༄༅། །ས་པཎ་དང་བཟོད་པ་རིང་མོ་གཉིས་ཀྱི་འབྲེལ་བ།
རྩོམ་པ་པོ།:གླིང་ཚ་སྙིང་རྒྱལ་འབུམ།
ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ།
དུས་ཚོད།:2022-04-11
ཀློག་གྲངས།:
༄༅། །ས་པཎ་དང་བཟོད་པ་རིང་མོ་གཉིས་ཀྱི་འབྲེལ་བའི་སྐོར་གྱི་དོགས་དཔྱོད།
གླིང་ཚ་སྙིང་རྒྱལ་འབུམ།
གནད་བཏུས། བཟོད་པ་རིང་མོ་ནི་ས་སྐྱ་པཎྜི་ཏའི་སྐུ་སྲིང་ཡིན་པའི་ངག་རྒྱུན་ལས་གླེང་བསླངས་ཏེ། འཇམ་མགོན་ས་སྐྱ་པཎྜི་ཏའི་རྣམ་ཐར་དང་། དཔལ་ལྡན་ས་སྐྱ་བའི་གདུང་རབས་ཁག་སོགས་ལོ་རྒྱུས་ཡིག་ཚང་མང་པོ་གུང་བསྒྲིགས་ཤིང་བསྡུར་ནས། བཟོད་པ་རིང་མོ་ནི་རྟེན་བུད་མེད་མིན་ཞིང་། ས་པཎ་དང་བཟོད་པ་རིང་མོའི་བར་གྱི་འབྲེལ་བ་ཡང་རིགས་རྒྱུད་ཀྱི་འབྲེལ་བ་མིན་པར་བླ་སློབ་ཀྱི་འབྲེལ་བ་ཡིན་པ་དང་། བཟོད་པ་རིང་མོ་ནི་བསྟན་པ་ཕྱི་དར་ལ་བོད་དུ་ཕར་ཕྱིན་གྱི་བཤད་རྒྱུན་ཕྱོགས་མཐར་སྤེལ་བའི་མཁས་པ་ཞིག་ཡིན་ཚུལ་བརྗོད་ཡོད།
གནད་ཚིག ས་པཎ། བཟོད་པ་རིང་མོ། འབྲེལ་བ། བླ་སློབ།
གཅིག། ངག་རྒྱུན་ཁྲོད་ཀྱི་སྐུ་སྲིང་བཟོད་པ་རིང་མོ།
དེ་ལས་ཡོངས་གྲགས་སུ་ས་པཎ་ཁུ་དབོན་གསུམ་སོགས་འཁོར་བུ་སློབ་མང་པོ་མངའ་བདག་ཁྲི་རལ་བ་བྱང་ངོས་སུ་དམག་ལ་བྱོན་སྐབས་དབུ་སྐྲ་ནང་བཞུགས་ཀྱིས་བཞེངས་པའི་ཁྲི་ཀའི་མི་ཉག་མཆོད་རྟེན་ལ་མཇལ་བར་ཕེབས་ཤིང་། ལམ་དུ་ཧོར་གྱི་རྒྱལ་པོས་ཕུལ་བའི་མུ་ཏིག་དྲེའུ་ཁལ་གཅིག་གཞི་བྱས་ནས་ཇོ་སྐུ་དང་། དུས་གསུམ་སངས་རྒྱས། ཉེ་བའི་སྲས་ཆེན་བརྒྱད་སོགས་རྟེན་བརྟེན་པ་བཞེངས།① དེ་དང་འབྲེལ་ཏེ་ས་པཎ་གྱི་སྐུ་སྲིང་རྣལ་འབྱོར་མ་བཟོད་པ་རིང་མོ་ཞེས་པ་ཞིག་ཀྱང་ཁོང་གི་རྗེས་སུ་བྱ་བྲལ་གྱིས་ཁྲི་ཀར་ཕེབས་ཤིང་། གནས་འདིར་ཡུན་རིང་བཞུགས་པའི་གཞིས་ཤུལ་ལ་དེང་ཡང་བཟོད་པ་ཨ་ལ་རིང་མོ་ཞེས་གྲགས་པ་ཇོ་ཁང་གི་ཉེ་ལོགས་སུ་ཡོད་པ་དང་། བཟོད་པ་རིང་མོ་ཁྲི་ཀ་ནས་ལང་གྲུ་སྡེ་བཞིར་ཕེབས་ཁར་ཁྲི་ཀའི་ཇོ་བདག་ཚང②ལ་ཁོ་མོའི་ཐུགས་དམ་གྱི་རྟེན་མང་དུ་གནང་བའི་ངག་རྒྱུན་མ་ཉམས་པར་གནས། དེ་དང་ཆ་མཚུངས་པར་དཔའ་རིས་སྔོ་ཁོ་ངག་དབང་ལེགས་བཤད་ཉི་མའི་དངོས་སློབ་མ་ཎི་ཞབས་དྲུང་གིས་1884ལོར་མཛད་པའི་«ལང་ཇུས་སྡེ་བཞིའི་རྟེན་རྣམས་ཀྱི་དཀར་ཆག་དང་ལམ་ཡིག་རབ་གསལ་སྒྲོན་མེ་»ལས། “སྔོན་བྱ་བྲལ་བ་བཟོད་པ་རིང་མོ(ས་པཎ་གྱི་སྐུ་སྲིང་)པདྨོའི་སྡེ་འདིར་བསྒོམ་སྒྲུབ་ལ་བཞུགས། པཎ་ཆེན་སྤྲུལ་པ་སྡེ་ནས་སྐུ་བསྙུང་སྐབས་བཟོད་པ་རིང་མོས་ས་ཕྱོགས་དེར་ཡང་ཡང་གཟིགས་”[2]ཞེས་ས་པཎ་གྱི་སྐུ་སྲིང་བཟོད་པ་རིང་མོ་ལང་གྲུ་སྡེ་བཞིའི་ཡ་གྱལ་ནུབ་པདྨོའི་སྡེ་རུ་བཞུགས་ཚུལ་དང་། «མདོ་སྨད་ཆོས་འབྱུང་»དུ། “འདི་ཉིད་ས་པཎ་གྱི་སྐུ་སྲིང་། རྗེ་དེ་ཉིད་ཧོར་ཕེབས་ཀྱི་རྗེས་སུ་བྱ་བྲལ་གྱིས་གནས་འདིར་བྱོན། ཞལ་འཛོམས་པར་ཆོས་རྗེའི་ཞལ་ནས། བཟོད་པ་རིང་མོ་བྱོན་ལགས་སམ། །ས་ཁ་རྗེས་ཀྱིས་གང་ལགས་སམ། །ཁྱི་རྒན་འགྲམ་པ་བཅགས་ལགས་སམ། །གསུངས་པར། མོས། ས་སྐྱ་པཎ་ཆེན་བྱོན་ལགས་སམ། །རྡོ་རྗེ་ཕྲེང་བ་གནང་ལགས་སམ། །དམ་ཉམས་ཀྱིས་ས་ཁ་གང་ལགས་སམ། །དམྱལ་བའི་དཔྱང་རྡོ་བྱས་ལགས་སམ། །”[3]ཞེས་ས་པཎ་དང་ཁོང་གི་སྐུ་སྲིང་བཟོད་པ་རིང་མོ་གཉིས་ཀྱིས་ཕན་ཚུན་ལ་མགུར་བཞེངས་པ་དང་། “ལྷ་ཆུང་ལུང་པའི་ཆུ་འགྲམ་གྱི་ཕ་བོང་ལ་བཟོད་པ་རིང་མོའི་ཞབས་རྗེས། ཆུ་མེད་པར་ཞབས་ཀྱིས་ཕ་བོང་བསྒྱུར་བའི་ཤུལ་དུ་ཆུ་མིག་ཐོན་”ཚུལ།[4] “ལན་ཅིག་པཎ་ཆེན་དགོངས་པ་གཞན་དུ་གཏད་པའི་གཏམ་གསན་ཚེ་ཞལ་ནས། བོད་ཕྱི་རབས་ཕྱི་རབས་ཉལ་ནས་འཆི། །བཟོད་པ་རིང་མོ་ལངས་ནས་འཆི། །”[5]ཞེས་གསུངས་ནས་སྐུ་འདས་པ་སོགས་ངག་རྒྱུན་ལ་ས་པཎ་ལ་བཟོད་པ་རིང་མོ་ཞེས་པའི་སྐུ་སྲིང་ཞིག་ཡོད་པ་དང་། ས་པཎ་ཧོར་ཕེབས་ཀྱི་རྗེས་སུ་བྱ་བྲལ་གྱིས་བྱོན་ཞིང་། སྒོམ་སྒྲུབ་ཉམས་བཞེས་ཀྱིས་ཚེ་འདའ་བའི་རྣལ་འབྱོར་མ་ཞིག་ཡིན་པའི་བཤད་རྒྱུན་དུ་མ་སྣང་།
བཟོད་པ་རིང་མོ་ས་པཎ་གྱི་སྐུ་སྲིང་ཡིན་ཚུལ་གྱི་ངག་རྒྱུན་སྐོར་བཀོད་པའི་ལོ་རྒྱུས་ཡིག་ཚང་ཐོག་མ་ནི་མཁན་ཆེན་སྟག་ལུང་དཔལ་ལྡན་པའི་«ལང་ཇུས་སྡེ་བཞིའི་དཀར་ཆག་ཆེན་མོ་»ཡིན་ཞིང་། སྟག་ལུང་པས་ལང་གྲུ་སྡེ་བཞི་རུ་བཟོད་པ་རིང་མོ་ནི་ས་པཎ་གྱི་སྐུ་སྲིང་དུ་བཤད་པའི་ངག་རྒྱུན་དེ་གཞིར་བཟུང་ནས་བཀོད་པ་མ་ཟད། ”དབུ་ལ་གཙུག་ཏོར་ཡོད་པ་མོའི་འདྲ་བརྙན་ཡིན་ཚེ་ཐོར་ཅོག་དང་། ཐུགས་ཀ་ཡན་ཁམ་སའི་འདག་པས་བཅད་ལ། གཞན་ཁོངས་སྟོང་ཡིན་པ་མཐོང་། རྒྱང་ནས་བལྟས་ན་གསོན་ཉམས་ཆེ་ཞིང་དད་པ་འདྲེན་པ་ཞིག་འདུག་“[6]ཅེས་སྐབས་དེར་བཟོད་པ་རིང་མོའི་སྐུ་བརྙན་རྟེན་བུད་མེད་ཀྱི་ལུགས་སུ་བཞེངས་ཡོད་པ་གསལ་ཞིང་། 1748ལོར་མཛད་པའི«སུམ་པའི་ཆོས་འབྱུང་»དུའང་ནུབ་པདྨའི་སྡེ་རུ་བཟོད་པ་རིང་མོའི་སྐུ་གདུང་བཞུགས་ཚུལ་བཀོད་ཡོད། ཕྱིས་«མདོ་སྨད་ཆོས་འབྱུང་»དུའང་”ཁྲོ་ནག་གི་བླུག་སྐུ་མི་ཚད་ཙམ་ཐུབ་པ་གྲོང་ཁྱེར་མའི་རྣམ་པ་ཅན་གྱི་བཟོད་པ་རིང་མོའི་སྐུ་གདུང་དུ་གྲགས་པ་ཡོད། འགའ་ཞིག་གིས་ནང་རྟེན་དུ་གདུང་རིལ་བོ། ཁ་ཅིག་གིས་གདུང་རུས། གཞན་དག་ཚེམས་གཉིས་བཞུགས་པར་འདོད་པ་དང་དྲོད་དང་ལྡན་ཟེར་བ་སོགས་བཤད་ཚུལ་མི་འདྲ་བ་མང་“[7]ཞེས་བཀོད་ཡོད། གཞན་མ་ཎི་ཞབས་དྲུང་གི་«ལང་ཇུས་སྡེ་བཞིའི་རྟེན་རྣམས་ཀྱི་དཀར་ཆག་དང་ལམ་ཡིག་རབ་གསལ་སྒྲོན་མེ་»ལས་ཀྱང་། མཁན་ཆེན་སྟག་ལུང་དཔལ་ལྡན་པའི་«ལང་ཇུས་སྡེ་བཞིའི་དཀར་ཆག་ཆེན་མོ་»དང་«མདོ་སྨད་ཆོས་འབྱུང་»གཉིས་གཞིར་བཟུང་ནས་བཟོད་པ་རིང་མོ་ས་པཎ་གྱི་སྐུ་སྲིང་སྟེ་རྟེན་བུད་མེད་ཡིན་པར་བྲིས་ཡོད།
གཉིས། ལོ་རྒྱུས་ཡིག་ཚང་ཁྲོད་ཀྱི་བཟོད་པ་རིང་མོ།
