ཡོད། དེའི་སྐོར་མཁར་རྨེའུ་བསམ་གཏན་ལགས་ཀྱིས«མདའ་དང་འཕང»ནང་དུ“1730ལོར་ཁོང་གིས་མགར་ཐར་ཞེས་པའི་ས་ཆར་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་དང་མཇལ”[15]ཞེས་བཀོད་ཡོད་ལ། མཇལ་འཕྲད་བྱུང་བའི་དུས་ཚོད་ནི་བོད་ལྕགས་ཁྱི་ལོའི(༡༧༣༠)ཧོར་ཟླ༨-༢༥ཉིན་ཡིན་པ་སངས་རྒྱས་གླིང་པའི་རྣམ་ཐར་དུ་ཞིབ་ཕྲ་གསལ་ཡོད།ཁོང་རྣམ་གཉིས་མཇལ་འཕྲད་ཐེངས་མ་གཉིས་པ་བྱུང་བའི་དུས་ནི་ཆུ་གླང་ལོའི(༡༧༣༣)ཧོར་ཟླ༡༠པའི་ནང་ཡིན་པ་རེད། སྐབས་དེར་སངས་གླིང་མཆོག་ཤར་རྒྱལ་མོ་རོང་ནས་འགྲོ་དོན་རེ་ཞིག་གྲུབ་སྟེ་ཡར་གྱིམ་ཤོད་ཁྱུང་ཡུལ་དུ་འབྱོན་པའི་སྐབས་ཡིན། དེ་སྐབས་སུ་རྒྱལ་བ་མཆོག་སྔར་བཞིན་མདོ་སྨད་མགར་ཐར་དུ་བཞུགས་ཡོད། འདིའི་སྐོར«རྒྱལ་བ་བསྐལ་བཟང་རྒྱ་མཚོའི་རྣམ་ཐར»ནང་འཁོད་འདུག་སྟེ། “དར་མདོ་ནམ་མཁའ་ཚེ་རིང་གི་མི་ངོ་། འཕྲལ་བདེ་བ་བསྟན་འཛིན་ཆོས་འཕེལ། རྒྱལ་ཐང་རྫོང་སྡོད་ཀྱི་ངོ་ཚབ། གངས་དཀར་གླིང་བླ་མ། མདོ་སྒར་དཔོན་བློ་བཟང་བཀྲ་ཤིས། ཏྲེ་བོ་ཕུ་ཡུ་དཔོན་མགོན་པོ་ཚེ་རིང་། ཚ་བ་སྤྲུལ་སྐུ་བྱང་ཆུབ་རྡོ་རྗེ་སོགས་ནས་ཀྱང་ཟང་ཟིང་གི་འབུལ་བ་བསྟར་ཏེ་མཇལ་ཁ་ཞུས།”[16]ཞེས་སངས་གླིང་མཆོག་གིས་འབུལ་བ་བསྟར་ཏེ་མཇལ་ཁ་ཞུས་པ་གསལ་ཡོད། «སངས་རྒྱས་གླིང་པའི་རྣམ་ཐར»ནང་དུ“ཕུལ་བྱ་ཐམས་ཅད་བསྒྲིགས་ནས་ཕྲེང་ལྟར་འགྲིགས། སྤྲུལ་སྐུ་བདག་གིས་བཀྲ་ཤིས་མཇལ་དར་དང་། ཞབས་བརྟན་གསོལ་འདེབས་བདེན་ཚིག་སྨོན་ལམ་དང་། རྟེན་གསུམ་ཕུལ་བྱ་བསྣམས་ནས་ཕེབས་པའི་ཚེ། མདུན་གྲལ་ཁྲི་གདན་མ་འགྲིགས་ཡུན་འགོར་ཚེ། བྱིའུ་ཆུང་ལུང་བསྟན་ངོ་མཚར་བྱུང་བ་ཡོད། དེ་ནས་ནང་དུ་སྤྱན་དྲངས་སྐུ་ཞབས་མཇལ།”[17]ཞེས་དེབ་དེར་ཁོང་གིས་རྒྱལ་བ་མཆོག་མཇལ་བའི་གནས་ཚུལ་རྒྱས་པ་ཞིག་བཀོད་ཡོད། ཐེངས་འདིའི་མཇལ་འཕྲད་སྐབས་སུ་ཡར་ལ་ཞུ་འབུལ་དང་མར་ལ་གནང་སྦྱིན་སོགས་རྟེན་འབྲེལ་ལེགས་པོ་བྱུང་འདུག དེར་བརྟེན། ཤིང་ཡོས(༡༧༣༥)ལོར་སུམ་གླང་གྱིམ་ཤོད་དམ་དེང་གི་ཆབ་མདོ་ཁྱུང་པོ་སྟེང་ཆེན་རྩེ་དྲུག་དགོན་དུ་གདུང་རབས་ལྷ་ཁང་གསར་བཞེངས་མཛད་སྐབས་ཕྱག་མཛོད་གཡུང་དྲུང་འོད་ཟེར་དབུས་ལ་ལྷ་ཁང་བཞེངས་ཆོག་པའི་ཞུ་ཡིག་འབུལ་དུ་མངགས་རྗེས། རྒྱལ་བ་བསྐལ་བཟང་རྒྱ་མཚོ་དང་སྲིད་སྐྱོང་མི་དབང་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱལ་བཅས་ཀྱིས་ལྷ་ཁང་བཞེངས་ཆོག་པའི་བཀའ་ཤོག་གནང་བ[18]རེད།
ལྔ་པ། ཁོང་དང་འབྲེལ་བ་ཡོད་པའི་བླ་དཔོན་མི་དྲག་ཁག་ཅིག་གི་མཚན་ཐོ།
༡ བོད་སྡེ་པ་གཞུང་དང་འབྲེལ་བའི་མི་སྣ། རྒྱལ་བ་བསྐལ་བཟང་རྒྱ་མཚོ། རྗེ་དྲུང་བཞད་པའི་རྡོ་རྗེ། རྒྱུད་པ་མཁན་པོ། ཚ་རོང་གི་སྡེ་པའི་སྐུ་ཚབ་དབང་ཕྱུག་རབ་བརྟན། དོན་འགྲུབ་རྒྱ་མཚོ། ༢ ཁྱུང་པོ་སྟེང་ཆེན་ཕྱོགས་ཀྱི་དཔོན་པོ། རྩེ་དྲུག་དགོན་གྱི་བྱང་ཤར་དུ་ཡོད་པའི་དཀར་སྨད་དཔོན། དེང་གི་ཞེ་གཞུང་ཤང་གི་ཁོངས་གཏོགས་ཡིན་པའི་ཝ་རྫོང་དུ་གནས་པའི་ཁྱུང་ནག་དཔོན། དེང་གི་སྟེང་ཆེན་རྫོང་དང་ཉེ་སར་གནས་པའི་དཀར་རུ་དཔོན། སྟེང་ཆེན་སེར་ཚ་ཤང་གི་འགྲམ་དུ་ཆགས་པའི་བྱ་ཟེ་ཁྱུང་སེར་དཔོན་སོགས་སྐབས་དེའི་ཁྱུང་ཡུལ་གྱི་སྡེ་དཔོན་ཁག་དང་མཆོད་ཡོན་གྱི་འབྲེལ་བ་བྱུང་ཡོད། ཁྱུང་པོའི་ཕྱོགས་ཀྱི་བླ་མ། ཉི་མ་གྲགས་པ། ཟླ་བ་གྲགས་པ། རྩེ་དྲུག་ལ་བཞུགས་པའི་མཚམས་པ་གཡུང་དྲུང་རྒྱལ་མཚན། དཔལ་གྱི་སྟེང་ཆེན་འཕར་ཆེན་བླ་མ། ཀ་ལེགས་དགོན་གྱི་བླ་མ་ཚུལ་ཁྲིམས་རྒྱལ་མཚན། གཡུ་ཁྲ་ལྷ་སྟེང་མི་ཤིག་སྐུ་སྲས་ནམ་མཁའ་དྲག་པ། ཞུ་ཚང་གཡུང་དྲུང་བསྟན་འཛིན་གཙུག་ཕུད། ག་ཤེལ་བླ་མ་རྣམ་རྒྱལ་གྲགས་པ་དང་ནམ་མཁའ་གྲགས་པ་གཉིས། ཁྲ་སྤྲུལ་ཚེ་གཡུང་སོགས་མང་ངོ་། །སྟག་ཤོད་པད་མ་མཚོ། ༣ཀོང་པོ་ཕྱོགས་ནས་སྟག་བྲོ་དགའ་ཚལ་ནས་ཨ་མདོ་ཚེ་དབང་ལྷུན་འགྲུབ། ཉི་ཁྲི་གྲོང་གི་མཁའ་འགྲོ་བདེ་ཆེན་དཔལ་འདྲེན། སྟག་བྲོ་སྐུ་མདུན་གཡུང་དྲུང་གཙུག་ཕུད། དེ་མོ་དབོན་པོ་ཡབ་སྲས་སོགས། སྨན་མོ་སྐལ་ལྡན་བཟང་པོ། ༤ ལྷོ་ཚ་བ་རོང་ནས་མདངས་དར་ཉི་མ་གླིང་གི་གཙུག་ཕུད་ཚུལ་ཁྲིམས། ཡིག་སློབ་དགེ་རྒན་ཤེས་རབ་འོད་ཟེར། གྲུབ་ཐོབ་པད་མ་རྒྱ་མཚོ། ཨ་འཚོག་ནམ་མཁའ་ཡེ་ཤེས། སྐུ་སྲུང་སློབ་དཔོན་གཡུང་དྲུང་ཡེ་ཤེས། ༥ རྒྱལ་མོ་རོང་གི་ཕྱོགས་ནས་དགེ་བཤེས་རྒྱལ་པོ་བསྟན་འཛིན་ནོར་བུ། དེ་ཚང་གི་བཙུན་པ་བློ་ལྡན་སྙིང་པོ། ཡེ་ཤེས་སྙིང་པོ(གསང་སྔགས་གྲགས་པ།)པ་ཝང་རྒྱལ་པོ་བསྟན་འཛིན་རྡོ་རྗེ། ཀེ་གནོང་རྒྱལ་པོ། རབ་བརྟན་རྒྱལ་པོ། རབ་བརྟན་སློབ་དཔོན། ཁྲོ་སྐྱབས་རྒྱལ་པོ་བསོད་ནམས་ནོར་བུ། ཁྲོ་སྐྱབས་རྒྱལ་པོའི་ནང་སོ་བསྟན་འཛིན་ཨོ་རྒྱན་རྣམ་རྒྱལ། མཁའ་འགྲོ་ཀརྨ་སྤོས་ཅན། ཚ་ཀོ་རྒྱལ་པོ། གླིང་དགུ་རྒྱལ་པོ་སོགས་ཡོད། ༦ གཞན་ཡང་གཤེན་ཁྱི་ལོ་བ་གཡུང་དྲུང་བསྟན་པའི་རྒྱལ་མཚན། སྨོན་རྒྱལ་ནམ་མཁའ་ཡེ་ཤེས(ཀུན་གྲོལ་གྲགས་པ།) ཌྷན་མ་གཡུང་དྲུང་རྣམ་རྒྱལ། ཞུ་གཡས་སྤྲུལ་སྐུ་ག་གྷ་རདྣ། ཁྲོམ་ཚང་སྤྲུལ་སྐུ་དྲུང་མུ་སུ་ན། ཉག་སྒོམ་རདྣ་ཀེ་རུ། ཝ་ཤོད་གཡུང་དྲུང་རྣམ་རྒྱལ། མི་ཉག་རབ་སྒང་གཡུང་དྲུང་རྒྱལ་མཚན་སོགས་ཁོང་དང་འབྲེལ་ཡོད་ཀྱི་བླ་དཔོན་མི་དྲག་ཧ་ཅང་མང་ཞིང་འདིར་ཕྱོགས་ཙམ་བཀོད་པ་ལགས་སོ། །
དྲུག་པ། སངས་རྒྱས་གླིང་པའི་ལྟ་བ་བརྗོད་པ།
གཅིག རྫོགས་ཆེན་གྱི་ལྟ་སྒོམ་ཉམས་སུ་བླངས་པ། གཏེར་སྟོན་སངས་རྒྱས་གླིང་པ་མཆོག་གི་རྣམ་ཐར་ལ་ཞིབ་མཇལ་ཞུས་ན། ཁོང་གི་མཛད་པ་གཙོ་བོ་གཉིས་མཐོང་ཐུབ། དེ་ནི་རང་དོན་དུ་སྒོམ་སྒྲུབ་ཉམས་ལེན་གནང་རྒྱུ་དང་གཞན་དོན་དུ་གནས་སྒོ་འབྱེད་རྒྱུ། གཏེར་འདོན་རྒྱུ། ས་གནད་བཅོས་རྒྱུ། བསྟན་འགྲོའི་སྐུ་རིམ་དང་ཞབས་བརྟན་བསྒྲུབ་རྒྱུ་དེ་རེད། ཁོང་སྐུ་ཚེ་རིང་པོ་དེ་འདྲ་མ་བཞུགས་ཀྱང་སྐུ་འཚོ་བའི་སྐབས་སུ་དཀའ་སྤྱད་དང་འབད་པ་ཆེན་པོས་སྒོམ་སྒྲུབ་ཉམས་ལེན་གནང་ཡོད། ཁོང་གིས་ཉིན་མོར་བྱ་གཞག་ཅི་ཞིག་ལ་གཞོལ་ནའང་མཚན་མོར་ཉམས་ལེན་གནང་རྒྱུ་མཚམས་འཇོག་གནང་གི་མེད། དེ་ནི་སྔོན་བྱོན་གྱི་གྲུབ་ཐོབ་དམ་པ་རྣམས་ལ་མངའ་བའི་ཉམས་ལེན་གནང་སྟངས་དམིགས་བསལ་བ་ཞིག་རེད། ཁོ་པ་ཚོས་མཚན་མོར་ཉལ་བའི་དུས་ཡུན་ཐུང་དུ་གཏོང་སྟེ་ཉམས་ལེན་གནང་གིན་ཡོད། ཉམས་ལེན་དེའི་ཚད་གཞི་གང་མཚམས་སླེབས་རྗེས་གཉིད་འོད་གསལ་ལ་སྲེ་ཞེས་མཚན་ཧྲིལ་པོར་ཉམས་ལེན་རྒྱུན་སྐྱོང་ཐུབ་པ་དེ་འདྲ་ཆགས་ཀྱིན་ཡོད། ཁོང་རྣམས་ཀྱི་རྣམ་ཐར་ལ་མཇལ་དུས་ང་ཚོའི་བློ་ཡུལ་ལས་འགོངས་བའི་མཛད་པ་དང་ཤེས་རབ་ཀྱི་སྟོབས་ཤིག་མཐོང་ཐུབ་ཀྱིན་ཡོད། དཔེར་ན། རྩོམ་རིག་ལ་ཆེད་དུ་སྦྱོང་བ་བྱེད་མ་མྱོང་ན་ཡང་སྡེབ་སྦྱོར་དང་སྒྱུ་རྩལ་གྱི་མཛེས་པ་མངའ་བའི་མགུར་གླུ་མང་པོ་ཞིག་བརྩམས་ཐུབ་པ་ལྟ་བུ་རེད། དེ་ནི་ཁོང་རྣམས་ཀྱིས་དཀའ་སྤྱད་ཆེན་པོས་གནས་ལུགས་ལ་ཉམས་ལེན་གནང་བའི་འབྲས་བུ་ཞིག་ཀྱང་ཡིན་པ་བཤད་སྲོལ་ཡོད། ང་རང་ལོ་ན་བཅུ་བདུན་ལ་སོན་སྐབས་རྩ་བའི་བླ་མ་གྲུབ་ཆེན་ནམ་མཁའ་རྒྱལ་མཚན[19]མཆོག་དང་ལྷན་དུ་ཉིན་ཤས་འགྲོ་མྱོང་ཞིང་། ཁོང་ནི་མཚན་མོར་མི་གཟིམ་པར་ཉམས་ལེན་གནང་སྟེ་བཞུགས་མཁན་ཞིག་རེད། མཚན་མོར་ཆུ་ཚོད་གཅིག་གཉིས་མཚམས་ནས་གསོལ་འདེབས་ཤིག་གསུངས་གནང་གི་རེད། སངས་རྒྱས་གླིང་པའི་རྣམ་ཐར་ནང་གི་ཁོང་གིས་ཉམས་ལེན་གནང་ཚུལ་མཇལ་དུས་ངས་རང་དབང་མེད་པར་རང་གི་རྩ་བའི་བླ་མ་གྲུབ་ཆེན་རིན་པོ་ཆེ་དྲན་ཡོང་། སངས་རྒྱས་གླིང་པ་མཆོག་གི་མགུར་གླུ་དང་རྣམ་ཐར་ལ་དཔྱད་ན། ཁོང་གི་ཉམས་ལེན་གནང་རྒྱུ་གཙོ་བོ་ནི་རྫོགས་པ་ཆེན་པོའི་ལྟ་བ་ཡིན་པ་རྟོགས་ཐུབ། དེས་ན་ཁོང་གི་མི་ཚེའི་ཁྲོད་ཀྱི་དུས་ཚོད་མང་པོ་ཞིག་སྒོམ་སྒྲུབ་ཉམས་ལེན་ཐད་ལ་བཏོན་ཡོད་པ་ཤེས་ཐུབ།
གཉིས། བོན་ཆོས་རིས་མེད་ཀྱི་ལྟ་སྤྱོད་ལག་ལེན་བསྟར་བ།
ཁོང་ནི་དུས་རབས་བཅོ་བརྒྱད་པའི་གཡས་གཡོན་དུ་བོད་ཡུལ་ཁམས་ཁུལ་དུ་འཁྲུངས་པའི་གཏེར་སྟོན་ཞིག་ཡིན་ལ། དུས་དེ་ནི་ཁམས་ཕྱོགས་སུ་གཏེར་སྟོན་མང་པོ་ཞིག་བྱུང་བའི་བར་སྐབས་ཤིག་ཡིན་པས་བན་བོན་གཉིས་ཀར་གཏེར་སྟོན་མང་པོ་ཞིག་བྱོན་པ་རེད། སྐབས་དེའི་གཏེར་སྟོན་མང་པོ་ཞིག་ལ་ཐུན་མོང་གི་ཁྱད་ཆོས་ཤིག་ཡོད་པ་ནི་བོན་ཆོས་རིས་མེད་ཀྱི་ལྟ་གྲུབ་ཉམས་ལེན་གནང་བ་དེ་རེད། དེ་དག་ནང་ནས་གཏེར་སྟོན་སངས་རྒྱས་གླིང་པ་མཆོག་ནི་རང་གིས་བོན་ཆོས་རིས་མེད་ཀྱི་ལྟ་གྲུབ་ཉམས་ལེན་གནང་བ་ཙམ་མ་ཟད། དེའི་འཕེལ་རྒྱས་ཐད་ལ་ནུས་ཤུགས་བླ་མེད་བཏོན་པའི་སྐྱེས་བུ་ཞིག་ཆགས་ཡོད། ཁོང་གིས་ཐད་ཀར་སློབ་མ་རིག་འཛིན་ཀུན་གྲོལ་གྲགས་པས(1700-?)བོན་ཆོས་རིས་མེད་ཀྱི་ལྟ་བ་སྐྱོང་རྒྱུའི་ཐད་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་དང་། དེའི་རྗེས་སུ་བྱོན་པའི་གཏེར་སྟོན་བདེ་ཆེན་གླིང་པ(1833-1892)དང་གསང་སྔགས་གླིང་པ(1864ལོར་འཁྲུངས)སོགས་ལ་ཤུགས་རྐྱེན་ཐེབས་ཡོད། ཁྱུང་ཡུལ་དུ་དུས་རབས་བཅུ་དགུ་པའི་ནང་བྱོན་པའི་བླ་མ་གྲགས་ཅན་མང་པོར་ཁོང་གི་ལྟ་གྲུབ་ཀྱིས་ཤུགས་རྐྱེན་ཐེབས་ཡོད། དཔེར་ན། མེ་ཉག་གི་གདུང་ལས་འཁྲུངས་པའི་སྲིད་པའི་དཀའ་ཐུབ་པ་གྲུབ་དབང་ཉི་མ་རྒྱལ་མཚན(1816-1897)མཆོག་དང་དེའི་སློབ་མ་གྲུབ་དབང་སྨོན་ལམ་རྒྱལ་མཚན(1842-1917)། ཁོང་རྣམ་གཉིས་ཀྱི་སློབ་མར་གྱུར་པ་ཁྱུང་པོ་གྲུབ་ཆེན་བཟོད་པ་རྒྱལ་མཚན(1866-1945)། དེ་དག་གི་སློབ་རྒྱུད་དུ་གཏོགས་པའི་བླ་མ་མང་པོར་ཤུགས་རྐྱེན་ཐེབས་ཡོད། གཏེར་སྟོན་སངས་རྒྱས་གླིང་པ་དང་ཀུན་གྲོལ་གྲགས་པ་དགེ་སློབ་གཉིས་ཀྱིས་སུམ་པ་གླང་གི་གྱིམ་ཤོད་དམ་དེང་གི་ཆབ་མདོ་ཁྱུང་པོ་སྟེང་ཆེན་ཁུལ་དང་ནུབ་ཀོང་པོ་རོང་ངམ་དེང་གི་བརྒྱད་གཅིག་ཉིང་ཁྲིའི་ཡུལ་ཕྱོགས། མདོ་ཁམས་སྨད་ཕྱོགས་རྒྱལ་རོང་གི་ཡུལ་ཁམས་མང་པོ། དེ་བཞིན་འབྲི་ཆུ་རྒྱུད་ཀྱི་ཡུལ་ཁམས་རྣམས་ལ་བོན་ཆོས་རིས་མེད་ཀྱི་ལྟ་བ་དར་སྤེལ་བཏང་ཡོད། སངས་རྒྱས་གླིང་པ་མཆོག་གིས་ཁོང་ཕེབས་སའི་ཡུལ་མི་རྣམས་ལ་མ་ཏྲི་དང་བཛྲ་མཉམ་དུ་འདོན་བཅུག་ཡོད་པ་རེད་ལ། ཁོང་གིས་བོན་ཆོས་རིས་མེད་ཀྱི་བླ་མ་རྣམས་ལ་མཇལ་འཕྲད་དང་ཆོས་འབྲེལ་བཙུགས་གནང་ཡོད།
