མི་རིགས་ཀྱི་ཕུལ་བྱུང་རིག་གནས་རྒྱུན་འཛིན་ལ་བརྩེ་བ་འཆང་མཁན་ཞིག
རྩོམ་པ་པོ།:གུ་དྲག
ཡོང་ཁུངས།:འོད་འཛིན་རྩོམ་སྟེགས།
དུས་ཚོད།:2022-02-23
ཀློག་གྲངས།:
༄༅། །མི་རིགས་ཀྱི་ཕུལ་བྱུང་རིག་གནས་རྒྱུན་འཛིན་ལ་བརྩེ་བ་འཆང་མཁན་ཞིག་གི་འོད་སྟོང་འཕྲོ་བའི་མི་ཚེ་དང་རྩ་ཆེ་བའི་ཤུལ་བཞག་བསམ་བློ།
— མཁས་དབང་སྨོན་ལམ་རྒྱ་མཚོ་སྐུ་གཤེགས་ནས་ལོ་འཁོར་སུམ་ཅུ་འདས་པའི་རྗེས་དྲན།
རྩོམ་པ་པོ། གུ་དྲག སྒྱུར་བ་པོ། རྟ་མགྲིན་མགོན་པོ།
༡༩༩༠ལོའི་ཟླ༡ཚེས༨ཉིན། བོད་ཀྱི་མཁས་དབང་རྒན་སྨོན་ལམ་རྒྱ་མཚོ་མཆོག་ལ་སྙུང་གཞི་ལྗིད་མོ་ཞིག་ཕོག་པའི་གནས་ཚུལ་ཐོས། སྐབས་དེར་ངས་ཅོ་ནེ་རྫོང་གི་རྫོང་དཔོན་གཞོན་པའི་འགན་ཙམ་འཁུར་ཡོད་ལ། གནས་ཚུལ་དེ་ཐོས་འཕྲལ་ཆེད་དུ་ཅོ་ནེ་ནས་རྒན་ལགས་ལ་ལྟ་རུ་སོང་། ལམ་བར་དུ་སེམས་རྣལ་དུ་ཕབ་ནས་རྒན་ལགས་མགྱོགས་མྱུར་དུ་སངས་དྲག་ཡོང་བའི་སྨོན་འདུན་ཞུས་པ་དང་། རྒན་ལགས་ཀྱི་སྙུང་གཞི་དྲག་རྗེས་ཁོང་ཅོ་ནེ་རྫོང་དུ་གདན་དྲངས་ནས་རྫོང་ཡོངས་ཀྱི་དགེ་རྒན་གསབ་སྦྱོང་འཛིན་གྲྭར་བོད་ཡིག་སྐོར་གྱི་སློབ་ཁྲིད་གནང་དུ་བཅུག་ནས་མི་རིགས་ཀྱི་ཕུལ་བྱུང་རིག་གནས་རྒྱུད་འཛིན་དར་སྤེལ་དང་། མི་རིགས་ཀྱི་རིག་གནས་སློབ་གསོའི་ལས་དོན་ལ་མཛུབ་ཁྲིད་གནང་དུ་འཇུག་དགོས་པའི་སྐོར་ལ་བསམ་གཞིགས་བྱས། རླངས་འཁོར་ནས་མར་བབས་མ་ཐག་རྒན་ལགས་ད་ནངས་ཞོགས་པའི་དུས་སུ་སྐུ་གཤེགས་པའི་གནས་ཚུལ་དེ་ཐོག་མདའ་བཞིན་བདག་གི་ཐོས་འཛིན་བརྒྱུད་དེ་གློ་སྙིང་གི་འཚམས་སུ་ཕོག་ཅིང་། དུས་སྐད་ཅིག་མ་དེར་བདག་གི་ཡིད་སེམས་ཐོག་གིས་གཏོར་ཅིང་མིག་དབང་གློག་གིས་བཅོམ་པ་ལྟར་གྱུར། ང་རང་ཅི་བྱ་གཏོལ་མེད་དུ་གྱུར་དེ་དྲན་པ་རབ་རིབ་ཀྱིས་ཀན་ལྷོ་བོད་རིགས་འབྲིང་རིམ་སློབ་གྲྭར(དེ་སྔའི་ཀན་ལྷོ་མི་རིགས་སློབ་གྲྭ)སོང་ནས་རྒན་ལགས་ཀྱི་སྐུ་གདུང་མདུན་དུ་ཡུན་རིང་ལ་མྱ་ངན་ཞུས། ཨ་ཙི། བོད་ཀྱི་རིག་གནས་པ་གྲགས་ཅན་ཞིག ཡིག་གཟུགས་ཀྱི་མཁས་དབང་ཞིག སློབ་གསོའི་ལས་རིགས་ཀྱི་ཆེད་མཁས་གྲགས་ཅན་ཞིག་འདི་ལྟར་བྲེལ་འཚུབ་ངང་ང་ཚོ་དང་བྲལ་ནས་ཕེབས་སོང་ཨང་། ངའི་ཡིད་ཀྱི་གཏིང་རོལ་ན་གནས་བའི་སྐྱོ་གདུང་དང་འཛད་མཐའ་མེད་པའི་ཕྱིར་དྲན་ཡོད་ཚད་སྨྲ་བསམ་བརྗོད་འདས་ཀྱི་དྲན་ཤེས་ལས་མ་འདས།
༡༩༩༠ལོའི་ཟླ༡ཚེས༨ནི་སྐྱོ་གདུང་གིས་ཁེངས་ཤིང་བརྗེད་དཀའ་བའི་ཉིན་མོ་ཞིག་ཡིན། སྐད་ཅིག་ཙམ་གྱིས་མི་ལོ་སུམ་ཅུ་འདས་ནའང་ང་ཚོས་རྟག་ཏུ་རྒན་སྨོན་ལམ་རྒྱ་མཚོ་ལགས་ཀྱིས་ཐོག་མཐའ་བར་གསུམ་དུ་མི་རིགས་རིག་གནས་དང་སློབ་གསོའི་ལས་དོན་ལ་བཅངས་པའི་སྙིང་སྟོབས་དང་། འགྱུར་བ་མེད་པའི་བརྩེ་སེམས། ཡིད་དབང་འཕྲོག་པའི་མི་གཤིས་དང་བླ་ན་མེད་པའི་རྟོགས་པ་སོགས་ལ་ཕྱིར་དྲན་བྱེད་ཐེངས་རེར། མི་རྣམས་རང་དབང་མེད་པར་ཡར་རྒྱས་དང་གཞན་ཕན་གྱི་ཕྱོགས་སུ་འཁྲིད་བྱེད་ཀྱི་གཟུགས་མེད་སྟོབས་ཤུགས་ཤིག་ཏུ་གྱུར་ཡོད།
དང་པོ། བློ་རྩེ་གཅིག་སྒྲིམ་གྱིས་མི་རིགས་ཀྱི་ཕུལ་བྱུང་རིག་གནས་རྒྱུན་འཛིན་ལ་གཞོལ་བའི་འོད་སྟོང་འཕྲོ་བའི་མི་ཚེའི་ལེའུ།
བོད་ཀྱི་རིག་གནས་པ་གྲགས་ཅན་དང་། ཡིག་གཟུགས་མཁས་པའི་དབང་པོ། སློབ་གསོའི་ཆེད་མཁས་པ་གྲགས་ཅན་སོགས་སུ་བགྲང་འོས་པའི་རྒན་སྨོན་ལམ་རྒྱ་མཚོ་ནི། སྤྱི་ལོ༡༩༢༨ལོར་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་འབོ་ར་ཞང་ལོ་བུ་ཐང་སྡེ་བ་རུ་སྐུ་འཁྲུངས། ཆུང་དུས་ནས་ལྷན་སྐྱེས་ཀྱི་ཤེས་རབ་དང་བློ་གྲོས་ཀྱི་མཁྱེན་དཔྱོད་ཡངས་པ་མ་ཟད། སྔོན་བསགས་ཀྱི་ལས་འབྲེལ་ཟབ་མོས་དགུང་ལོ་བཅུ་གཅིག་ལ་སོན་སྐབས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཐོས་བསམ་གླིང་ནས་ཆོས་སྒོར་ཞུགས་ཤིང་སློབ་གཉེར་མཛད། ༡༩༤༢ལོར“རྒྱལ་བཙུགས་བླ་བྲང་གཞོན་སྐྱེས་བླ་སྤྲུལ་ལས་རིགས་སློབ་གྲྭར”ཞུགས་ནས་བགྲང་བྱ་དྲུག་གི་རིང་ལ་དེང་རབས་སློབ་གསོའི་བདུད་རྩི་ཅི་དགར་བཞེས།རྒན་སྨོན་ལམ་རྒྱ་མཚོ་མཆོག་གིས་སྔ་རྗེས་སུ་མཁས་དབང་དམུ་དགེ་བསམ་གཏན་རྒྱ་མཚོ་སོགས་ཀྱི་སྐུ་མདུན་དུ་ནང་བསྟན་རིག་གཞུང་བཀའ་པོད་ལྔ་གཙོ་བྱས་པའི་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་ཡིག་གཟུགས་སོགས་ལ་ལོ་མང་པོར་སློབ་གཉེར་མཛད། རིག་གནས་ཤེས་བྱ་དང་། ཡིག་གཟུགས་ཀྱི་གཞུང་ལུགས་སམ་སྒྱུ་རྩལ་གྱི་ལག་ལེན་ལ་བློ་རྩེ་གཅིག་སྒྲིམ་གྱིས་བརྩོན་ཞིབ་བྱས་ཤིང་། ཁོང་གི་ཐུན་མོང་མ་ཡིན་པའི་བློ་གྲོས་དང་དཀའ་སྤྱད་འབད་བརྩོན་གྱི་སྙིང་རུས་ལ་བརྟེན་ནས་ནང་བསྟན་རིག་པའི་གནས་ལ་ནང་བྱན་ཆུད་པ་མ་ཟད། ཡིག་གཟུགས་ལག་ལེན་གྱི་ཆུ་ཚད་མཐོ་པོར་སླེབས་པས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་སྐྱབས་རྗེ་ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་ལྔ་པ་དཔལ་བཟང་པོས་བསྔགས་བརྗོད་ཀྱི་མེ་ཏོག་ཡང་ཡང་འཐོར་ལ། སྤྱི་ལོ༡༩༤༨ལོར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དྲུང་ཆེའི་ལས་འགན་སྐྱོན་ནས་སྙན་གྲགས་ཕྱོགས་བཞིར་ཁྱབ།
ཀྲུང་གོ་གསར་པ་དབུ་བརྙེས་རྗེས་ཀྱི་སྤྱི་ལོ༡༩༥༣ལོར་ཁོང་ཉིད་རྒྱལ་ཁབ་ཀྱི་ལས་ཀར་ཞུགས་ཏེ་ཀྲུང་གོ་གསར་པའི་དངོས་གཞིའི་ལས་ཚན་དུ་གྱུར་ནས་སྲིད་གྲོས་བསང་ཆུ་རྫོང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་དྲུང་ཆེ་གཞོན་པའི་འགན་གཅིག་ལྕོགས་སུ་བཞེས་པ་དང་འབྲེལ། ཀན་ལྷོ་ཁུལ་དམངས་ཨུའི་དྲུང་ཡིག་ཁྲུའུ་ནས་ཕྱག་ལས་གནང་བ་རེད།
ཁོང་གིས་དམིགས་བསལ་གྱི་གྲལ་རིམ་དང་ལས་ཐོབ་ཀྱི་དབང་གིས་རིམ་བྱུང་ཆབ་སྲིད་ལས་འགུལ་ཁྲོད་དུ་དྲང་བདེན་མ་ཡིན་པའི་ལྟ་སྟངས་དང་མནར་གཅོད་སྣ་ཚོགས་མྱོང་དགོས་པ་བྱུང་ནའང་། ཁོང་གིས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་སྐུ་ཚེ་གང་པོའི་སེམས་ཤུགས་དང་བློ་གྲོས་ཡོད་ཚད་མི་རིགས་རིག་གནས་དང་སློབ་གསོའི་བྱ་གཞག་ལ་ལེགས་སྐྱེས་སུ་ཕུལ།
ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་དངོས་ཐོག་བདེན་འཚོལ་དང་ཟིང་བཅོས་ཡོ་བསྲང་རྒྱུན་འཁྱོངས་བྱས་ཏེ། “གྲལ་རིམ་འཐབ་རྩོད་གཙོ་བོར་འཛིན་པའི”ནོར་འཁྲུལ་གྱི་ལམ་ཕྱོགས་མཇུག་བསྒྲིལ་ཞིང་། དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་བཟུང་ནས་བསྒྱུར་བཅོས་སྒོ་འབྱེད་ལག་བསྟར་གྱི་དུས་སྐབས་གསར་བར་སླེབས། ཏང་དང་རྒྱལ་ཁབ་ཀྱིས་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་དོན་འཁྱོལ་བྱས་པ་དང་བསྟུན། རྒན་སྨོན་ལམ་རྒྱ་མཚོའི་སྙིང་སྟོབས་རྒྱ་ཆེར་འཕེལ་ཞིང་། མི་རིགས་རིག་གནས་དང་སློབ་གསོའི་བྱ་གཞག་ལ་གཞོལ་འདོད་ཀྱི་སེམས་ཤུགས་དང་སྤྲོ་སེམས་བླ་ལྷག་ཏུ་རྒྱས་པས། ༡༩༨༠ལོ་ནས་བཟུང་སློབ་གསོ་དང་སློབ་ཁྲིད་ཀྱི་ལས་ཀའི་འགན་དངོས་སུ་དང་ལེན་བྱས་ནས་དུས་རབས་དང་མི་རིགས་ཡར་རྒྱས་ལ་བྱས་རྗེས་ཆེན་པོ་བཞག་པ་རེད།
ཁོང་གིས་སྔ་རྗེས་སུ་ཀན་ལྷོ་མི་རིགས་སློབ་གྲྭའི་མཐོ་རིམ་འཆད་ཁྲིད་དགེ་རྒན་དང་། སྲིད་གྲོས་ཀན་སུའུ་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་རྒྱུན་ལས་ཨུ་ཡོན། ཀན་སུའུ་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན། སྲིད་གྲོས་ཀན་ལྷོ་བོད་རིགས་རང་སྐྱོངས་ཁུལ་གྱི་ཀྲུའུ་ཞི་གཞོན་པ། ཀན་ལྷོའི་མི་རིགས་སློབ་གྲྭའི(རྗེས་ཀྱི་ཀན་ལྷོའི་བོད་རིགས་འབྲིང་རིམ་ཆེད་གཉེར་སློབ་གྲྭ)སློབ་སྤྱི་གཞོན་པ་དང་མཚན་འཛིན་སློབ་སྤྱི་སོགས་དང་། དེ་མིན་ཁུལ་སློབ་གསོ་དང་ཡིག་སྒྱུར་ལས་རིགས་ལག་རྩལ་གོ་གནས་དཔྱད་ཞིབ་ཨུ་ཡོན་ལྷན་ཚོགས་ཀྱི་ཨུ་ཡོན་དང་། ཀན་སུའུ་ཞིང་ཆེན་སློབ་གསོ་ཐིན་འབྲིང་རིམ་ཆེད་ལས་ལག་རྩལ་གོ་གནས་དཔྱད་ཞིབ་ཨུ་ཡོན་ལྷན་ཚོགས་རིག་གནས་ཚན་ཁག་དཔྱད་བསྡུར་ཚོགས་ཆུང་གི་ཁོངས་མིའི་ལས་འགན་སོགས་བཞེས་པ་མ་ཟད། ཁོང་གི་རིག་གཞུང་ཆུ་ཚད་དང་ཀུན་སྤྱོད་རྩོམ་ཡིག་གི་མཚན་སྙན་ལ་བརྟེན་ནས་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་ཞིབ་འཇུག་པ་དང་དེ་སྔའི་གཙོས་མི་རིགས་དགེ་ཐོན་སློབ་གྲྭའི(ད་ལྟའི་ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་གི)དགེ་རྒན་ཆེན་མོ་བ་སོགས་ཀྱི་ལས་འགན་ཡང་གཅིག་ལྕོགས་སུ་བཞེས་ཡོད།
རྒན་སྨོན་ལམ་རྒྱ་མཚོས་སྐུ་ཚེ་ཧྲིལ་བོར་བློ་རྩེ་གཅིག་བསྒྲིམས་ཀྱིས་ཤེས་རིག་ཞིབ་འཇུག་དང་རྩོམ་འབྲིའི་ལས་ལ་གཞོལ་ཞིང་། བོད་རིགས་ཀྱི་རིག་གནས་དར་སྤེལ་དང་འཕེལ་རྒྱས་གཏོང་ཆེད་དཀའ་སྤྱད་འབད་བརྩོན་གྱི་རྒྱུན་ལྷོད་མ་མྱོང་ལ། རང་ཉིད་ཀྱི་བདེ་སྡུག་དང་ཤི་གསོན་ལ་འཛེམས་དོག་བྱས་མ་མྱོང་། ཁོང་གི་ཤ་རུས་རྐང་གསུམ་གྱི་བར་ན་རྒྱུ་བ་ནི་རྒན་རབས་ཤེས་ཡོན་པའི་བདེན་འཚོལ་དང་། ཧུར་བརྩོན། འཚོལ་སྙེགས། བློ་བརྟན་འགྱུར་མེད་བཅས་ཀྱི་ཕུལ་བྱུང་གི་གཤིས་རྒྱུད་ལྡན་པའི་ཟུངས་ཁྲག་དྲོན་མོ་དེ་ཡིན། ཁོང་གི་གསུང་ཚིག་རེ་རེ་དང་བརྩམས་ཆོས(སྤེལ་བ་དང་པར་སྐྲུན་བྱས་པ་ཉུང་ཤས་ཡིན)རེ་རེའི་ཚིག་ཟུར་དུ་གནས་པ་ནི་ལོ་རྒྱུས་དང་མི་རིགས་ལ་བཞག་པའི་ཕུན་སུམ་ཚོགས་པའི་ཤུལ་བཞག་གི་རིག་གནས་དང་བསམ་བློ་དེ་ཡིན་འདུག
རྒན་སྨོན་ལམ་རྒྱ་མཚོས་ཞུ་དག་གནང་པ་དང་རྩོམ་སྒྲིག་བྱས་པ། རྩོམ་འབྲི་གནང་མྱོང་བའི་ཕྱག་རྩོམ་ལ«ཨ་མདོའི་ཆོས་སྲིད་ལོ་རྒྱུས»དང«བོད་རྒྱ་ཚིག་མཛོད་ཆེན་མོ»། «བླ་བྲང་དགོན་པའི་ལོ་རྒྱུས»། «ཉེ་རབས་རིག་གནས་འཕེལ་རྒྱས་ཀྱི་ལྟེ་བ»། «བོད་ཡིག་གི་རྣམ་གཞག་མདོར་བསྡུས»། «བརྒྱུད་ལྡན་བོད་ཀྱི་ཡིག་གཟུགས་བློ་གསལ་སྤྱི་ནོར»སོགས་ཞིང་ཆེན་ཕྱི་ནང་དུ་སྐད་གྲགས་ཆེ་ལ། གཙོ་སྐྱོང་རྩོམ་སྒྲིག་གནང་བའི«འབྲིང་རིམ་ཆེད་གཉེར་སློབ་གྲྭའི་བོད་ཡིག་བསླབ་གཞི»ཞེས་པ་དེར་ཞིང་ཆེན་དང་ལྗོངས་ཞིང་ལྔའི་བོད་ཡིག་སློབ་དེབ་རྩོམ་སྒྲིག་ཞུ་དག་ཨུ་ཡོན་ལྷན་ཁང་གིས་ཞིབ་བཤེར་གཏན་འབེབས་བྱས་པ་བརྒྱུད། ལྗོངས་ཞིང་ལྔའི་འབྲིང་རིམ་ཆེད་གཉེར་བསླབ་གཞིར་དངོས་སུ་བེད་སྤྱོད་བཏང་། གྲུབ་འབྲས་ལ་ལར་བྱང་ཕྱོགས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་བཅོ་ལྔའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་དཔེ་དེབ་བྱ་དགའ་ཐོབ། ལ་ལར་རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་བོད་ཡིག་སློབ་དེབ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་གདེང་འཇོག་བཟང་པོ་ཐོབ་ཡོད། རྒན་སྨོན་ལམ་རྒྱ་མཚོས་བརྩམས་གནང་མཛད་པའི་རྩོམ་ཡིག་དག་ལ་བསམ་བློ་གཏིང་ཟབ་ཅིང་། བརྩེ་བའི་རྒྱུན་རིང་བ། གཏན་ཚིགས་ཚགས་དམ་པ། བརྗོད་བྱ་འབུར་དུ་ཐོན་ལ་རྗོད་བྱེད་གོ་སླ་བ། བཀླགས་ན་མི་ཚེ་ཧྲིལ་པོར་ཕན་པ་འབྱུང་བ་སོགས་ཀྱི་དགེ་མཚན་དུ་མ་འདུས་ཡོད།
ཁོང་ནི“མི་རིགས་སློབ་གསོའི་མཁས་ཅན”ཞིག་ཡིན་པའི་ཆ་ནས་རྒན་སྨོན་ལམ་རྒྱ་མཚོ་མཆོག་མི་རིགས་སློབ་གསོའི་བྱ་གཞག་ལ་གཞོལ་ཞིང་། མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་སེམས་ཤུགས་ཡོད་རྒུ་ཕུལ་ཞིང་། ངང་རིང་སུན་མེད་ཀྱི་སློབ་གསོའི་གཤིས་ཀ་ལས་མི་རིགས་རིག་གནས་ཀྱི་ཕྱོགས་ཀུན་ཏུ་ཤེས་ལྡན་མི་སྣ་འབོར་ཆེན་ཞིག་གསོ་སྐྱོང་གནང་ཡོད་ཅིང་། ལྷག་པར་དུ་བོད་ཀྱི་ཡིག་གཟུགས་ཐད་མདོ་དབུས་ཁམས་གསུམ་གྱི་ཕྱི་རབས་རྒྱུད་འཛིན་པ་གང་མང་ཞིག་དངོས་བརྒྱུད་ཅི་རིགས་ཀྱི་ལམ་ནས་གསོ་སྐྱོང་བྱས་ཏེ། མི་རིགས་ཀྱི་ཕུལ་བྱུང་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་པ་སོགས་ལས་ཁོང་གི་མི་རིགས་སློབ་གསོ་མཁས་ཅན་གྱི་སྣང་བརྙན་དེ་གསལ་ལེར་མཐོང་ཐུབ། ཁོང་གི་རིན་བྲལ་གྱི་ལེགས་སྐྱེས་དེ་དག«ཀན་སུའུ་སློབ་གསོ་མི་སྣའི་མཚན་ཐོ»རུ་བཅུག་ཡོད།
གཉིས། མི་རིགས་ཀྱི་རིག་གནས་པ་ཆེན་མོ་ཞིག་གི་བསམ་བློའི་ཉམས་འགྱུར་དང་ཡིད་དབང་འཕྲོག་པའི་མི་གཤིས་ལ་ངེས་ཤེས་ཀྱི་གོ་སྐབས་རག་པ།
མ་གཞི་ང་རང་བོད་ཀྱི་ཡིག་གཟུགས་ཐད་ནས་ལྷན་སྐྱེས་དང་ཤེས་རབ་དབུལ་པས་རྒན་སྨོན་ལམ་རྒྱ་མཚོའི་ཡིག་གཟུགས་སྒྱུ་རྩལ་གྱི་སློབ་གསོ་རག་པའི་གོ་སྐབས་མ་བྱུང་ནའང། “མི་རིགས་ཀྱི་མཚན་རྟགས”ལས་ཐོན་པའི་ཐུན་མོང་གི་ལས་དབང་དང་རྟེན་འབྲེལ་གྱི་དབང་གིས་ང་རང་རྒན་ལགས་ཀྱི་ཡིད་མཚོར་ཞུགས་ཤིང་། ཐུན་མོང་གི་མི་རིགས་སློབ་གསོའི་བྱ་གཞག་ལ་བརྟེན་ནས་ཡུན་རིང་ཞིག་ལ་ཡིད་སྨོན་བྱེད་ཡུལ་དུ་གྱུར་པའི་རྒན་ལགས་དང་དངོས་སུ་འབྲེལ་འདྲིས་བྱ་རྒྱུའི་གོ་སྐབས་བྱུང་། དེ་ནས་བཟུང་ངེད་གཉིས་ཆ་མེད་ནས་ཆ་ཡོད་དང་། ཆ་ཡོད་ནས་རྒྱུས་མངའ་ཡོད་པའི་འཕེལ་རིམ་ཁྲོད་བདག་ལ་རྒན་སྨོན་ལམ་རྒྱ་མཚོ་མཆོག་གི་འཛད་མཐའ་མེད་པའི་ཐུགས་ཁུར་དང་ཡིད་ཆེས་ཐོབ་མྱོང་།རྒན་སྨོན་ལམ་རྒྱ་མཚོ་ལགས་ཀྱིས་བདག་ལ་ལོ་མང་པོར་བཀའ་སློབ་གནང་བ་མ་ཟད། གཞོན་རབས་ལ་ཐུགས་ཁུར་དང་བྱམས་བརྩེའི་བདུད་རྩི་ཕངས་མེད་དུ་བསྩལ་བའི་མཛད་སྤྱོད་དམ། མི་རིགས་རིག་གནས་དང་སློབ་གསོའི་བྱ་གཞག་ལ་བཅངས་པའི་སྙིང་སྟོབས། ཀུན་སྤྱོད་རྩོམ་ཡིག་གི་ཡིད་དབང་འཕྲོག་པའི་མི་གཤིས་བཟང་བོ་སོགས་ཀྱིས་བདག་གི་མི་ཚེ་ལ་བག་ཆགས་ཟབ་མོ་བཞག འདི་ནི་ང་རང་ཁོང་དམ་པ་མཆོག་ལ་དགའ་མགུ་ཡི་རངས་དང་མོས་གུས་ཚད་མེད་སྐྱེ་བའི་རྒྱུ་རྐྱེན་གཙོ་བོ་ཡིན།
“མི་རིགས་སློབ་གྲྭའི་ངོ་བོ་དང་གསོ་སྐྱོང་གི་དམིགས་ཚད་གཏན་འབེབས་ནས་འགོ་བཙུགས་ཏེ། སླད་ཕྱིན་རྒྱལ་ཁབ་ཀྱི་སློབ་བསྡུའི་སྒྲིག་སྲོལ་ལ་བརྩི་སྲུང་ཞུ་བའི་སྔོན་འགྲོའི་ཆ་རྐྱེན་འོག་བོད་སྐད་ཡིག་གི་ལམ་ནས་རྒྱུགས་སྤྲོད་མཁན་གྱི་སློབ་མ་དག་ལ་ཆ་རྐྱེན་ཡངས་པོར་བཏང་ནས་སློབ་མ་བསྡུ་གང་ཐུབ་བྱ་དགོས”ཞེས་པའི་མིག་རྒྱང་རིང་ལ་གོ་བ་ཟབ་པའི་གསུང་བཤད་དེ་དག་ནི་ཀན་ལྷོ་མི་རིགས་སློབ་གྲྭའི་སློབ་སྤྱི་གཞོན་པའི་འགན་འཁུར་མཁན་རྒན་སྨོན་ལམ་རྒྱ་མཚོ་ལགས་ཀྱིས༡༩༨༢ལོའི་ཟླ༤བར་ཁུལ་ཡོངས་ཀྱི་མི་རིགས་སློབ་གསོའི་ལས་དོན་ཚོགས་འདུའི་སྟེང་གི་གཏམ་བཤད་ནང་དོན་ཡིན། སྐབས་དེ་དུས་ང་རང་ཅོ་ནེ་རྫོང་ཉིན་པ་ཞང་ལོ་དགུའི་ལམ་ལུགས་ཀྱི་ཞག་སྡོད་སློབ་གྲྭའི་སློབ་སྤྱི་ཡིན་པའི་ངོས་ནས་ཐེངས་དེའི་ཚོགས་འདུར་ཞུགས་ཡོད་ལ། ངས་ཡུན་རིང་ཡིད་སྨོན་བྱས་ཡོད་པའི་རྒན་སྨོན་ལམ་རྒྱ་མཚོ་ལགས་ལ་ཐེངས་དང་པོར་མཇལ་ཐུབ་པ་བྱུང་། རྒན་ལགས་ཀྱི་གསུང་བཤད་ཀྱིས་ང་ལ་བློ་སྒོ་ཕྱེ་བ་དང་། རྒན་ལགས་ཀྱི་བཞེད་དགོངས་དེ་མི་རིགས་སློབ་གྲྭའི་སློབ་གཉེར་ཀྱི་རྩ་དོན་གལ་ཆེན་ཞིག་ཏུ་གྱུར་ཡོད།
ཚོགས་འདུའི་རིང་ལ། རྒན་སྨོན་ལམ་རྒྱ་མཚོ་ལགས་ང་ཚོ་དང་མཉམ་དུ«ཀྲུང་གུང་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་དང་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་མི་རིགས་སློབ་གསོ་འཕེལ་རྒྱས་ཧུར་ཐག་གཏོང་རྒྱུའི་སྐོར་གྱི་གཏན་འབེབས»དང«ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་རིགས་སློབ་གྲྭ་ཆུང་འབྲིང་གི་ཚོད་ལྟའི་ལས་དོན་སྲོལ་ཡིག»སོགས་ལ་གྲོས་བསྡུར་དང་བཟོ་བཅོས་གནང་བའི་བྱེད་སྒོ་ལ་ཞུགས། དགེ་རྒན་གྱི་གཏམ་གླེང་དང་བྱ་སྤྱོད་ཚང་མའི་ཐོག་ནས་མི་རིགས་ལ་དགའ་ཞེན་བྱེད་པ་དང་། ལས་ཀར་འགན་འཁུར་བ། བློ་མཐུན་བར་ལ་ལྷག་བསམ་རྣམ་དག་བྱེད་པ། ཕྱི་རབས་ཀྱི་སློབ་སྦྱོང་ལ་སྤྲོ་སེམས་ཆེ་བའི་སྤྱོད་བཟང་དག་གིས་ང་ལ་སེམས་འགུལ་ཆེན་པོ་ཐེབས་སུ་བཅུག་ལ། བདག་གིས་ཀྱང་སེམས་གཏིང་ནས་ངེས་པར་དུ་རྒན་ལགས་ནང་བཞིན་བླ་ན་མེད་པའི་མི་རིགས་སློབ་གསོའི་བྱ་གཞག་ལ་གཞོལ་དགོས་པའི་སེམས་ཐག་བཅད་མྱོང།
“བོད་རིགས་སྔོན་ཐོན་མི་རིགས་ཀྱི་གྲལ་དུ་ཚུད་ཅིང་། དར་རྒྱས་གོང་འཕེལ་གཏོང་བའི་མིག་རྒྱང་རིང་ཤོས་ཀྱི་བྱེད་ཐབས་ནི་མི་རིགས་སློབ་གསོ་འཕེལ་རྒྱས་དང་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་དེ་ཡིན”ཞེས་སེམས་པའི་གཏིང་རོལ་ནས་ཐོན་པའི་གསུང་ཚིག་དང་། རིན་ཆེན་གསེར་ཞུན་ལྟ་བུའི་བསམ་བློ་དེས་ང་ལ་བློ་སྒོ་ཆེ་ཆེར་ཕྱེ་ཞིང་། མི་རྣམས་ལ་བསམ་བློའི་ཕྱོགས་སྟོན་འཁྲུལ་མེད་ཅིག་འཛུགས་རྒྱུའི་ཐད་ལ་གོ་དཀོན་ཡིད་འགུགས་ཀྱི་ནུས་པ་གལ་ཆེན་ཐོན་ཡོད། ཕྱིས་སུ་ང་སློབ་གྲྭའི་འགོ་འཛིན་གྱི་ལས་གནས་སུ་ཞུགས་པ་ཡིན་ནའང་འདྲ། ཁུལ་དང་རྫོང་གི་འབྲེལ་ཡོད་སྡེ་ཁག་གི་འགོ་ཁྲིད་གཉེར་སྐབས་ཡིན་ནའང་འདྲ། རྒན་ལགས་ཀྱི་བཀའ་སློབ་དེ་སེམས་ནས་བོར་མ་མྱོང་ལ། ལག་ལེན་བྱེད་གང་ཐུབ་བྱས་ཏེ་མི་རིགས་སློབ་གསོ་འཕེལ་རྒྱས་གཏོང་བའི་བསམ་བློའི་ངོས་ཟིན་ཇེ་ཟབ་འགྲོ་བར་འབད་པ་བྱས་པ་ཡིན། ལག་ལེན་ཁྲོད་ར་སྤྲོད་བྱུང་བ་ནི་རྒན་ལགས་ཀྱི་སྡོམ་ཚིག་དེ་ཡང་དག་འཁྲུལ་མེད་དུ་ངེས་ཏེ། མི་རིགས་དར་རྒྱས་གཏོང་དགོས་ན་སློབ་གསོ་སྔོན་ལ་སྤེལ་དགོས།
༡༩༨༤ལོའི་ཟླ༥བར་ཅོ་ནེ་རྫོང་རིག་སློབ་ཅུས་ཀྱི་གཙོ་འགན་འཁུར་བཞིན་པའི་ང་སླར་ཡང་རྒན་སྨོན་ལམ་རྒྱ་མཚོ་དང་མཉམ་དུ་ཁུལ་ཡོངས་ཀྱི་མི་རིགས་སློབ་གསོའི་ཚོགས་འདུ་ལ་ཞུགས། དེའི་རིང་དུ་ངས་བློ་རྩེ་གཅིག་སྒྲིམ་ངང་རྒན་ལགས་ཀྱི་བཀའ་སློབ་ལ་ཉན་པ་དང་ལྷག་བསམ་ཟོལ་མེད་ཀྱི་ངང་བསམ་པའི་བརྩེ་དུང་སྤེལ་རེས་བྱས་ཏེ་ཚོགས་ཞུགས་མི་སྣ་རྣམས་དང་མཉམ་དུ«ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ལོ་བཅུ་གཉིས་ལམ་ལུགས་ཀྱི་བོད་རིགས་སློབ་གྲྭ་འབྲིང་ཆུང་གི་སློབ་ཁྲིད་འཆར་གཞི»ལ་གྲོས་བསྡུར་དང་བཟོ་བཅོས་བྱས་པ་ཡིན། མི་རིགས་སློབ་གསོ་འཕེལ་རྒྱས་གཏོང་བའི་ཐད་རྒན་ལགས་དང་རྗེས་འཇུག་བདག་ལ་ཐུན་མོང་གི་འདོད་ཕྱོགས་དང་གཅིག་མཐུན་གྱི་ལྟ་བ་མང་པོ་ཡོད་པ་དང་། རྒན་ལགས་ཀྱི་རྣམ་དཔྱོད་ལྡན་པའི་བསམ་བློ་དེས་ང་རང་གི་འདོད་ཕྱོགས་གཏིང་ཟབ་ཏུ་བཏང་ལ། ངའི་ན་གཞོན་གྱི་སྤྲོ་སེམས་དེས་རྒན་ལགས་ལ་སྤྲོ་བ་འཕེལ་དུ་བཅུག སྐབས་དེར་ངས་རྒན་ལགས་ཀྱི་མི་གཤིས་དང་ཀུན་སྤྱོད་ལ་རྒྱུས་ལོན་ཟབ་མོ་བྱུང་ཞིང་། རྒྱུས་ལོན་དེ་དག་གི་དབང་གིས་རྒན་ལགས་ལ་མོས་གུས་ཆེན་པོ་སྐྱེས།
ཚོགས་འདུ་མཇུག་རྫོགས་པའི་ཉིན་དེའི་ཕྱི་དྲོར། ངས་བྱ་བ་དང་སློབ་སྦྱོང་ཁྲོད་ཀྱི་དོགས་གནད་ཁྱེར་ནས་ཡང་བསྐྱར་རྒན་ལགས་ཀྱི་ཁྱིམ་དུ་འཚམས་འདྲིར་སོང་། ཁོང་གིས་ང་ལ་དགའ་བསུ་ཞུ་ཞིང་གནད་དོན་ཅི་ཞིག་ཡོད་ན་ང་ཚོས་མཉམ་དུ་དཔྱད་བསྡུར་བྱས་ཆོག་ཅེས་པའི་གསུང་ཚིག་གི་འབྲུ་མ་རེ་རེས་བདག་གིས་རྒན་ལགས་ལ་མོས་གུས་ཚད་མེད་ཀྱི་དབང་གིས་བྱུང་བའི་འཇིགས་སྐྲག་གི་སྣང་བ་དག་རིམ་བཞིན་ཞུ་བར་བྱས་ཤིང་། ཞི་ལྷོད་བག་ཕེབས་དང་ཐབས་མཁས་ཐུགས་རྗེ་ལས་བདག་གི་དོགས་གནད་ཀྱི་མདུད་པ་མ་ལུས་རིམ་བཞིན་གྲོལ་ཞིང་། བྱམས་དང་བརྩེ་བའི་སྒོ་ནས་སྐུལ་སློང་གི་ཚུལ་དུ་ང་ལ་གསུང་རྒྱུར། “ཁྱོད་ན་གཞོན་པ་ཡིན་པས་མིག་རྒྱང་རིང་སར་བསྲིངས་ནས་བསམ་བློ་གཏོང་དགོས་པ་དང་། བྱ་བ་ལེགས་པོར་སྒྲུབ་པ་དང་མཉམ་དུ། དཔེ་ཀློག་དམ་འཛིན་བྱས་ནས་ཡོན་ཏན་སྦྱོང་དགོས”བར་གསུངས་པ་ལས། ང་རང་ཡོན་ཏན་ལྡན་ལ་འཇོན་ཐང་ཆེ་བའི་ཤེས་ཡོན་པ་ངོ་མ་ཞིག་ཏུ་འགྱུར་བར་རེ་བ་བཅངས་ཡོད་པ་རྟོགས་ཐུབ།
ངས་རྒན་ལགས་ཀྱི་རིད་ཅིང་སྐམ་ལ་ངལ་དུབ་ཁུར་བའི་ཞལ་ལ་བལྟས་ཚེ། སྨྲ་བསམ་བརྗོད་འདས་ཀྱི་དུང་བ་ཟབ་མོ་ཞིག་གིས་ཡིད་ཀྱི་སྒོ་མོ་དྲག་ཏུ་བརྡུངས་ཤིང་། སེམས་བསམ་པའི་གཏིང་རོལ་ནས་སྟོབས་ཤུགས་ཤིག་ངང་གིས་རྒྱས་འོང་། ངའི་སེམས་གཏིང་ན་གནས་པའི་མདུན་སྐྱོད་ཀྱི་དཔལ་འབར་དེ་རྒན་ལགས་ཀྱིས་སྦར་ཞིང་རྒན་ལགས་ཀྱིས་རབ་ཏུ་འབར་བར་བྱས། ང་རང་རྒན་ལགས་དང་མཉམ་དུ་བསྡད་ན་དཔྱིད་རླུང་དང་གྲུ་ཆར་ལྟ་བུའི་བསིལ་འཇམ་ཚོར་ཐུབ་ལ། དོགས་པ་དང་བཀག་རྒྱ་མེད་པར་རང་གི་ལྟ་བ་ཅི་དགར་བརྗོད་པའི་གཏམ་གླེང་སྣ་ཚོགས་ལ་རོལ་ཐུབ།
ཆུ་ཕྲན་རྟག་ཏུ་ཀུ་ཅོ་ཆེ། །རྒྱ་མཚོས་ཀུ་ཅོ་ག་ལ་སྒྲོག །ཅེས་པ་ནང་བཞིན་རྒན་ལགས་ཀྱིས་མི་གཞན་དང་ཁ་བརྡ་བྱེད་སྐབས། མཁས་པའི་སྙན་གྲགས་ཀྱི་སྒྲོབ་ཉམས་ཀྱིས་མ་གོས་པའི་ཞི་དུལ་དང་། གནད་སྨིན་པའི་ལྟ་བས་ཕྱུག་ཀྱང་གཞན་གྱི་སྐད་ཆར་ཉན་སྤྲོ་བ་མ་ཟད། དུས་རྒྱུན་དུ་འདྲ་མཉམ་དང་བྱམས་བརྩེའི་སྣང་བ་ཞིག་ཕ་རོལ་བོར་སྟེར་བར་བྱེད། རྒན་ལགས་ཀྱི་ཅུང་ཟད་མདུན་དུ་སྒུར་བའི་གཟུགས་ཉམས་དང་། གཟི་འོད་ལམ་ལམ་འཕྲོ་བའི་མིག་དབང་། ད་དུང་གཟབ་ནན་གྱི་རྣམ་འགྱུར་དེ་དག་འབུར་བརྐོས་ཤིག་དང་འདྲ་བར་ནམ་ཡང་ངའི་སེམས་ཀྱི་རྡོ་རིང་ལ་བརྐོས་ཡོད།
རྒན་ལགས་ཀྱིས་ང་དང་མཉམ་དུ་ལས་ཀ་བསྒྲུབ་པའི་རེ་བ་བཏོན་མྱོང་ལ། ངས་ཀྱང་རྒན་ལགས་ཀྱི་སྐུ་མདུན་ནས་བྱ་བ་བསྒྲུབ་པར་རེ་སྨོན་བཅངས་ནའང་། རྩ་འཛུགས་ལ་དམིགས་བྱ་དང་བཀོད་སྒྲིག་གཞན་ཡོད་པས་ང་རང་རྒན་ལགས་ཀྱི་གམ་དུ་བཅར་ནས་ཁོང་གི་ཤེས་ཡོན་དང་སྤྱོད་བཟང་ལ་སློབ་སྦྱོང་དང་། ཁོང་གི་བཀའ་སློབ་ཀྱི་བདུད་རྩིར་ཅི་དགར་རོལ་བའི་གོ་སྐབས་བཟང་པོ་དེ་མ་རྙེད། ཡིན་ནའང་ངས་ནམ་ཡང་དགེ་རྒན་གྱི་བློ་རྒྱ་ཆེན་པོའི་དཔའ་སྤོབས་ལ་ཡིད་སྨོན་བྱེད་པ་དང་། ཕྱི་རབས་པ་གསོ་སྐྱོང་གི་སེམས་འདུན། སྒེར་སེམས་བྲལ་བའི་རང་གཤིས་སོགས་ལ་དེ་བས་ཡིད་སྨོན་བྱས། ལྷག་པར་དུ་མི་བཀོལ་སྤྱོད་ཀྱི་ཆ་ནས་ནམ་ཡང་གུ་དོག་གི་ས་ཁུངས་འདུ་ཤེས་དང་ཕྱོགས་ཞེན་གྱི་དྲི་མས་མ་གོས་པའི་དགོངས་བཞེད་དེ་དག་ནི་ང་ཚོའི་མི་ཚང་མའི་སློབ་སྦྱོང་བྱེད་ཡུལ་དུ་གྱུར། དེ་བས་རྒན་སྨོན་ལམ་རྒྱ་མཚོ་ནི་བདག་གི་ཡིད་སྨོན་བྱེད་སའི་མི་ཚེ་ཡི་དེད་དཔོན་དང་མིག་དཔེ་འཛིན་སའི་དར་ལྕོག་མཐོན་པོ་དེ་ཡིན་སོང་།
སྐབས་དེར་ཁུལ་སྲིད་གྲོས་ཀྲུའུ་ཞི་གཞོན་པ་དང་ཀན་ལྷོའི་མི་རིགས་སློབ་གྲྭའི་མཚན་འཛིན་སློབ་གཙོའི་འགན་བཞེས་མཁན་གྱི་རྒན་སྨོན་ལམ་རྒྱ་མཚོས། ༡༩༨༨ལོར་ཅོ་ནེ་རྫོང་ཉི་པའི་སློབ་གྲྭར་གཟིགས་ཞིབ་གནངས་ཤིང་། ཁོང་གིས་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་ནས་སློབ་གྲྭར་ཡིག་གཟུགས་ཀྱི་ཕྱག་བྲིས་གནང་བ་མ་ཟད། སློབ་གྲྭར་སྔར་ལས་ལྷག་པའི་མཛད་རྗེས་ཐོབ་ཐུབ་པའི་སྐུལ་ལྕག་གནང་བ་རེད། རྒན་ལགས་ཀྱིས་སྐུ་ངལ་དང་ས་དེ་གའི་ངན་ངོན་གྱི་ཞག་སྡོད་ཆ་རྐྱེན་ལ་མ་འཛེམས་པར་སློབ་གྲྭ་ནས་ཉིན་གཉིས་ལ་ཞག་བཞུགས་གནང་ཞིང་། སློབ་གྲྭའི་མཐའ་འཁོར་གྱི་གྲོང་ཚོའི་འབྲོག་ཁྱིམ་དུ་ཕེབས་ནས་དམངས་ཀྱི་གནས་ཚུལ་དང་དམངས་སྲོལ་ལ་རྒྱུས་ལོན་ནན་མོ་བྱས་ལ། སློབ་གྲྭའི་གནས་ཚུལ་ངོ་སྤྲོད་དང་དགེ་བཟོ་བའི་བཞུགས་མོལ་ཚོགས་འདུ། སློབ་མ་རྣམས་དང་མཉམ་དུ་གཏམ་གླེང་བྱེད་སྒོ་སོགས་སྤེལ་བའི་རྗེས་སུ་སློབ་མའི་ཁྱིམ་བདག་དང་ཡུལ་མི། ས་གནས་ལས་བྱེད་པ་སྟོང་ཕྲག་གཅིག་ལ་ཉེ་བའི་ཚོགས་ཆེན་ཐོག་རྒན་སྨོན་ལམ་རྒྱ་མཚོས་བརྩེ་སེམས་ཟབ་མོའི་སྒོ་ནས“ཁྱེད་ཚོའི་གནས་འདི་རང་བྱུང་ཁོར་ཡུག་མཛེས་པ་དང་། ནགས་ཚལ་སྟུག་པོ་དང་། སྔོ་ལྗང་གི་ནེའུ་གསེང་། དྭངས་གཙང་གི་ཆུ་བོ། དག་གཙང་གི་མཁའ་དབུགས་བཅས་ཡོད་པ་དང་། སློབ་གྲྭའི་མཐའ་འཁོར་དུ་བོད་རིགས་ཁོ་ན་འདུས་སྡོད་བྱས་ཡོད་པས། མི་རིགས་ཀྱི་གྲུབ་ཆ་ལ་ལྷད་མེད་ལ། གྲོང་སྡེ་ཆེ་བ། གནས་ཡུལ་གཅིག་སྡུད་ཡིན་པ་འདི་འདྲ་ཞིག་བོད་ཁུལ་གྱི་ས་ཆ་གཞན་དག་ན་ཧ་ཅང་དཀོན་པའི་གནས་ཚུལ་ཞིག་རེད།”
“འདི་གའི་སྣོད་བཅུད་ཁོར་ཡུག་མཛེས་སྡུག་ལྡན་པ་མ་ཟད། ལས་ལ་བརྩོན་ཞིང་བློ་གྲོས་ལྡན་པའི་འབྲོག་པ་དང་སྤྱང་གྲུང་ལྡན་པའི་བོད་རིགས་ལོ་ཆུང་བྱིས་པ་ཚོར་རང་ས་ནས་སློབ་གྲྭ་གཉེར་བ་དང་། མི་རིགས་ཀྱི་ཕུལ་བྱུང་རིག་གནས་རྒྱུན་འཛིན་བྱེད་པ། མི་རིགས་ཡར་ཐོན་ཡོང་བ་བཅས་བྱས་ཚེ་མདུན་ལྗོངས་མཛེས་སྡུག་ལྡན་པར་གདོན་མི་ཟ......” དགེ་རྒན་སྨོན་ལམ་རྒྱ་མཚོས་མཁས་མཛངས་ལྡན་པའི་མིག་རྒྱང་ལ་བརྟེན་ནས་ང་ཚོའི་ཕ་ཡུལ་གྱི་སྤྱི་ཚོགས་དང་རིག་གནས་ཀྱི་སྣང་ཚུལ། ས་བབས་ཀྱི་ཁྱད་ཆོས་དང་འཕེལ་རྒྱས་ཀྱི་མཐུན་རྐྱེན་ལ་དབྱེ་ཞིབ་དང་སྤྱི་སྡོམ་བྱས་པ་དེ་ནི་ང་ཚོའི་ཕ་ཡུལ་གྱི་མཛེས་སྡུག་ལྡན་པའི་མ་འོངས་ལ་ལུང་བསྟན་དང་འབྱུང་འགྱུར་ལ་རེ་བ་ཆེན་པོ་བཅོལ་ཡོད་པ་མཚོན་ཐུབ་པ་མ་ཟད། ཡུལ་མི་ཚོར་སྐུལ་ལྕག་དང་བློ་སྒོ་འབྱེད་པའི་སྐྱ་རེངས་ཤིག་དང་འདྲ། ལོ་ངོ་སུམ་ཅུ་ལྷག་གི་རྗེས་ཀྱི་དེང་འདིར་ཕ་ཡུལ་གྱི་མི་རྣམས་ཀྱིས་ད་དུང་བརྗེད་པར་དཀའ་བའི་འདས་དོན་དེ་ཡིད་ལ་དྲན་ཞིང་། མི་རྣམས་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པར་སྐུལ་མ་གཏོང་བའི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་གྱུར་ཡོད།
གསུམ། ཤེས་ལྡན་མི་སྣའི་སྙིང་སྟོབས་དེ་མི་རིགས་ཀྱི་ཕུལ་བྱུང་རིག་གནས་ཟམ་མི་ཆད་པར་རྒྱུན་འཛིན་བྱེད་པའི་སྟོབས་ཤུགས་སུ་གྱུར་པ།
ལོ་སུམ་ཅུའི་སྔ་རོལ་ཏུ། སྙིང་རྗེ་མེད་པའི་སྙུང་གཞིས་མཁས་དབང་སྨོན་ལམ་རྒྱ་མཚོའི་སྐུ་སྲོག་འཕྲོག དུས་དེར་བོད་ཀྱི་སྙན་ངག་པ་གྲགས་ཅན་ཡི་དམ་ཚེ་རིང་གིས་རྒན་ལགས་ལ་མྱ་ངན་ཞུ་བའི་གློག་འཕྲིན་ནང“དེང་རབས་བོད་ཀྱི་རིག་གཞུང་སྨྲ་བའི་གར་སྟེགས་ནས་འོད་ཏུ་འཚེར་བའི་མུ་ཏིག་ལྡོག་གཅིག་བཞུད་སོང”ཞེས་བྲིས་ཡོད། ངོ་མ། རྒན་སྨོན་ལམ་རྒྱ་མཚོ་སྐུ་གཤེགས་པ་ནི་བོད་ཀྱི་སློབ་གསོའི་བྱ་གཞག་ཁྲོད་ཤེས་ལྡན་གསོ་སྐྱོང་ལ་ངལ་བ་མེད་པའི་མུན་སེར་གྱི་སྒྲོན་མེ་ཞིག་གཟིམས་སོང་བ་ཡིན་ལ། རིག་གཞུང་ལས་རིགས་ནས་སྤྱོད་ཡོན་གཉིས་ལྡན་གྱི་མར་མེ་ཚེ་འབར་དེ་གཟིམས་སོང་བའང་ལས་ཡིན། མི་རིགས་རིག་གནས་བྱ་གཞག་ལ་མཚོན་ན་ཡིག་གཟུགས་ཀྱི་བསྟན་པ་སླར་གསོ་གནང་མཁན་གྱི་དེད་དཔོན་ཞིག་གཤེགས་སོང་བ་ཡིན་ལ། སྐལ་ལྡན་རྗེས་སུ་འཛིན་པར་བྱམས་དང་བརྩེ་བའི་མངའ་བདག་ཅིག་བཞུད་སོང་བའང་ལས་ཡིན། རྒན་སྨོན་ལམ་རྒྱ་མཚོའི་མཛད་རྗེས་དག་ནི་མི་ཚེ་དང་བྱ་གཞག་ལ་ངོ་གནོང་མི་དགོས་ཤིང་། མི་རིགས་ལའང་ངོ་གནོང་མི་དགོས་པ་ཞིག་ཡིན་པས་མི་རྣམས་ཀྱིས་ནམ་ཡང་ཁོང་གི་སྐུ་དྲིན་ལ་དྲན་གསོ་ཞུ་ཞིང་སེམས་གཏིང་ནས་བརྗེད་མི་སྲིད།རེད། མི་རིགས་དང་རྒྱལ་ཁབ་ཅིག་ལ་རང་ཉིད་ཀྱི་བློ་གྲོས་དང་སེམས་ཤུགས་སྐྱེས་སུ་འབུལ་མཁན་ལ་མཚོན་ན། ཤི་བ་ནི་ཚེ་སྲོག་གི་མཇུག་རྫོགས་པ་མ་ཡིན་པར། མི་རྣམས་ཀྱིས་ཁོང་ལ་དྲན་གསོ་ཞུས་པ་དང་ཁོང་གིས་མི་རབས་རྗེས་མར་བཞག་པའི་བསམ་བློའི་ཤུལ་བཞག་ནི་ཁོང་གི་ཚེ་སྲོག་གི་རྒྱུན་མཐུད་ཅིག་མ་ཡིན་ནམ། རྒན་སྨོན་ལམ་རྒྱ་མཚོ་ལགས་སྐུ་གཤེགས་པས་ང་ཚོར་ཚེ་སྲོག་གིས་གནང་བའི་དུས་ཚོད་སྐར་ཆ་རེ་རེར་ལྡབ་འགྱུར་གྱིས་གཅེས་སྤྲས་བྱས་ཏེ་འཚོ་བའི་གྲུབ་ཆ་ཡོད་ཚད་ལ་གཟི་འོད་དང་དྲི་ཞིམ་གྱིས་ཁེངས་པར་བྱ་དགོས་པའི་བློ་སྒོ་ཕྱེ་ཡོད།
གཅིག མི་རིགས་རིག་གནས་ཀྱི་རྟགས་མཚན་དང་བསམ་བློའི་ཤུལ་བཞག་ཡིན།
དགེ་རྒན་སྨོན་ལམ་རྒྱ་མཚོས་མི་རིགས་ཀྱི་ཕུལ་བྱུང་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་གཡུར་ཟའི་གྲུབ་འབྲས་དང་འོད་སྟོང་འཕྲོ་བའི་མི་ཚེའི་ལེའུ་ལ་བཀྲག་མདངས་འཚེར་བཞིན་ཡོད་ལ། དེ་ནི་མི་རིགས་ཀྱི་རིག་གནས་སློབ་གསོ་འཕེལ་རྒྱས་ཀྱི་མཚོན་རྟགས་གལ་ཆེན་དང་རང་རེའི་མི་རིགས་ཀྱི་རྩ་ཆེའི་བསམ་བློའི་ཤུལ་བཞག་ཏུ་གྱུར་ཡོད།
གཉིས་པ། རྒན་སྨོན་ལམ་རྒྱ་མཚོ་དང་མི་རིགས་གཞན་པའི་རིག་གནས་མཁས་མཆོག་གིས་མི་རིགས་དང་དུས་རབས་ཀྱི་སྙིང་སྟོབས། རིག་གནས་རྒྱུ་ནོར་སོགས་ལ་བཞག་པའི་ཉམས་པ་མེད་པའི་ཤུགས་རྐྱེན།
ལོ་འདི་དག་གི་རིང་། མི་རྣམས་ཀྱིས་རང་འགུལ་ངང་ཁོང་ལ་དྲན་གསོའི་རྩོམ་ཡིག་འབྲི་བ་དང་། དྲན་གསོའི་ངོ་བོ་ལྡན་པའི་བོད་ཀྱི་ཡིག་གཟུགས་འགྲེམ་སྟོན་གཉེར་བ། རྒན་སྨོན་ལམ་རྒྱ་མཚོའི་ལོ་རྒྱུས་ཀྱི་དཔྱད་གཞི་འཚོལ་བསྡུ་དང་ཞིབ་འཇུག །དྲན་གསོ་ཁང་འཛུགས་སྐྲུན་སོགས་ཀྱི་བྱ་ཐབས་སྤྱད་དེ་རྒན་ལགས་ཀྱི་སྐུ་ཚེ་གང་གི་བསམ་བློ་དང་། ཀུན་སྤྱོད་རྩོམ་ཡིག བསམ་བློའི་གོ་རྟོགས་བཅས་དང་དེ་བཞིན་ཡིག་གཟུགས་སྒྱུ་རྩལ་ལ་ཞིབ་འཇུག་དང་། མི་རིགས་རིག་གནས་རྒྱུན་འཛིན། མི་རིགས་རིག་གནས་ཐད་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་སོགས་ཕྱོགས་མང་པོར་ལེགས་སྐྱེས་མངོན་གསལ་ཞིག་ཕུལ་བར་ང་ཚོས་དགའ་ཚོར་ཆེན་པོས་བསྔགས་བརྗོད་བྱེད་བཞིན་ཡོད། སྤྱི་ལ་ཕན་པ་སྒྲུབ་པའི་བྱེད་སྒོ་དེ་དག་ནི་མི་སྒེར་གྱི་དྲན་གསོའི་བྱེད་སྒོ་རྐྱང་པ་ཞིག་གཏན་ནས་མིན་པར་གལ་འགངས་ཆེ་བའི་གོ་དོན་ཞིག་ཡོད་པ་ནི་དྲན་གསོ་དང་། ཞིབ་འཇུག འགྲེམ་སྟོན་སོགས་ཀྱི་ཐབས་ལམ་བརྒྱུད་དེ་རྒན་སྨོན་ལམ་རྒྱ་མཚོ་སོགས་མི་རིགས་རིག་གནས་ཀྱི་ཕུལ་བྱུང་སྙིང་སྟོབས་དག་གང་ལེགས་ཀྱིས་རྒྱུན་འཛིན་བྱ་རྒྱུ་དེ་ཡིན་ལ། དམིགས་ཡུལ་གཙོ་བོ་ནི་མི་རིགས་ཀྱི་ཕུལ་བྱུང་རིག་གནས་སྔར་བས་དར་སྤེལ་དང་། དར་རྒྱས། འཕེལ་རྒྱས་བཅས་གཏོང་རྒྱུ་དེ་རེད།
རྒན་སྨོན་ལམ་རྒྱ་མཚོའི་ཐུགས་སྲས་སུ་གྱུར་པའི་ཡིག་མཁན་སངས་རྒྱས་བཀྲ་ཤིས་ཀྱིས་མ་བསྐུལ་དང་བླང་གི་སྒོ་ནས་གོང་རིམ་ལ་སྙན་ཞུ་དང་རྩ་འཛུགས་བྱས་ཏེ་སྤྱི་ལོ༢༠༡༦ལོར“ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་ཀྱི་ཡིག་མཁན་མཐུན་ཚོགས”དངོས་སུ་བཙུགས་པ་དང་། ཡིག་གཟུགས་ལ་དགའ་མཁན་བརྒྱ་ཕྲག་ལྷག་ཐོ་འགོད་བྱས་ནས་མཐུན་ཚོགས་ཀྱི་དངོས་གཞིའི་ཚོགས་མིར་གྱུར་ཡོད། ཁྱད་པར་དུ་རྨ་ཆུ་དང་། ཀླུ་ཆུ། ཐེ་བོ་བཅས་རྫོང་གསུམ་དུ་བོད་ཀྱི་ཡིག་གཟུགས་མཐུན་ཚོགས་བཙུགས་ཏེ་ཡིག་གཟུགས་བྱེད་སྒོ་སྣ་ཚོགས་སྤེལ་བས་མིག་སྔར་ཁུལ་ཡོངས་ཀྱི་ཁྱབ་ཁོངས་སུ“ཡིག་གཟུགས་ཀྱི་ཚ་རླབས”དང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ལ་དོ་ཁུར་བྱེད་མཁན་ཇེ་མང་ནས་ཇེ་མང་དུ་འགྲོ་བའི་རྣམ་པ་ཡག་པོ་ཞིག་ཆགས་བཞིན་ཡོད།
ཁུལ་དང་རྫོང་རིམ་པའི་ཡིག་གཟུགས་མཐུན་ཚོགས་ཀྱིས“བོད་ཀྱི་ཡིག་གཟུགས་རིག་གནས་ཞིང་འབྲོག་གྲོང་ཚོ་དང་གཞི་རིམ་སློབ་གྲྭ་སོགས་སུ་ཁྱབ་གདལ་གཏོང་བའི”བྱེད་སྒོ་སྤེལ་ནས་རང་རེའི་ཁུལ་གྱི་སློབ་གྲྭ་ཁག་གཅིག་ཏུ་བོད་ཡིག་ཡིག་གཟུགས་བསླབ་ཚན་དུ་བཀོད་དེ་ཡིག་གཟུགས་སློབ་གསོ་སྤེལ་བ། མཐུན་ཚོགས་ཀྱི་ཚོགས་མི་དང་ཡིག་གཟུགས་ལ་དགའ་པོ་བྱེད་མཁན་ཚོས་ཞིང་ཆེན་ཕྱི་ནང་གི་འབྲེལ་ཡོད་ཡིག་གཟུགས་ཚོགས་འདུ་དང་བགྲོ་གླེང་བྱེད་སྒོར་ཞུགས་པ། བོད་ཀྱི་ཡིག་གཟུགས་འགྲན་བསྡུར་རྩ་འཛུགས་བྱེད་པའམ་ཡང་ན་དེའི་ནང་དུ་ཞུགས་པ། བོད་ཀྱི་ཡིག་གཟུགས་བརྩམས་ཆོས་རྒྱལ་ས་པེ་ཅིང་དང་། ཐེན་ཅིན། སི་ཁྲོན་ཁྲིན་རྡུ་སོགས་སུ་ཁྱེར་ནས་འགྲེམ་སྟོན་དང་འོས་སྦྱོར་བྱེད་པ་སོགས་ཀྱི་རྣམ་པའི་སྟེང་ནས་རིག་གནས་སྤེལ་རེས་དང་ས་ཁུལ་དབར་གྱི་འབྲེལ་ཡོད་མཉམ་ལས་ཇེ་ཟབ་ཏུ་བཏང་བས་མི་རིགས་རིག་གནས་ཀྱི་ཕྱི་ཕྱོགས་ཤུགས་རྐྱེན་ཆེ་རུ་འགྲོ་བཞིན་ཡོད།
གོང་གསལ་གྱི་རྣམ་པ་བཟང་པོ་དེ་དག་ལས་མི་རིགས་ཀྱི་ཕུལ་བྱུང་རིག་གནས་ཀྱི་མཚར་ཉམས་དང་དེའི“བསམ་བློའི་སྟོབས་ཤུགས”མཚོན་ཡོད་ལ། མི་རིགས་རིག་གནས་དར་རྒྱས་ཀྱི་མདུན་ལྗོངས་བཟང་པོ་ཞིག་ངང་གིས་མཐོང་ཐུབ།
གསུམ་པ། མི་རིགས་རིག་གནས་ཀྱི་མཁས་མཛངས་གྲུབ་རྐྱེན་དང་དེའི་རྩ་བའི་འབྱུང་ཁུངས།
༡.རྒན་སྨོན་ལམ་རྒྱ་མཚོས་སྐུ་ཚེ་ཧྲིལ་པོར་ནང་བསྟན་རིག་པའི་གཞུང་ལུགས་ལ་སློབ་གཉེར་དང་། མི་རིགས་ཀྱི་ལོ་རྒྱུས་ལ་ཞིབ་འཇུག ཡིག་གཟུགས་བརྩམས་ཆོས་གསར་རྩོམ། མི་རིགས་སློབ་གསོའི་བྱ་གཞག་དང་ལེན། མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་ལ་བཅས་ཀྱི་ཁྲོད་ནས་ཁོང་གི་མི་ཚེའི་བཞུད་ལམ་དང་བྱས་རྗེས་ལ་ཕྱིར་དྲན་བྱས་ན། ཁོང་ཉིད་འདི་འདྲའི་མཁས་མཛངས་ཞི་དུལ་གྱི་ཤེས་ལྡན་མི་སྣ་ཞིག་ཏུ་གྱུར་པར་ཕྱི་རོལ་གྱི་ཆ་རྐྱེན་འཛོམས་ཡོད་པ་བསྙོན་དུ་མེད་ནའང་། ཆེས་གཙོ་བོར་གྱུར་པའི་རྒྱུ་རྐྱེན་ནི་ཁོང་གི་རང་སྟེང་ན་མཆིས་པའི་བརྩོན་འགྲུས་ཀྱི་རྒྱུ་དེ་ཡིན་ངེས་ཏེ།
(༡) རྒྱལ་ཁབ་དང་མི་རིགས་ལ་བཅངས་པའི་བརྩེ་བ་ཟབ་མོ།
(༢) མིག་རྒྱང་རིང་བའི་མི་ཚེའི་ཕུགས་འདུན།
(༣) བློ་བརྟན་འགྱུར་མེད་ཀྱི་སྙིང་སྟོབས་དང་ཐུན་མོང་མ་ཡིན་པའི་ཆོད་སེམས།
(༤) ལས་དོན་སྒྲུབ་པའི་སེམས་ཤུགས་ཆེན་པོ།
(༥) ཁྱད་དུ་འཕགས་པའི་བློ་གྲོས།
(༦) རྨད་དུ་བྱུང་བའི་ཡར་ཐོན་དོན་གཉེར་གྱི་སྙིང་སྟོབས་བཅས་སོ། །
རྒྱུ་དེ་དག་ལ་ཕྱོགས་བསྡུས་དང་ཞིབ་འཇུག་བྱས་ཚེ། སྐྱེ་བོ་ཀུན་གྱིས་རྒན་སྨོན་ལམ་རྒྱ་མཚོ་ལགས་ཀྱི་ཚད་མཐོའི་དགོངས་པ་དང་བསམ་བློའི་ཉིང་བཅུད་གང་མང་ཞིག་བཞག་ཡོད་དེ།
(༡) མི་རིགས་ལ་བཅངས་པའི་བློ་གཅིག་སེམས་གཅིག་དང་བློ་བརྟན་འགྱུར་མེད་ཀྱི་བརྩེ་སེམས།
(༢) ལོ་རྒྱུས་ཀྱི་འཕོ་འགྱུར་གདོང་གིས་བསུས་ཤིང་། ཆབ་སྲིད་ཀྱི་མནར་གཅོད་དང་གོད་ཆག་གི་དཀའ་སྡུག་ཁྱད་དུ་བསད་དེ། ཐོག་མའི་སེམས་འདུན་མི་འགྱུར་བའི་སྙིང་སྟོབས།
(༣) དཔའ་ངར་ཞུམ་མེད་དང་རྒྱུན་འཁྱོངས་ལྷོད་མེད་ཀྱི་སྙིང་སྟོབས་དང་ཆོད་སེམས།
(༤) བརྩེ་ལྡན། བརྩོན་འགྲུས། འཚོལ་སྙེགས། དཀའ་སྤྱད། གཟབ་ནན། འགན་འཁུར་བཅས་ཀྱི་སྤྱོད་ཚུལ།
(༥) མི་རིགས་རིག་གནས་རྒྱུན་འཛིན་ལ་གཞོལ་བའི་ཕུགས་འདུན་ཆེན་པོ།
(༦) བསླབ་པའི་ཚེ་ན་མི་གཡེང་བ། སྐལ་ལྡན་རྗེས་སུ་འཛིན་པར་ངང་རིང་རྒྱུད་འཇམ་དང་སྐྱོ་ངལ་མེད་པ་སོགས་བདག་བས་གཞན་གཅེས་ཀྱི་བསམ་པའི་གོ་རྟོགས།
(༧) ཡར་རྒྱས་བརྩོན་ལེན། རྣམ་དག་དགེ་སྒྲུབ་ཀྱི་སྒོ་ནས་སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་བའི་ཀུན་སྤྱོད་བཅས་སོ། །
ཟང་ཟིང་ལ་ཡིད་དབང་ཤོར་བའི་བསྐལ་བ་སྙིགས་མའི་དུས་ཀྱི་ཚེ་ན་མི་རིགས་རིག་གནས་ཀྱི་མཁས་མཛངས་དཀོན་ཞིང་དཀོན་ལ། མི་རིགས་རིག་གནས་ཀྱི་གདེང་ཚོད་ཉམས་རྒུད་དུ་གྱུར་ནས་མི་རྣམས་དངོས་པོའི་ཁེ་ཕན་ཁོ་ནར་དོ་སྣང་ཆེ་ཞིང་། དོན་དུ་གཉེར་རྒྱུ་གཙོ་བོར་གྱུར་པའི་དེང་འདིར། ང་ཚོའི་མི་རིགས་འདི་དང་། ས་ཆ་འདི། དུས་རབས་འདིར་རྒན་སྨོན་ལམ་རྒྱ་མཚོ་ལྟ་བུའི་མི་རིགས་རིག་གནས་ཀྱི་ཕུལ་བྱུང་མི་བུ་གང་གི་གཏིང་ཟབ་པའི་བསམ་བློ་དང་བཞེད་དགོངས། གཟབ་ནན་སློབ་སྒྲུབ་ཀྱི་སྙིང་སྟོབས། སྤྲོ་སེམས་འཁོལ་བས་མི་རིགས་ཀྱི་ཤེས་ལྡན་གསོ་སྐྱོང་གནང་བའི་རྟོག་པ་སོགས“མི་རིགས་རིག་གནས་ཀྱི་མཚོན་རྟགས”དང“བསམ་པའི་ཤུལ་བཞག”ལ་བརྟེན་ནས་མི་བུ་གང་མང་ཞིག་ལ་མི་རིགས་རིག་གནས་ཀྱི་རང་རྟོགས་དང་མི་རིགས་རིག་གནས་ཀྱི་གདེང་ཚོད་ཆེ་རུ་གཏོང་རྒྱུར་སྐུལ་ལྕག་དང་འབོད་སྐུལ་ཐོབ་ནས་མི་རིགས་ཀྱི་ཕུལ་བྱུང་རིག་གནས་བྱ་གཞག་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུར་གཞོལ་བར་སྨོན།
གུས་པར་འོས་པའི་དགེ་རྒན་སྨོན་ལམ་རྒྱ་མཚོ་ལགས་ལ་ཕུལ་བའི་དྲན་སྣང་གི་ཡིག་ཆུང་འདི། མི་ཡུལ་གྱི་ཟོལ་མེད་འཚམས་འདྲི་ཞིག་ཏུ་འགྱུར་རྒྱུའི་རེ་བ་དང་བཅས། ཁྱེད་ཀྱིས་མི་རིགས་དང་དུས་རབས་ལ་བཞག་པའི་བསམ་བློའི་རྒྱུ་ནོར་རྩ་ཆེན་འདི་དག་མི་རིགས་རིག་གནས་སློབ་གསོའི་བྱ་གཞག་བདེ་བླག་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་འདིར་ཤེས་དཔལ་གཉིས་ལྡན་གྱི་ཡར་ཐོན་ཞིག་མངོན་འགྱུར་ཡོང་བའི་བསམ་པའི་སྟོབས་ཤུགས་ཤིག་ཏུ་འགྱུར་བར་སྨོན།
(1990ལོའི་ཟླ་དང་པོར་བྲིས་ལ། ཕྱིས་སུ་བཟོ་བཅོས་ཐེངས་འགའ་བརྒྱབ་པ་མ་ཟད། 2019ལོའི་ཟླ12པར་སླར་ཡང་ནང་དོན་ཁ་གསབ་རྒྱ་སྐྱེད་ཀྱི་བཟོ་བཅོས་བརྒྱུད་རིམ་ཐེངས་ལྔ་ཙམ་བྱས་ཟིན་པའོ། །)རྒན་གུ་དྲག་ལགས་ཀྱིས་བརྩམས་གནང་མཛད་པའི་མཁས་དབང་སྨོན་ལམ་རྒྱ་མཚོ་རྗེས་སུ་དྲན་པའི་རྩོམ་ཡིག་འདི་གང་གི་བརྒྱུད་སློབ་ཐ་མལ་བ་རྟ་མགྲིན་མིང་དུ་འབོད་པས་སྤྱི་ལོ༢༠༢༠ལོའི་ཟླ༡ཚེས༢༢ཉིན་གྱི་དགོང་མོ་བོད་ཡིག་ཏུ་བསྒྱུར་བ་དགེ་གྱུར་ཅིག །
འབྲེལ་ཡོད་འོས་སྦྱོར།