ཁོང་གིས་བོན་ཆོས་རིས་མེད་ཀྱི་ལྟ་གྲུབ་འཛིན་སྐྱོང་བྱེད་པའི་ཀུན་སློང་གང་ཡིན་ནམ་ཞེ་ན། དེ་སྔོན་ཁོང་གི་སྐྱེས་རབས་ཉི་ཤུ་བྱུང[20]ཡོད་པ་དང་དེ་དག་གིས་བོན་ཆོས་རིས་མེད་གནང་བས་ཡིན་པ་གསལ་ཏེ། «སངས་རྒྱས་གླིང་པའི་རྣམ་ཐར»ལས“བདག་ཉིད་གང་དུ་སྐྱེས་ཀྱང་འགྲོ་བའི་དོན། ཆོས་བོན་ཟུང་འབྲེལ་བསྟན་འགྲོ་ཡི་དོན་མ་གཏོགས། ལོག་པའི་ཕྱོགས་སུ་སྐད་ཅིག་འགྲོ་མ་ཡིན།”[21]ཞེས་གསུངས་ཡོད་པས་རགས་ཙམ་ཤེས་ཐུབ། དེ་བཞིན་ཁོང་ནི་ལོ་ཆེན་བཻ་རོ་ཙཱ་ན་དང་རུས་རྒྱུད་གཅིག་ཏུ་གཏོགས་པ་[22]དང་ལོ་ཆེན་གྱི་ཡང་སྲིད་ཡིན་པ་ལ་འབྲེལ་བ་ཆེན་པོ་ཡོད་པ་རེད། ལོ་ཆེན་བཻ་རོ་ཙ་ན་མཆོག་གིས་དུས་རབས་བརྒྱད་པའི་ནང་འགལ་རྐྱེན་མང་པོ་ཞིག་བརྒྱུད་དེ་བོན་ཆོས་རིས་མེད་ཀྱི་ལྟ་གྲུབ་ལ་ཉམས་ལེན་མཐའ་འཁྱོངས་གནང་བ་རེད། ལོ་ཆེན་མཆོག་གི་མཛད་པ་ཀུན་གྱིས་སངས་རྒྱས་གླིང་པའི་མི་ཚེར་ཤུགས་རྐྱེན་ཐེབས་ཡོད། དཔེར་ན། བོན་ཆོས་རིས་མེད་ལྟ་བ། རོང་ཆེན་བཞི་རུ་འགྲོ་དོན་བྱོན་པ[23]། རྒྱ་ནག་གླང་ཆེན་འགྱིང་རིར་ཕེབས་ཤིང་ཝང་ནི་སི་(万年寺)དགོན་པར་མཆོད་རྟེན་དང་ལྷ་སྐུ་བཞེངས་པ[24]ལྟ་བུ་རེད། ཁོང་གིས་བོན་ཆོས་རིས་མེད་ལྟ་གྲུབ་ཉམས་སུ་བླངས་པས་སྐབས་དེའི་སྤྱི་ཚོགས་དང་ཁོར་ཡུག་ནང་བོན་བསྟན་དར་སྤེལ་ཐད་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་རེད་ལ། བོན་ཆོས་རིས་ཀྱི་ལྟ་གྲུབ་དར་སྤེལ་གནང་བས་སྐབས་དེའི་བོན་གྱི་བླ་མ་དང་བོན་ལ་དད་པའི་དཔོན་པོ་འགའ་ཞིག་གི་ཐུགས་ལ་བབ་མེད་པ་དང་ཁོང་གིས་བོན་ཆོས་རིས་མེད་ཀྱི་ལྟ་བ་དར་སྤེལ་གནང་བར་དཀའ་ཁག་ཀྱང་རབ་དང་རིམ་པ་ཞིག་འཕྲད་འདུག
གསུམ། རབ་བྱུང་གི་རྟེན་ལ་མཐོང་ཆེན་གནང་བ།
ཁོང་དགུང་ལོ་བཅོ་བརྒྱད་ཐོག་རབ་བྱུང་གི་སྡོམ་ཁྲིམས་བཞེས་པ་རེད། སྐབས་དེར་ཁོང་གིས་བར་ཆད་ཅིག་ལ་གཡོལ་ཆེད་རབ་བྱུང་གི་སྡོམ་པ་ཞུས་པ་གསལ་མོད། དེའི་རྗེས་སུ་ཡང་ཁོང་གིས་མུ་མཐུད་དེ་རབ་བྱུང་གི་རྟེན་གནང་བ་ལས་མཁའ་འགྲོ་བཞེས་མཛད་མེད། ཁོང་གིས་མཁའ་འགྲོ་མ་བཞེས་པས་འགྲོ་དོན་མཐའ་འཁྱོལ་མ་བྱུང་བ་དང་མཐར་དགུང་ལོ་སོ་གཅིག(༡༧༣༥)ཐོག་སྐུ་གཤེགས་སོང་བ་ཡང་དེའི་རྐྱེན་གྱིས་ཡིན་པ་བཤད་ཡོད[25]། ཁོང་གཏེར་སྟོན་ཆེན་པོ་ཞིག་ཡིན་ལ་གཏེར་སྟོན་ལ་མེད་ཐབས་མེད་པ་ཞིག་ནི་གཏེར་གྲོགས[26]ཞེས་པའི་བུད་མེད་ཅིག་དགོས་པ་བན་བོན་གྱི་གཏེར་སྟོན་མང་པོའི་རྣམ་ཐར་དུ་གསལ་ཡོད། ཁོང་ལ་རིག་འཛིན་དང་མཁའ་འགྲོ་ཚོས་ལས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་བསྟན་འགྲོའི་དོན་བསྒྲུབ་དགོས་པའི་ལུང་བསྟན་མང་དུ་བྱུང་ཡང་ལས་ཀྱི་ཕྱག་རྒྱ་མ་བཞེས་པར་རབ་བྱུང་གི་རྟེན་མཐའ་འཁྱོལ་གནང་བ་རེད། འདི་ནི་ཁོང་གིས་འདུལ་བའི་བསྟན་པ་དང་རབ་བྱུང་གི་རྟེན་ལ་མཐོང་ཆེན་གནང་སྟངས་དམིགས་བསལ་བ་ཞིག་རེད། ཁོང་གཏེར་སྟོན་ཞིག་ཡིན་པའི་ངོས་ནས་སྐབས་དེའི་བོད་ཀྱི་གཏེར་སྟོན་གཞན་དག་དང་འདྲ་བར་གཏེར་གྲོགས་ལྔ་དྲུག་ཙམ་བཞེས་ཀྱང་མི་ཆོག་རྒྱུ་མེད་ཀྱང་དེ་ལྟར་མ་གནང་བ་ནི་ཁོང་གི་མཛད་པ་རླབས་ཆེན་ཞིག་བརྩི་ཆོག་སྙམ། དེ་བཞིན་ཁོང་གིས་མི་གཞན་ལ་ཡང་རབ་བྱུང་བསྒྲུབ་དགོས་པའི་སྐུལ་མ་གནང་བ་རེད། དཔེར་ན། གཅུང་པོ་ཁྲི་པ་ལྟ་བུའོ། །ཁོང་གིས་རབ་བྱུང་བཞེས་པ་དང་ཁོང་གི་རྒྱལ་ཚབ་དག་གིས་ཀྱང་རབ་བྱུང་བསྒྲུབ་སྟེ་གདན་ས་སྐྱོང་དགོས་པའི་ལམ་སྲོལ་བཟང་པོ་ཞིག་བཏོད་གནང་བ་རེད། ཁོང་གིས་སྐབས་དེར་དགོན་པ་མང་པོ་ཞིག་གཙང་དགོན་བསྒྱུར་ཏེ་འདུལ་བ་དང་མཐུན་པའི་སྒྲིག་ལམ་གཏན་འབེབས་གནང་འདུག དགོན་པའི་སྒྲིག་ལམ་སྐོར་གྱི་གཏན་འབེབས་ཡིག་ཆ་ལའང་ཁོང་དགུང་ལོ་ཉེར་བརྒྱད(༡༧༣༣)སྐབས་མཛད་པའི«ཐེག་པའི་སྤྱི་གཞི་ཆེན་པོའི་བཅའ་ཡིག་བདུད་རྩི་ཟིལ་ཐིགས»དང་དགུང་ལོ་སུམ་ཅུ་སྐབས་མཛད་པའི«བྱེ་བྲག་སྒར་གྱི་བཅའ་ཡིག་ངེས་པའི་ཐིག་ཤིང་འགྱུར་མེད་གསེར་གྱི་དབང་རིས་ཅན»བཅས་ཡོད་ལ། ཆབ་མདོ་ལྷོ་རོང་རྫོང་གི་ཁོངས་གཏོགས་ཤིང་རོང་ཤང་སྦས་ཐོ་དགོན་གྱི་བཅའ་ཡིག«སྦས་དགོན་གཡུང་དྲུང་ལྷ་སྟེང་འདུས་སྡེ་འཕེལ་རྒྱལ་གླིང་གི་བཅའ་ཡིག་བསྟན་པའི་སྲོག་ཤིང་བཞུགས་པའི་དབུ་ཕྱོགས་ལེགས་སོ།»ཞེས་སངས་རྒྱས་གླིང་པ་མཆོག་གིས་མཛད་པ་ཞིག་ད་ལྟ་དགོན་དེར་བཞུགས་ཡོད་འདུག བཅའ་ཡིག་འདིའི་ཁ་བྱང་ལ་བལྟས་པ་ཙམ་གྱི་ཁོང་གིས་འདུལ་ཁྲིམས་ལ་བཅངས་པའི་ལྟ་བ་གསལ་པོར་མཚོན་ཡོད་དེ། བོན་གྱི་འདུལ་བའི་ཡིག་ཆ་ཁག་ནས“བསྟན་པའི་སྲོག་ཤིང་འདུལ་བ་ཡིན”ཞེས་གལ་པོ་ཆེ་ལ་ནན་ཏན་ཚུལ་དུ་ཡང་ནས་བསྐྱར་དུ་གསུངས་ཡོད་པ་བཞིན་ཁོང་གིས་ཀྱང་འདུལ་བ་ནི་བསྟན་པའི་སྲོག་ཤིང་ཡིན་པའི་ངོས་འཛིན་གནང་ཡོད་པ་ཤེས་ཐུབ་བོ། །
བདུན་པ། མཆན་འགྲེལ།
[1] མཁར་རྨེའུ་བསམ་གཏན། «མདའ་དང་འཕང»ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། སྤྱི་ལོ2011ལོར་དཔར་སྐྲུན་བྱས། སྨད་ཆ་ལས“དམུ་རྡོ་རིའི་སྐོར་བོན་གྱི་དཔེ་ཆ་གཏེར་མ་གཉིས་ནང་འཁོད་ཡོད། དཔེ་ཆ་དེ་གཉིས་ནི་གཏེར་སྟོན་སངས་རྒྱས་གླིང་པ་དང་ཁོང་གི་སློབ་མ་ཀུན་གྲོལ་གྲགས་པས་(1700ལོར་འཁྲུངས)གཏེར་ལས་བཞེས་པར་གྲགས། མི་སྣ་གྲགས་ཅན་དེ་གཉིས་ཀྱི་རྣམ་ཐར་ད་ལྟ་པར་སྐྲུན་བྱས་ཟིན། དེ་ཡང་རྣམ་ཐར་དེ་གཉིས་དང་ཐོག་ཁོ་བོའི་ལས་རོགས་རམ་བའོ་ཡིས་བོད་དུ་ཕྲ་མཐོང་པར་རྒྱག་བྱས་པ་དང་། དེ་རྗེས་བལ་པོའི་རྒྱལ་ས་ཀེ་ཏ་མན་དུར་དངོས་སུ་པར་འདེབས་བྱས་པ་རེད།”(380)ཞེས་འཁོད་ཡོད།[2] སངས་རྒྱས་གླིང་པ། «སངས་རྒྱས་གླིང་པའི་སྐྱེས་རབས་གཏེར་འབྱུང་ལོ་རྒྱུས་རྡོ་རྗེ་རིན་ཆེན་ཕྲེང་བའི་རྒྱན།» པོད་གཟུགས། བྲིས་མ། གླེགས་བམ་དང་པོ། “རུས་ནི་བ་གོར་ཡིན། གདུང་ནི་མཁས་པ་རྨེའུ་ལ་གཏོགས། མིང་ནི་འཕགས་བུ་བླ་མ་ཟེར།”(28)ཞེས་གསལ་ཡོད།
[3] དཔལ་ལྡན་ཚུལ་ཁྲིམས། «བསྟན་འབྱུང་སྐལ་བཟང་མགྲིན་རྒྱན» སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་དང་བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་། 2010ལོར་དཔར་སྐྲུན་བྱས། ཤོག་ངོས286གསལ།
[4] བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ། «བསྟན་འབྱུང་ཤེལ་གྱི་རྒྱང་མཐོང» ཤོག་ངོས། 414གསལ།
[5] སངས་རྒྱས་གླིང་པ། «སངས་རྒྱས་གླིང་པའི་སྐྱེས་རབས་གཏེར་འབྱུང་ལོ་རྒྱུས་རྡོ་རྗེ་རིན་ཆེན་ཕྲེང་བའི་རྒྱན།»པོད་གཟུགས། བྲིས་མ། གླེགས་བམ་དང་པོ། ཤོག་ངོས། 30གསལ།
[6]དམུ་དགེ་བསམ་གཏན་རྒྱ་མཚོ། «བོད་ཀྱི་ལོ་རྒྱུས་ཀུན་དགའི་མེ་ལོང» [M] མི་རིགས་དཔེ་སྐྲུན་ཁང་། 2017ལོར་བསྐྲུན། ཤོག་ངོས། 117གསལ།
[7] སངས་རྒྱས་གླིང་པ། «སངས་རྒྱས་གླིང་པའི་སྐྱེས་རབས་གཏེར་འབྱུང་ལོ་རྒྱུས་རྡོ་རྗེ་རིན་ཆེན་ཕྲེང་བའི་རྒྱན།» པོད་གཟུགས། བྲིས་མ། གླེགས་བམ་དང་པོ། ཤོག་ངོས30-32བར་གསལ།
[8] ཉི་མ་བསྟན་འཛིན། «དཔལ་གཤེན་བསྟན་སྨན་རིའི་མཁན་པོ་སྒོ་སྟོན་ཉི་མ་བསྟན་འཛིན་དབང་གི་རྒྱལ་པོའི་རྣམ་ཐར་ལེགས་བཤད་ཉི་མ་འབུམ་གྱི་འོད་ཅན་འགྲོ་ཀུན་བློ་མུན་སེལ་བའི་སྒྲོན་མེ་བཞུགས་སོ།།» ཀྲུང་གོ་ཤེས་རིག་དཔེ་སྐྲུན་ཁང་། 2020ལོར་དཔར་དུ་བསྐྲུན། ཤོག་ངོས222གསལ།
[9]བོན་ལུགས་གསང་སྔགས་ཀྱི་ཡི་དམ་གཙོ་བོའི་གྲས་ཏེ། སྐུ་དབལ་གསས། གསུང་ལྷ་རྒོད། ཐུགས་གཙོ་མཆོག ཡོན་ཏན་གེ་ཁོད། འཕྲིན་ལས་ཕུར་པ་བཅས་ཡིན།
[10] སངས་རྒྱས་གླིང་པ། «སངས་རྒྱས་གླིང་པའི་སྐྱེས་རབས་གཏེར་འབྱུང་ལོ་རྒྱུས་རྡོ་རྗེ་རིན་ཆེན་ཕྲེང་བའི་རྒྱན།»པོད་གཟུགས། བྲིས་མ། གླེགས་བམ་གཉིས་པ་ལས“སྐྱེས་མཆོག་སེམས་དཔའ་ཉི་ཤུ་རྩ་ལྔ་ལས། དབུའི་གདུག་ལྟར་འཁོར་བའི་གྲོགས་མཆོག་ནི། ཡང་དག་སྙིང་པོ་བསྟན་གཉིས་པད་མོ་བཞད། ཐུགས་རྗེ་ཆེན་པོའི་རྣམ་སྤྲུལ་མཁྱེན་པའི་དབང་། འཇམ་དཔལ་བྱིན་རླབས་ཆོས་ཀྱི་བཞད་པའི་རྩལ། དབུས་གཙང་རུ་བཞི་ལྷོ་ཡི་ཕྱོགས་སུ་འབྱུང་། ལུས་ཀྱི་ཡན་ལག་འདྲ་བའི་གྲོགས་མཆོག་ལྔ། གསང་འདུས་བྱིན་རླབས་ཏྲི་མ་མེད་པ་ཅན། སློབ་དཔོན་འཇམ་དཔལ་བྱིན་བརླབས་གར་དབང་རྡོ་རྗེ། བཱི་མ་བྷོ་ཏྲ་སྤྲུལ་པའི་སྙིང་པོ་འཆང་། ཚེ་དབང་རིག་འཛིན་གཡུང་དྲུང་བསྟན་པ་འཛིན། རྡོ་རྗེ་བདུད་འཇོམས་རིག་འཛིན་སྙིང་པོ་འབྱུང་། དབུས་གཙང་ཤར་ཤར་མ་ངེས་འབྱུང་བར་འགྱུར། སྐུ་ཡི་རྒྱན་ལྟར་འཁོར་བའི་གྲོགས་པོ་ནི། སྟོང་རྒྱུང་མཐུ་ཆེ་་ཉི་མའི་ཟེར་ལ་བཞད། སྟག་ལ་མེ་འབར་ཟླ་བའི་གུར་ལ་ཞོན། ཤེལ་བྲག་མདོ་གམ་གཉིས་ལ་འབྱུང་བར་འགྱུར། མངག་པའི་བྲན་དང་འདྲ་བའི་གྲོགས་མཆོག་ལྔ། ཨཏྱ་ས་ལེ་རྡོ་རྗེ་ཐོག་མེད་གསོར། ལྕེ་ཚ་མཁར་བུ་ཀུན་གྲོལ་གྲགས་པ་བསྒྲགས། ཤྲི་སེང་ཧ་གྲགས་པའི་རིན་ཆེན་ཐོབ། གཡུ་སྒྲ་སྙིང་པོ་པདྨའི་བློ་དང་ལྡན། བདུད་རྩི་སྙིང་པོ་བསྟན་པའི་གྲགས་པ་འཛིན། གུར་གྱི་ཆོན་ཕུར་འདྲ་བའི་གྲོགས་མཆོག་བཅུ། སྣང་བ་མཐའ་ཡས་དཀོན་མཆོག་གཙུག་ཏུ་མཛེས། ཧཱུཾ་ཆེ་་ཀ་ར་རྒྱལ་བ་བྱང་ཆུབ་ཐོབ། བདུད་རྩི་གྲུབ་པའི་ལྷུན་གྲུབ་ངོ་བོ་གནས།བདུད་རྩི་རྒྱལ་བའི་བདེ་བ་མཁའ་སྤྱོད་མངོན། དོན་ཡོད་གྲུབ་པའི་འཇིག་རྟེན་ཀུན་ཏུ་བཟང་། ཤྲྀ་ཨུ་ཆེན་དབང་གི་བྱ་བ་རྙེད། གྱིམ་ཚ་རྨ་ཆུང་གསང་སྔགས་གྲགས་པ་ཆེ། ཟ་རང་མེ་འབར་ཤེས་རབ་ཅི་མང་འཆར། ཧྲིས་པ་གྱེར་མེད་བློ་ལྡན་དྲི་མ་མེད། རྒྱལ་བ་བྱང་ཆུབ་དྲི་མེད་ལེགས་པ་མཛེས། དེ་རྣམས་རོང་བཞི་ཤོད་ཆེན་བཅོ་བརྒྱད་དང་། གོང་མའི་རྒྱུད་པ་མ་ངེས་སོ་སོར་འབྱུང་། སྐྱེས་མཆོག་ཁྱེད་ལ་ལྷག་པར་མོས་གུས་ཆེ། སེམས་དཔའ་ཉི་ཤུ་རྩ་ལྔ་ཡིན་གྱུར་ནི། ཁྱེད་ལ་མོས་ཤིང་རྗེས་སུ་འབྲང་བ་འབྱུང་།”(ཤོག་ངོས140-141)གསལ་ཡོད།
[11] གདུང་རྒྱུད་དྲུག་ནི་དམུ་རིགས་གཤེན་དང་རྒྱལ་རིགས་བྲུ། དབང་ལྡན་ཞུ། གྲུབ་ཐོབ་སྤ། མཁས་པ་རྨེའུ། ཁྱད་འཕགས་ཁྱུང་བཅས་ཡིན།
[12] གཙང་གཤེན་བཞད་པའི་བཤེས་གཉེན། «དམུ་གཤེན་གདུང་རབས་རྣམ་ཐར་ཕྱོགས་བསྒྲིགས» མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2014ལོར་པར་བསྐྲུན་བྱས། ཤོག་ངོས། 14གསལ།
[13] སངས་རྒྱས་གླིང་པ། «སངས་རྒྱས་གླིང་པའི་སྐྱེས་རབས་གཏེར་འབྱུང་ལོ་རྒྱུས་རྡོ་རྗེ་རིན་ཆེན་ཕྲེང་བའི་རྒྱན།»པོད་གཟུགས། བྲིས་མ། གླེགས་བམ་དང་པོ། ཤོག་ངོས། 614གསལ།
[14] ལྕང་སྐྱ་རོལ་པའི་རྡོ་རྗེ། «རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།»(དེབ9པ།) ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་། “(ལྕགས་ཕོ་ཁྱི་ལོའི)ཧོར་ཟླ་བརྒྱད་པའི་ཚེས་དྲུག་ལ”སོགས་ནས“འདི་སྐབས་ཟླ་བ་ཕྱེད་གསུམ་གྱི་རིང་སྐུ་མཚམས་དམ་པར་བཅད་དེ་ཐུགས་རྡོ་རྗེའི་ཏིང་ངེ་འཛིན་ལ་རྩེ་གཅིག་ཏུ་རོལ་བར་མཛད་ཅིང་། གསོལ་དཔོན་གྲགས་པ་མཐའ་ཡས་ཀྱིས་མཚམས་གཡོག་ཞུས།”ཞེས་ཤོག་གྲངས247-249བར་གསལ། སངས་རྒྱས་གླིང་པའི་རྣམ་ཐར་ལས་ཀྱང“ནང་འགར་ཐར་ཕྱོགས་སུ་ཉེ་བ་སླེབས་ཚེ་སྐུ་ཞབས་བཅད་རྒྱ་དམ་པོར་བཞུགས་ཚུལ་ཐོས་པ་དང”གླེགས་བམ་གསུམ་པ། ཤོག་ངོས། 376གསལ།
[15] མཁར་རྨེའུ་བསམ་གཏན། «མདའ་དང་འཕང»(སྨད་ཆ) ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་། 2010 པར་ཐེངས་གཉིས་པ་རྒྱབ། ཤོག་ངོས། 382གསལ།
[16] ལྕང་སྐྱ་རོལ་པའི་རྡོ་རྗེ། «རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།» (དེབ9པ།) ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་། ཤོག་ངོས། 262གསལ།
[17] སངས་རྒྱས་གླིང་པ། «སངས་རྒྱས་གླིང་པའི་སྐྱེས་རབས་གཏེར་འབྱུང་ལོ་རྒྱུས་རྡོ་རྗེ་རིན་ཆེན་ཕྲེང་བའི་རྒྱན།» པོད་གཟུགས། བྲིས་མ། གླེགས་བམ་གཉིས་པ། ཤོག་ངོས། 208གསལ།
[18] སངས་རྒྱས་གླིང་པ། «སངས་རྒྱས་གླིང་པའི་སྐྱེས་རབས་གཏེར་འབྱུང་ལོ་རྒྱུས་རྡོ་རྗེ་རིན་ཆེན་ཕྲེང་བའི་རྒྱན།» པོད་གཟུགས། བྲིས་མ། གླེགས་བམ་བཞི་པ་ལས“དེ་སྐབས་དབུས་ནས་ཕྱག་མཛོད་སླེབས་པ་ཡི། རྗེ་དྲུང་བཞེད་པའི་རྡོ་རྗེའི་ཞུ་ལེན། གོང་ས་སྐུ་ཞོག་རྩེ་ནས་བཀའ་ཤོག་དང་། མི་དབང་ཆེན་པོའི་བཀའ་ཞུ་ཤོག་རྟེན། གོས་ཆེན་དཀར་པོ་ལེགས་རིས་བརྒྱན་པ་ལེགས། རྒྱ་ཆིང་ཅན་བཅས་ལེགས་པས་ཐུགས་མཉེས་མཛད།”ཤོག་ངོས། 290 གསལ།
[19] ཁོང་ནི་སྤྱི་ལོ༡༩༥༥ལོར་ཁམས་ཁྱུང་ཡུལ་སྨད་ཀྱི་ཆར་རྩེ་དྲུག་དགོན་གྱི་ལྷ་སྡེ་ལྗང་ཤོད་འཁོར་ན་གྲོང་དུ་སྐུ་འཁྲུངས། རྩེ་དྲུག་དགོན་གནམ་མཐོང་ཟླ་བའི་རྩེ་རུ་ལོ་ཟླ་མང་པོར་དཀའ་སྤྱད་ཆེན་པོས་ཉམས་ལེན་རྩེ་གཅིག་ཏུ་གནང་། རྗེས་བོད་ཡུལ་སྟོད་སྨད་གང་སར་ཕེབས་ཤིང་བསྟན་འགྲོའི་དོན་མཛད་པས་གྲུབ་ཆེན་རིན་པོ་ཆེ་ཞེས་སྙན་པའི་གྲགས་པ་ཀུན་ལ་ཁྱབ་བོ།།
[20] ཁོང་གི་རྣམ་ཐར་དུ་གསལ་བ་ལྟར་ན། ༡ དོན་ལྡན་ཡེ་ཤེས་འབྱུང་གནས། ༢ ཁྲི་ཐོག་སྤར་ཙ། ༣ ཡིག་དྲུག་སྨྲ་བའི་དབང་པོ། ༤ སེམས་དཔའ་ཀློང་གསལ་དབང་ལྡན། ༥ གཡུང་དྲུང་བདུད་འདུལ་གར་དབང་། ༦ གསང་མཆོག་རིག་འཛིན་དགའ་རབ། ༧ གྲུབ་ཐོབ་པད་མ་བཛྲ། ༨ རྣལ་འབྱོར་རོལ་པའི་དབང་ཕྱུག ༩ བ་གོར་བཻ་རོ་ཙ་ན། ༡༠ རྣལ་འབྱོར་ཉི་མའི་རྒྱལ་པོ། ༡༡ ཁུ་ཚ་ཟླ་འོད། ༡༢ བཞེད་སྟོན་དངོས་གྲུབ་གྲགས་པ། ༡༣ གྲུབ་ཐོབ་གླིང་རྗེ་རས་པ། ༡༤ དཔོན་གསས་ཁྱུང་རྒོད་རྩལ། ༡༥ བྲུ་སྟོན་འདུལ་བ་རྒྱལ་མཚན། ༡༦ རིག་འཛིན་གཡུང་དྲུང་གླིང་པ། ༡༧ ཁོད་སྤུངས་བློ་གྲོས་ཐོགས་མེད། ༡༨ སྤྲུལ་སྐུ་བློ་ལྡན་སྙིང་པོ། ༡༩ ཁྱིམ་བདག་དགའ་དབང་ནོར་འཛིན། ༢༠ མི་ཤིག་རྡོ་རྗེ་བཅས་ཡིན།
[21] སངས་རྒྱས་གླིང་པ། «སངས་རྒྱས་གླིང་པའི་སྐྱེས་རབས་གཏེར་འབྱུང་ལོ་རྒྱུས་རྡོ་རྗེ་རིན་ཆེན་ཕྲེང་བའི་རྒྱན།» པོད་གཟུགས། བྲིས་མ། གླེགས་བམ་དང་པོ། ཤོག་ངོས། 27གསལ།
[22] སངས་རྒྱས་གླིང་པ། «སངས་རྒྱས་གླིང་པའི་སྐྱེས་རབས་གཏེར་འབྱུང་ལོ་རྒྱུས་རྡོ་རྗེ་རིན་ཆེན་ཕྲེང་བའི་རྒྱན།» པོད་གཟུགས། བྲིས་མ། གླེགས་བམ་དང་པོ། “རུས་ནི་བ་གོར་ཡིན། གདུང་ནི་མཁས་པ་རྨེའུ་ལ་གཏོགས། མིང་ནི་འཕགས་བུ་བླ་མ་ཟེར།”(28)ཞེས་གསལ་ཡོད།
[23] ལོ་ཆེན་བཻ་རོ་ཙ་ན་མཆོག་དང་ཐོག་ཀོང་པོ་རོང་དུ་བྱོན་པ་དང་དེ་མཚམས་ལྷོ་ཚ་བ་རོང་དུ་བྱོན་པ། དེའི་རྗེས་སུ་རྒྱལ་རོང་དུ་བྱོན་པ་སོགས་བོན་གྱི་གཏེར་སྟོན་ཁྱུང་པོ་བཀྲ་ཤིས་རྒྱལ་མཚན་གྱིས་ཁ་བ་དཀར་པོ་ནས་གཏེར་ཐོན་པའི་དཔེ་ཆ«དྲན་པའི་ཨ་དཀར་དགོངས་འདུས»ཞེས་པར་གསལ་ཡོད། དེའི་སྐོར་ཕྲན་གྱིས་དཔྱད་རྩོམ་གཞན་ཞིག་ཏུ་བྲིས་ཡོད།
[24] སངས་རྒྱས་གླིང་པ། «སངས་རྒྱས་གླིང་པའི་སྐྱེས་རབས་གཏེར་འབྱུང་ལོ་རྒྱུས་རྡོ་རྗེ་རིན་ཆེན་ཕྲེང་བའི་རྒྱན།» པོད་གཟུགས། བྲིས་མ། གླེགས་བམ་བཞི་པ། “གླང་པོ་རི་ཡི་དཀར་ཆག་ཞིབ་རྒྱས་དང་། ཝ་ནི་སི་ཡི་གཙུག་ལག་རྟེན་དྲུང་དུ། སྐུ་གཟུགས་བཞེངས་པའི་དཀར་ཆག་མཛད་པ་སོགས། གནས་ལ་སྒྲུབ་འབྲེལ་མཆོད་རྟེན་ལྷ་བཞེངས་སོགས། ལེགས་པར་གྲུབ་ནས་འཕྲལ་དུ་ཡང་ཆིབས་བསྒྱུར།”(146)ཞེས་གསལ་ཡོད།
[25] སངས་རྒྱས་གླིང་པ། «སངས་རྒྱས་གླིང་པའི་སྐྱེས་རབས་གཏེར་འབྱུང་ལོ་རྒྱུས་རྡོ་རྗེ་རིན་ཆེན་ཕྲེང་བའི་རྒྱན།» པོད་གཟུགས། བྲིས་མ། གླེགས་བམ་བཞི་པ་ལས། ཁོང་སྐུ་སྙུང་གིས་ཟིན་ནས་འདས་ཁར་ཞབས་འཁོར་དག་གིས་སྐུ་རིམ་ཞབས་བརྟན་གང་འདྲ་དགོས་ཚུལ་ཞུས་སྐབས་ཞལ་ནས་གསུངས་པ་ཁོང་ལ་ཕྱི་ནང་གསང་བ་ཡང་གསང་གི་དངོས་གྲུབ་བཞི་ཡོད་པ་ལས“ཡང་ཡང་གསང་བའི་རྟེན་འབྲེལ་དངོས་གྲུབ་ནི། མཁའ་འགྲོ་རྒྱ་མཚོ་འདི་ལ་ཐུག་འདུག་པས། ཞིང་ཁམས་རེ་ལ་མཁའ་འགྲོའི་གཙོ་མོ་ནི། ལྔ་ལྔའི་ཉི་ཤུ་རྩ་ལྔ་ལུང་ཡོད་པས། རྟེན་འབྲེལ་ལྷུན་གྲུབ་འགྲིགས་ན་སྐུ་ཚེ་དང་། ཕྲིན་ལས་མཐར་ཕྱིན་བདུན་ཅུ་རྩ་ལྔ་དང་། ཡོད་ཀྱང་གཞན་དག་རྟེན་འབྲེལ་འགྲུབ་ཕྲལ་ཙམ། ཡང་གསང་རྟེན་འབྲེལ་མ་འགྲིག་བཏང་སྙོམ་བཞག དེ་ཕྱིར་བར་ཆད་རང་རང་བཏང་པ་ཡིན།”(146)ཞེས་གསལ་ཡོད།
[26] འདི་ནི་གཏེར་སྟོན་པ་དག་གིས་གཏེར་གང་ཞིག་འདོན་སྐབས་གཏེར་དེ་འདོན་པའི་རོགས་པ་ལུང་ཟིན་གྱི་བུད་མེད་ཅིག་དགོས་པ་ཡིན། དེ་དང་མཉམ་དུ་གཏེར་འདོན་དགོས་པ་ཞིག་ཡིན་འདུག གལ་སྲིད་གཏེར་གྲོགས་དེ་མེད་ན་གཏེར་དེ་འདོན་མི་ཐུབ་པའི་གནས་ཚུལ་ཐོན་གྱི་ཡོད་པ་བཤད།
འབྲེལ་ཡོད་འོས་སྦྱོར།