འཇམ་མགོན་ས་སྐྱ་པཎྜི་ཏར་ཁོང་གི་དངོས་དང་བརྒྱུད་པའི་བུ་སློབ་རྣམས་གཙོས་གྲུབ་མཐའ་རིས་མེད་ཀྱི་མཁས་པས་མཛད་པའི་རྣམ་ཐར་རྒྱས་བསྡུས་ཅི་རིགས་མཆིས་པ་ལས། གཙིགས་ཆེ་བ་ནི་ཁོང་གི་དངོས་སློབ་ཏུ་གྱུར་པ་རྣམས་ཀྱིས་མཛད་པའི་རྣམ་ཐར་ཁག་ཡིན་པས། ཞང་རྒྱལ་བ་དཔལ་དང་། ཡར་ཀླུངས་གྲགས་པ་རྒྱལ་མཚན། བི་ཇི་རིན་ཆེན་གྲགས། ལྷོ་པ་ཀུན་མཁྱེན་རིན་ཆེན་དཔལ་སོགས་ཀྱིས་མཛད་པའི་ས་པཎ་རྣམ་ཐར་དང་། ཨ་མེས་ངག་དབང་ཀུན་དགའ་བསོད་ནམས་ཀྱིས་མཛད་པའི་«ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་བང་མཛོད་»དང་། སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱིས་མཛད་པའི་«དཔལ་ལྡན་ས་སྐྱའི་གདུང་རབས་འདོད་དགུའི་རྒྱ་མཚོ་»སྟག་ཚང་དཔལ་འབྱོར་བཟང་པོས་མཛད་པའི་«དཔལ་ལྡན་ས་སྐྱ་པའི་གདུང་རབས་མདོར་བསྡུས་དོན་གསལ་»སོགས་ས་སྐྱའི་གདན་རབས་ཁག་ཏུའང་ས་པཎ་ལ་སྐུ་མཆེད་གཅུང་ཟངས་ཚ་བསོད་ནམས་རྒྱལ་མཚན་གཅིག་པུ་ལས་སྐུ་སྲིང་བཟོད་པ་རིང་མོ་ཞེས་པ་ཞིག་ཡོད་ཚུལ་མི་གསལ་བས། གོང་ནས་གླེང་བའི་བཟོད་པ་རིང་མོ་ནི་ས་པཎ་གྱི་སྐུ་སྲིང་ཡིན་མིན་དང་། ཁོང་དང་ལྷན་དུ་ཧོར་ཡུལ་དུ་ཕེབས་མིན་སྐོར་རེ་ཞིག་གསང་རྒྱའི་ཚུལ་དུ་ལུས་ཡོད།དུས་རབས་བཅུ་བཞི་པའི་ནང་བྱོན་པའི་གསེར་མདོག་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་«ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་ལུང་རིགས་རོལ་མཚོ་»རུ། “བློ་གྲོས་ལང་ཚོ་དར་བའི་མཁྱེན་རབ་དང་། །མ་ལུས་འགྲོ་བ་སྐྱོང་བའི་བརྩེ་བ་དང་། །མཚན་འཛིན་བྲལ་བའི་ཚུལ་ཁྲིམས་རྣམ་གསུམ་གྱིས། །བསྟན་པའི་རྒྱན་གྱུར་བཟད་པ་རིང་མོའི་ཞབས། །བརྩོན་འགྲུས་རྟ་བརྒྱས་འཁྲིད་པའི་ཁ་ལོ་བས། །ཡོན་ཏན་ལུགས་བརྒྱ་ལྡན་པའི་ཁྲིར་བཞག་ནས། །ཤེས་རབ་ཤུགས་བརྒྱ་ལྡན་པའི་རྡོ་རྗེ་ཡིས། །ཉོན་མོངས་གཡུལ་བརྒྱ་འགྱེད་པ་རྩད་ནས་ཕྱུང་། །”[8]ཞེས་མདོ་ཕྱོགས་བཀའ་པོད་ལྔའི་ནང་གསེས་ཕར་ཕྱིན་གྱི་བླ་བརྒྱུད་བསྟོད་པ་རུ་བཟོད་པ་རིང་མོ་འདུས་ཡོད་ཅིང་། «བཀའ་གདམས་གསུང་འབུམ་ཕྱོགས་བསྒྲིགས་»གླེགས་བམ་ཞེ་གཅིག་པ་རུ། བཟོད་པ་རིང་མོའི་གསུང་ཆོས་«ཆོས་མངོན་པ་ཀུན་ལས་བཏུས་པའི་རྣམ་པར་བཤད་པ་གསལ་བ་བློའི་རྒྱན་»ཞེས་བྱ་བ་ཤོག་ལྡེབ180ཅན་བསྡུས་ཡོད་པ་བཅས་ལས། བཟོད་པ་རིང་མོ་ནི་བོད་དུ་ཕར་ཕྱིན་གྱི་བཤད་རྒྱུན་སྤེལ་བར་མཛད་རྗེས་ཆེ་བ་ཞིག་ཡིན་པ་གསལ་ཞིང། མང་ཐོས་ཀླུ་སྒྲུབ་རྒྱ་མཚོའི«བསྟན་རྩིས་གསལ་བའི་ཉིན་བྱེད་»ལས། བོད་དུ་རྔོག་ལོ་ཆེན་པོ་ནས་ཕར་ཕྱིན་གྱི་བཤད་རྒྱུན་སྤེལ་ཚུལ་ལ། “འབྲེ་ཆེན་པོའི་བཤད་རྒྱུན་སྤེལ་བའི་སློབ་མ་ཨར་བྱང་ཆུབ་ཡེ་ཤེས་ཡིན་པ་ལ། དེའི་སློབ་མ་ཁྱུང་ཤེར་བརྩོན་དང་། གཞོན་ནུ་ཚུལ་ཁྲིམས། དེ་གཉིས་ཀྱི་སློབ་མ་ཞང་གཡེ་བ་སྨོན་ལམ་ཚུལ་ཁྲིམས། དེའི་སློབ་མ་གཉལ་ཞིག་འཇམ་དཔལ་རྡོ་རྗེ། དེས་ཕོ་བྲང་འུན་ཤང་རྡོར་ལོ་དགུར་མཚམས་བསྡམས་ཏེ་བཤད་པ་མཛད་པ་ལས། གཉལ་ཞིག་གི་བུ་དགུར་གྲགས་པ་བྱུང་སྟེ། བཟང་རིངས་དང་། ཕུ་ཐང་དར་དཀོན། གཙང་པ་གྲུ་གུ་གསུམ་སྔ་ཚར”[9]ཞེས་དང་།«རྒྱ་བོད་ཡིག་ཚང་ཆེན་མོ»ལས། “དན་བག་པའི་སློབ་མ་སྙལ་པ་ཞིག་པོས་ཝུ་ཤང་བརྡོ་ལ་སོགས་སུ་བཤད་པ་ལས་བུ་དགུར་གྲགས་པ་བྱུང་སྟེ། བཟད་རིངས། ཕུ་དུང་དར་དཀོན་གཙང་གྲུབ་གསུམ་ལ་སྔ་ཚར་གསུམ་ཟེར”[10]ཞེས་བཟོད་པ་རིང་མོ་ནི་བོད་དུ་ཕར་ཕྱིན་གྱི་བསྟན་པ་ཁྱབ་བརྡལ་དུ་སྤེལ་མཁན་གཉལ་ཞིག་འཇམ་དཔལ་རྡོ་རྗེའི་བུ་ཆེན་དགུ་ལས་སྔ་ཚར་གསུམ་གྱི་ཡ་གྱལ་དུ་བགྲང་ཞིང་། བཟང་རིངས་དང་བཟད་རིངས་ཞེས་བྱུང་བ་རྗེས་འཇུག་ང་དང་ད་གཉིས་བརྗེ་བ་ཙམ་ལས་དོན་གྱིས་བཟོད་པ་རིང་མོའི་མཚན་བསྡུས་འབྲི་བྱས་པ་གསལ་བོར་རྟོགས་ཐུབ།
བཟོད་པ་རིང་མོས་ཕོ་བྲང་འུན་ཤང་རྡོར་བླ་མ་གཉལ་ཞིག་འཇམ་དཔལ་རྡོ་རྗེའི་ཞབས་ལ་གཏུགས་ཏེ། བསྟན་པའི་གཞུང་ཤིང་ཕར་ཕྱིན་གཙོ་བོར་གྱུར་པའི་མདོ་ཕྱོགས་ཀྱི་གཞུང་ལུགས་ཀུན་ལ་སྦྱངས་པ་མཛད་པས་མཁས་པར་གྱུར། “བཟད་རིངས་ཀྱིས་ཁྲོ་ཕུར་བཤད་གྲྭ་བཙུགས་ཏེ། མགས་པ་དང་། སྟག་སྟོན་སྤྱིལ་བུ་བ། ལྷོ་པ་གྲུབ་སེང་སོགས་བྱུང”[11]ཞེས་ཁྲོ་ཕུར་བཤད་གྲྭ་བཙུགས་ནས་འཆད་ཉན་མཛད་པས། སློབ་མ་ལྷོ་པ་གྲུབ་སེང་སོགས་མཁས་པ་མང་པོ་བྱོན་པ་ལས་བརྒྱུད་པ་བུ་སྟོན་རིན་ཆེན་གྲུབ་སོགས་མང་པོ་བྱུང་བར་བཤད། ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱི་«དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར་»ལས། “འབྲེ་འབར་ནས། ཨར་བྱང་ཆུབ་ཡེ་ཤེས། ཁྱུང་ཤེར་བརྩོན་དང་། གཞོན་ནུ་ཚུལ་ཁྲིམས། ཞང་གཡེ་བ་སྨོན་ལམ་ཚུལ་ཁྲིམས། གཉལ་ཞིག་འཇམ་དཔལ་རྡོ་རྗེ། གཟད་རིངས་དར་མ་ཚུལ་ཁྲིམས”[12]ཞེས་པ་ལས་བཟོད་པ་རིང་མོའི་མཚན་དངོས་ནི་དར་མ་ཚུལ་ཁྲིམས་ཡིན་པར་གསལ་ཞིང་། བྲག་དགོན་པས་“དེས་ན་བཟད་ལུང་པ་ཞིག་ཡིན་འདྲ་“[13]ཞེས་པ་ལྟར་གཟད་ས་མིང་ཡིན་ཏེ། ཆོས་རྒྱལ་སྲོང་བཙན་པོའི་སྐབས་སུ་བོད་ཁམས་རུ་ལྔར་ཕྱེ་བའི་རུ་རེ་རེའི་ཡུལ་སྡེ་བྱེ་བྲག་རྣམས་ལ་ཡུལ་དཔོན་བཅུ་དྲུག་རེ་ཡོད་པ་ལས། འདི་ནི་དབུ་རུའི་ཡུལ་དཔོན་ཚན་བཅུ་དྲུག་གི་ཡུལ་སྡེ་བཅུ་གཉིས་པ་ཡིན་ཞིང་། མཁས་པ་མི་བཅུས་དབུས་གཙང་དུ་བསྟན་པའི་གནས་གཞི་འཛིན་དུས། “འབྲིང་སྟོན་གྱི་སྟོན་པ་དམར་གསལ་ཤེ་དང་ཚེས་སྤོང་གསལ་འབར་གཉིས་ཀྱིས་སྭལ་གྱི་ཁེ་ལྡིར། འབྲོག་ཟད། ཉང་མོ་སྐྱུར། གཟད་སོགས”[14]ཞེས་གཟད་དམ་བཟད་ནི་ཕྱི་དར་བསྟན་པའི་གནས་གཞི་དང་པོའི་གྲས་སུ་གཏོགས་ཤིང་། དེང་གི་བོད་ལྗོངས་ཆུ་ཤུར་རྫོང་ཁོངས་ཡིན་པར་བཤད་པས། བཟོད་པ་རིང་མོ་ནི་བོད་དུ་ཕར་ཕྱིན་གྱི་བཤད་རྒྱུན་སྤེལ་བའི་མཁས་པ་ཞིག་ཡིན་ཞིང་། དེ་མཐུན་གྱི་བསྟན་བཅོས་ཀྱང་མཛད་ཡོད་པ་དང་། འཁྲུངས་ཡུལ་གྱི་མིང་ལ་བརྟེན་ནས་བཟོད་པའམ་བཟད་པ་ཞེས་ཐོགས་ཤིང་། ཁོང་གི་མཚན་དངོས་ནི་དར་མ་ཚུལ་ཁྲིམས་ཡིན་པ་གོང་གསལ་ཡིག་ཚང་དག་གུང་བསྒྲིགས་པས་གསལ་ལ། གཞན་ཁོང་ས་པཎ་གྱི་སྐུ་སྲིང་ཡིན་པ་དང་། བཟོད་པ་རིང་མོ་ཞེས་པའི་མིང་ལ་བརྟེན་ནས་རྟེན་བུད་མེད་ཡིན་ཚུལ་བཤད་པ་ནི་མ་དག་རྒྱུན་འབྱམས་སུ་གྱུར་པའི་དམངས་ཁྲོད་ངག་རྒྱུན་དུ་ངེས་ལ། ངག་རྒྱུན་དེ་ལས་བདེན་པའི་ཆ་གཅིག་ནི་ས་པཎ་དང་དགེ་བཤེས་བཟོད་པ་རིང་མོའི་བར་ལ་འབྲེལ་བ་ཡོད་པར་བསྟན་པ་དེ་ཁོ་ནའོ། །
གསུམ། ས་པཎ་དང་བཟོད་པ་རིང་མོའི་འབྲེལ་བ།
ས་པཎ་དང་བཟོད་པ་རིང་མོའི་བར་གྱི་འབྲེལ་བ་ཅི་ཞིག་ཡིན་ཚུལ་ནི། མང་ཐོས་ཀླུ་སྒྲུབ་རྒྱ་མཚོའི་«བསྟན་རྩིས་གསལ་བའི་ཉིན་བྱེད་»ལས། “མཁས་བཙུན་ཆེན་པོ་བཞི་ནི། བོ་དོང་པ་རིན་ཆེན་བརྩོན་འགྲུས་རྡོ་རྗེ། གཙང་ནགས་ཕུག་པ་འཇམ་དབྱངས་ཤེས་རབ་འོད་ཟེར། དགེ་བའི་བཤེས་གཉེན་བཟོད་པ་རིང་མོ། ཏེ་ར་བ་བྱམས་པ་མགོན་པོ་དང་བཞིའོ”[15]ཞེས་བཟོད་པ་རིང་མོ་ནི་དཔལ་ལྡན་ས་སྐྱ་པཎྜི་ཏའི་དངོས་སློབ་མཁས་བཙུན་ཆེན་པོ་བཞིའི་ཡ་གྱལ་ཡིན་ཚུལ་གསལ་བས་ཁོང་གཉིས་བླ་སློབ་ཡིན་པར་ཤེས། ཁོང་གཉིས་ཇི་ལྟར་བླ་སློབ་ཏུ་གྱུར་པའི་ཚུལ་ལ། ས་པཎ་གྱིས་རྗེ་བཙུན་གྲགས་པ་རྒྱལ་མཚན་དང་། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི། པཎྜི་ཏ་སཾ་གྷ་ཤྲཱི། སུ་ག་ཏ་ཤྲཱི་སོགས་རྒྱ་བོད་གཉིས་ཀྱི་མཁས་གྲུབ་དུ་མ་བསྟེན་ནས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གནས་ཀུན་ལ་མཁས་པར་སྦྱངས་ཤིང་། རིག་གནས་ཀུན་ལ་ཁྱབ་པའི་བསྟན་བཅོས་ལེགས་པར་མཛད་དེ། ས་སྐྱ་པཎྜི་ཏ་ཞེས་མཁས་པའི་གྲགས་པ་གངས་རིའི་ཁྱིམ་ལས་བརྒལ་པ་དང་། “དེ་དུས་ཀྱི་འཆད་ཉན་སྨར་ཞིང་མཁས་པར་གྲགས་པ་སྨྱལ་ཞིག་འཇམ་པའི་རྡོ་རྗེ་དཔོན་སློབ་རྣམས་ཡིན་པ་ལས། ཆོས་རྗེ་པའི་སྙན་གྲགས་ཤིན་ཏུ་མ་བཟོད་ནས། བུ་དགུའི་རིག་པ་བཟང་ཤོས་འུ་ཡུག་པ་རིག་པའི་སེང་གེ་ཡིན་པ་ཆོས་རྗེ་ལ་རྩོད་དུ་བཏང་ནས་ཆོས་རར་ཞག་ཤས་བསྡད་ནས་འགལ་དུ་བསྒུགས་པས་མ་རྙེད་ཅིང་། རྩོད་པར་ཅུང་ཟད་ཀྱང་མ་ནུས་ཀྱི་སྟེང་ནས་མི་ཕྱེད་པའི་དད་པ་ཐོབ་སྟེ་ཞབས་པད་ཡུན་རིང་དུ་བསྟེན་པས་བུ་ཆེན་དུ་གྱུར”[16]ཞེས་པ་ལས། གཉལ་ཞིག་འཇམ་དཔལ་རྡོ་རྗེ་ནི་དུས་སྐབས་དེར་བོད་དུ་ཕར་ཕྱིན་ལ་མཁས་པའི་ཚད་དུ་བགྲང་ཞིང། སློབ་བརྒྱུད་ཀྱང་ས་སྟེང་དུ་ཁྱབ་པའི་སྐབས་ཡིན་ལ། ས་པཎ་གྱི་སྙན་གྲགས་མ་བཟོད་ནས་གཉལ་ཞིག་འཇམ་དཔལ་རྡོ་རྗེས་ཉིད་ཀྱི་བུ་ཆེན་འུ་ཡུག་པ་རིག་པའི་སེང་གེ་ས་པཎ་ལ་རྩོད་དུ་བཏང་བར། འུ་ཡུག་པ་རིག་པའི་སེང་གེ་ཞུམ་པར་གྱུར་ཏེ་མཐར་ས་པཎ་སློབ་དཔོན་དུ་བསྟེན་ནས་རྣམ་འགྲེལ་སོགས་ལ་སྦྱངས་པས་བུ་ཆེན་དུ་གྱུར་བ་དང་། བཟོད་པ་རིང་མོས་ཀྱང་སྐབས་འདི་ཙམ་ལ་ས་པཎ་སློབ་དཔོན་དུ་བསྟེན་པར་སྣང།ཆོས་རྗེ་ས་པཎ་དགུང་ལོ་ལྔ་བཅུ་ང་དགུ་བཞེས་པའི་ཚེ་འཕགས་པ་ཝ་ཏིའི་གཙུག་ལག་ཁང་དང་འདབས་འབྲེལ་ཚོང་འདུས་ཀྱི་དབུས་སུ། རྒྱ་གར་གྱི་མུ་སྟེགས་འཕྲོག་བྱེད་དགའ་བོ་སོགས་སྟོན་པ་དྲུག་བོད་ལ་རྩོད་དུ་ཕེབས་པར། “དེ་ནས་བླ་མ་ཆོས་རྗེ་སློབ་མའི་ཚོགས། །འཕྲོག་བྱེད་རལ་པ་ཅན་དང་རྩོད་པར་བརྩམ། །བཅུ་གསུམ་གདུགས་དང་བསྟན་པ་དཔང་དུ་བཙུགས། །བཅུ་གཉིས་བར་དུ་བླ་མ་ཆོས་རྗེ་ཕམ། །འུ་ཡུག་བཟང་རིངས་ལ་སོགས་བྲོས་པའི་ཚེ། །ཡི་དམ་ལྷ་ལ་ཡི་ཆད་གསོལ་བ་བཏབ། །སྒྲོལ་མས་ལུང་བསྟན་འཇམ་དབྱངས་རྩོད་པའི་གྲོགས། །བྱས་པས་བཅུ་གསུམ་ཉིན་པར་ཆོས་རྗེ་རྒྱལ། །”[17]ཞེས་ཉིན་བཅུ་གསུམ་ལ་བསྟན་པ་དཔང་དུ་བཙུགས་ནས་མུ་སྟེགས་འཕྲོག་བྱེད་དགའ་བོ་དང་རྩོད་པར་དུས་བཅད་ཅིང་། ཉིན་བཅུ་གཉིས་ཀྱི་བར་དུ་ས་སྐྱ་པཎྜི་ཏ་ཕམ་པས། འུ་ཡུག་པ་རིག་པའི་སེང་གེ་དང་། བཟོད་པ་རིང་མོ་སོགས་སློབ་མའི་འཁོར་རྣམས་བྲོས་པ་ལས། བཟོད་པ་རིང་མོ་དེ་དུས་ས་པཎ་གྱི་སྐུ་ཟླར་ཡོད་ཅིང་། ས་པཎ་དགུང་ལོ་ང་དགུ་པའི་གོང་ནས་བཟོད་པ་རིང་མོ་དང་བླ་སློབ་ཀྱི་འབྲེལ་བ་བྱུང་ཡོད་པ་ཞར་ལ་རྟོགས་ཐུབ་བོ། །
བཞི། ས་པཎ་ཧོར་ཡུལ་ལ་འབྱོན་དུས་བཟོད་པ་རིང་མོ་ཕེབས་ཡོད་མེད་བཤད་པ།
ས་པཎ་དགུང་ལོ་རེ་གསུམ་པའི་སྟེང་ས་སྐྱ་ནས་བྱང་ངོས་ཧོར་ཡུལ་དུ་འབྱོན་པའི་ཚེ། “ས་སྐྱར་མཚན་ཉིད་ཚོགས་དཔོན་འུ་ཡུག་པ་རིག་པའི་སེང་གེ །སྔགས་ཀྱི་ཚོགས་དཔོན་ཞང་བཙུན་མདོ་སྡེ་དཔལ། སྤྱི་དཔོན་ཉེ་གནས་སུ་དགེ་བཤེས་ཤཱཀྱ་བཟང་པོ་བསྐོས”[18]ནས་བྱོན་པ་དང་། ཁོང་ལ་བུ་སློབ“རྟོགས་པའི་བརྒྱུད་འཛིན་ཚོགས་གྲུབ་དབོན་གསུམ། མན་ངག་གི་བརྒྱུད་འཛིན་ལྷོ་དམར་རྣམ་གཉིས། བཤད་པའི་བརྒྱུད་འཛིན་ཤར་ནུབ་གུང་གསུམ། སྡོམ་ཕྲུག་བགྲེས་པ་དཔལ་བཟང་པོ་བཅུ་གསུམ། གཞོན་པ་རྒྱལ་མཚན་གྱི་མཐའ་ཅན་བདུན། ལོ་ཙཱ་བ་ཆེན་པོ་བཞི། སྦས་པའི་རྣལ་འབྱོར་བ་ཆེན་པོ་བཞི། མཁས་བཙུན་གྱི་ཐུགས་སྲས་བཞི། སྒྲུབ་པའི་བརྒྱུད་འཛིན་རྒྱལ་བ་ཡང་དགོན་པ། སྦས་པའི་གྲུབ་ཆེན་ཟངས་ཚ་བསོད་རྒྱལ”[19]སོགས་མང་དུ་མཆིས་པ་ལས། ཡོངས་གྲགས་སུ་དགུང་ལོ་བཅུ་བཞེས་པའི་འགྲོ་མགོན་འཕགས་པ་དང་། དགུང་ལོ་དྲུག་བཞེས་པའི་ཕྱག་ན་རྡོ་རྗེ་སྟེ། སྐུའི་ཚ་བོ་གཉིས་ཕྱག་ཕྱིར་འཁྲིད་པ་མ་གཏོགས། བུ་སློབ་གང་དག་ཁོང་དང་མཉམ་དུ་ཕེབས་པའི་སྐོར་མི་གསལ་མོད། གདུང་རབས་དང་རྣམ་ཐར་ཁག་ཞིབ་ཏུ་བསྡུར་ནས་བརྟག་ན། ཁོང་གི་དངོས་སློབ་ཁ་ཤས་ཤིག་ཁོང་དང་མཉམ་དུ་ཕེབས་ཤིང་། ཁ་ཤས་ཤིག་ཁོང་གི་རྗེས་སུ་ཧོར་ཡུལ་དུ་ཕེབས་ཡོད།ས་པཎ་ཁུ་དབོན་གསུམ་དང་མཉམ་དུ་ཕེབས་པའི་སྐོར་ལ། «བསྟན་རྩིས་གསལ་བའི་ཉིན་བྱེད་»ལས། “ལྷོ་པ་ཀུན་མཁྱེན་རིན་ཆེན་དཔལ་ལྷོ་ཕ་དྲུག་ཡིན། སྐུ་ཤིན་ཏུ་བགྲེས་པ་ནས་བྱང་ངོས་སུ་བརྡ་དོན་གསལ་བའི་ཐོ་སྒྲིག་ཞུ་བ་ལ་བྱོན”[20]ཞེས་གསུངས་ཤིང་། «བརྡ་དོན་གསལ་བ»ནི་ས་སྐྱ་པའི་ལམ་འབྲས་ཀྱི་མན་ངག་མཐའ་དག་གི་དོན་འདུས་པའི་གཞུང་ཞིག་ཡིན་ལ། ལྷོ་པ་ཀུན་མཁྱེན་རིན་ཆེན་དཔལ་ནི་གཞུང་འདིའི་ཐོ་ཡིག་འགོད་པ་ལ་ས་པཎ་གྱི་ཕྱག་ཕྱིར་རྐང་འགྲོས་ཀྱིས་ཧོར་ཡུལ་དུ་ཕེབས་ཡོད་པ་དང་། ས་པཎ་འཁོར་བཅས་ཧོར་ཡུལ་དུ་ཕེབས་པའི་ལམ་དུ་མདོ་ཁམས་ཀྱི་སྟོན་པ་བློ་གྲོས་རབ་གསལ་དང་། མདོ་སྨད་ཀྱི་རྣལ་འབྱོར་པ་ཕྲུ་མར་འབོད་པ་གཉིས་ཀྱིས་ས་པཎ་ལ་ཆོས་ཀྱི་དྲི་བ་མང་དུ་ཞུས་པ་ལ། ཞུས་ལན་ཡི་གེར་འགོད་མཁན་བི་ཇི་རིན་ཆེན་གྲགས་ཡིན་ཚུལ་«སྟོན་པ་བློ་གྲོས་རབ་གསལ་གྱི་དྲིས་ལན»དང་། «རྣལ་འབྱོར་པ་ཕྲུ་མའི་དྲིས་ལན»གཉིས་ཀྱི་མཇུག་བྱང་དང་། «ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་བང་མཛོད་»བཅས་སུ་”བི་ཇིས་མདོ་ཁམས་སྨད་གླིང་ཁར་བྲིས་པའོ་“[21]ཞེས་བཀོད་པ་ལས་བི་ཇི་རིན་ཆེན་གྲགས་ཀྱང་ཧོར་ཡུལ་དུ་ཕེབས་ཡོད་ཚུལ་གསལ་ལ། ཁྱད་པར་དུ་ཡར་ཀླུངས་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་«དཔལ་ལྡན་ས་སྐྱ་པཎྜི་ཏའི་རྣམ་པར་ཐར་པ་འབྲིང་པོ་»ལས། “ཐོ་རངས་དུས་སུ་ཉེ་གནས་བརྩོན་འགྲུས་ཅན། །བི་ཇི་རིན་ཆེན་གྲགས་པའི་མཐའ་ཅན་གྱིས། །ལག་པ་དར་གཏུམ་ཆོས་གོས་སྣམ་སྦྱར་གྱོན། །དྲི་ཞིམ་བསང་གཏོར་རིན་ཆེན་གསེར་གཞོང་དུ། །སྣ་ཚོགས་མཆོད་སྤྲིན་རིན་ཆེན་ཕུང་པོར་བཏུས། །སྐུ་གདུང་ལེགས་བསྡུས་རིན་ཆེན་སྒྲོམ་བུར་བསྡུས། །”[22]ཞེས་ས་པཎ་ལིང་ཅུ་རྩེ་རུ་སྐུ་གཤེགས་རྗེས་བི་ཇི་རིན་ཆེན་གྲགས་ཀྱིས་ས་པཎ་གྱི་སྐུ་གདུང་ལ་བདག་དམ་བྱས་པ་སོགས་ལས། བི་ཇི་རིན་ཆེན་གྲགས་ནི་ས་པཎ་ཧོར་ཡུལ་དུ་འབྱོན་ཁར་བླ་སྨན་དུ་སོང་ངམ་སྙམ་སྟེ། ཁོང་ནི་གསོ་རིག་ལ་ཤིན་ཏུ་མཁས་ཤིང་གསང་སྨན་དག«གསོ་རིག་གཅེས་བཏུས་རིན་ཆེན་ཕྲེང་བ་»རུ་བསྡུས་ཡོད་པ་ལས་ཀྱང་ཤེས་ནུས་སོ། ། ཡང་ཨ་མེས་ཞབས་ངག་དབང་ཀུན་དགའ་བསོད་ནམས་ཀྱི་«ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་བང་མཛོད»དུ་ས་པཎ་སྐུ་མྱ་ངན་ལས་འདས་ཚུལ་གྱི་སྐོར་ལ་བི་ཇི་རིན་ཆེན་གྲགས་ཀྱིས་མཛད་པའི་ས་པཎ་གྱི་རྣམ་ཐར་ཚན་པ་འགའ་ཇི་བཞིན་དྲངས་པ་ལས། “ས་པཎ་སྐུ་གཤེགས་པའི་ཚེ་ན་རོལ་མོའི་སྒྲ་གྲགས་པ་སློབ་དཔོན་ཇོ་གདན་དང་ངེད་མང་རབ་ཡོད་པས་རོལ་མོའི་སྒྲ་ཐོས”[23]ཞེས་དང་། “ཚིགས་བཅད་མང་པོ་ཞིག་གསུངས་པ་བདག་གིས་མ་ཟིན། སློབ་དཔོན་ཇོ་གདན་གྱིས་མང་རབ་ཞིག་ཟིན་སྣང”[24]ཞེས་གསུངས་པ་ལྟར་ས་པཎ་ལིང་ཅུའི་རྩེར་སྐུ་གཤེགས་དུས་སློབ་དཔོན་ཇོ་གདན་པ་ཡང་བི་ཇི་རིན་ཆེན་གྲགས་དང་མཉམ་དུ་ཡོད་ཚུལ་རྟོགས་ཐུབ་པ་དང་། ཇོ་གདན་པ་ཞུ་བ་འདི་ཇོ་གདན་པ་བསོད་ནམས་རྒྱལ་མཚན་དང་ཇོ་གདན་བྱང་ཆུབ་དཔལ་བ་གཉིས་ཀྱི་གང་ཡིན་བརྟག་བྱར་ལུས།
ས་པཎ་ཁུ་དབོན་གསུམ་གྱི་རྗེས་སུ་ཧོར་ཡུལ་དུ་ཕེབས་ཚུལ་ལ། དགེ་བཤེས་བཟོད་པ་རིང་མོ་ནི་«མདོ་སྨད་ཆོས་འབྱུང་»དུ“རྗེ་དེ་ཉིད་ཧོར་ཕེབས་ཀྱི་རྗེས་སུ་བྱ་བྲལ་གྱིས་བྱོན”[25]པར་གསུངས་པ་བཞིན། ས་པཎ་ཧོར་གྱི་ཡུལ་དུ་ཕེབས་པའི་རྗེས་སུ་གནས་ཆེན་མང་པོ་ནས་སྒོམ་སྒྲུབ་ཉམས་ལེན་གནང་ཞོར་ཕེབས་ཤིང། འཇམ་དབྱངས་ས་པཎ་གྱིས་བཞེངས་པའི་མདོ་སྨད་ཇོ་ཆེན་བཞིའི་ཡ་གྱལ་ཁྲི་ཀའི་ཇོ་ཇོ་ལྷ་ཁང་གི་ཉེ་ལོགས་སུ་ཡུན་རིང་སྒོམ་ལ་ཞུགས་ཤིང་། དེ་ནས་རིམ་བཞིན་ལང་གྲུ་སྡེ་བཞིའི་ཡ་གྱལ་ནུབ་པདྨོའི་སྡེ་རུ་ཕེབས་ཏེ་ས་སྐྱ་པཎྜི་ཏ་དང་ཞལ་མཇལ་དུས། ས་པཎ་གྱིས“བཟོད་པ་རིང་མོ་བྱོན་ལགས་སམ། །ས་ཁ་རྗེས་ཀྱིས་གང་ལགས་སམ། །ཁྱི་རྒན་འགྲམ་པ་བཅག་ལགས་སམ། །”[26]ཞེས་གསུངས་པ་ལ། བཟོད་པ་རིང་མོས་“ས་སྐྱ་པཎ་ཆེན་བྱོན་ལགས་སམ། །རྡོ་རྗེ་ཕྲེང་བ་གནང་ལགས་སམ། །དམ་ཉམས་ཀྱིས་ས་ཁ་གང་ལགས་སམ། །དམྱལ་བའི་དཔྱང་རྡོ་བྱས་ལགས་སམ། །”[27]ཞེས་ཡུན་རིང་མ་མཇལ་བར་མཚམས་འདྲིའི་ཚུལ་དུ་ཕན་ཚུན་ལ་མགུར་བཞེངས་ཤིང་། རི་ཁྲོད་ཅིག་ཏུ་སྒོམ་སྒྲུབ་ལ་གཞོལ་བས་ཕྱིས་བཟོད་པ་རི་ཁྲོད་དུ་མིང་ཐོགས་པ་དང་། ལྷ་ཆུང་ལུང་པར་ཆུ་མིག་བཏོན་ཞིང་ཆུ་འགྲམ་དུ་བཟོད་པ་རིང་མོའི་ཞབས་རྗེས་གསལ་བར་མངོན་ཞིང། ས་པཎ་སྤྲུལ་བའི་སྡེར་གཤེགས་པའི་གཏམ་གསན་འཕྲལ། “བོད་ཕྱི་རབས་ཕྱི་རབས་ཉལ་ནས་འཆི། ང་བཟོད་པ་རིང་མོ་ལངས་ནས་འཆི་” [28]གསུངས་ནས་སྐུ་འདས་པར་གྲགས་སོ། །
ལྔ། དོན་སྡུད་པ།
མདོ་སྨད་གྱི་ཡུལ་གྲུ་འགར་བཟོད་པ་རིང་མོ་ནི་ས་པཎ་གྱི་སྐུ་སྲིང་ཡིན་པའི་ངག་རྒྱུན་མ་ཉམས་པར་གནས་ཀྱང་། ས་པཎ་གྱི་དངོས་སློབ་རྣམས་ཀྱིས་མཛད་པའི་རྣམ་ཐར་ཁག་དང་། ས་སྐྱའི་གདུང་རབས་དང་གདན་རབས། ངག་རྒྱུན་ཁག་གུང་བསྒྲིགས་ཤིང་བསྡུར་ཚེ། བཟོད་པ་རིང་མོ་ནི་གཟད་དམ་བཟད་ཅེས་པའི་ས་ཆར་འཁྲུངས་ཤིང་། མཚན་དངོས་ལ་དར་མ་ཚུལ་ཁྲིམས་ཞེས་སུ་འབོད། སྐུ་ཚེ་སྟོད་ལ་གཉལ་ཞིག་འཇམ་དཔལ་རྡོ་རྗེ་སློབ་དཔོན་དུ་བསྟེན་ནས་ཕར་ཕྱིན་གཙོས་པའི་གཞུང་ཆེན་ཁག་ལ་སློབ་གཉེར་གནང་བ་དང། ཁྲོ་ཕུར་ཕར་ཕྱིན་གྱི་བཤད་གྲྭ་བཙུགས་ནས་ལྷོ་པ་གྲུབ་སེང་དང་བུ་སྟོན་རིན་ཆེན་གྲུབ་སོགས་དངོས་དང་བརྒྱུད་པའི་བུ་སློབ་མཁས་པ་མང་དུ་བྱུང་སྟེ། བསྟན་པ་ཕྱི་དར་ལ་བོད་དུ་ཕར་ཕྱིན་གྱི་བཤད་རྒྱུན་ཕྱོགས་མཐར་སྤེལ་བ་ལ་མཛད་རྗེས་ཤིན་ཏུ་ཆེ་བའི་མཁས་པ་ཞིག་ཡིན། ཕྱིས་སུ་དཔལ་ལྡན་ས་སྐྱ་པཎྜི་ཏའི་སྙན་པ་གསན་ཏེ་དེ་ཉིད་བླ་མར་བསྟེན་ནས་རྣམ་འགྲེལ་སོགས་ལ་སྦྱངས་པ་དང་། ས་པཎ་གྱིས་རྒྱ་གར་གྱི་འཕྲོག་བྱེད་དགའ་བོ་སོགས་མུ་སྟེགས་པའི་སྟོན་པ་དྲུག་དང་རྩོད་པ་གནང་དུས་ཁོང་གི་སྐུ་ཟླར་ཡོད་ཅིང། ས་པཎ་ཧོར་ཡུལ་དུ་ཕེབས་པའི་རྗེས་ནས་གནས་ཁྱད་པར་ཅན་མང་པོར་སྒྲུབ་པ་ཉམས་ལེན་ལ་གཞོལ་ཞོར་ཧོར་གྱི་ཡུལ་དུ་ཕེབས་ཤིང་། མཐར་ཚེ་ཡི་འཕེན་པ་ཡང་ནུབ་པདྨོའི་སྡེ་རུ་རྫོགས་པ་བཅས། མདོར་ན། ས་པཎ་དང་བཟོད་པ་རིང་མོ་གཉིས་ཀྱི་འབྲེལ་བ་ནི་རིགས་རྒྱུད་ཀྱི་འབྲེལ་བ་མིན་པར་བླ་སློབ་ཀྱི་འབྲེལ་བ་ཡིན་ཚུལ་བསྟན་པའོ། །_________________________________
མཆན་འགྲེལ།
① ཁྲི་ཀའི་ཇོ་ཁང་བཞེངས་མཁན་གྱི་ཐད་ལ། ཡོངས་གྲགས་སུ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱིས་བཞེངས་པར་བཤད་པ་དང་། ཤར་སྐལ་ལྡན་རྒྱ་མཚོས་«ཨ་མདོའི་ཆོས་འབྱུང་»ལས། ཇུའི་ཇོའུ་ལྷ་ཁང་དང་པོར་ཆོས་རྗེ་ལྷུན་གྲུབ་རྒྱ་མཚོས་བཞེངས། ས་པཎ་གྱིས་རབ་གནས་མཛད་ཅེས་བཀོད་ཡོད་མོད། ཁོང་གཉིས་བླ་སློབ་ཡིན་པས་འགལ་བ་ཆེར་མེད་སྙམ།
② ཁྲི་ཀའི་ཇོ་བདག་ཚང་ནི། ས་སྐྱ་པཎྜི་ཏས་ཇོ་ཁང་བཞེངས་ཏེ། ཁོང་ཧོར་ཡུལ་དུ་ཕེབས་ཁར་ཇོ་ཁང་ལ་མཆོད་འབུལ་དང་བདག་གཉེར་དོ་དམ་བྱེད་མཁན་དུ་བསྐོས་པའི་དུད་ཁྱིམ་དེ་ལ་ཟེར།
ལུང་ཁུངས།
[1] ངོར་ཆེན་ཀུན་དགའ་བཟང་པོ། ངོར་ཆེན་ཀུན་དགའ་བཟང་པོའི་གསུང་འབུམ། པོད་དང་པོ། [M] སྡེ་དགེ་པར་ཁང་། 1991: 134.
[2][5] དོར་ཞི། ལང་ཇུས་སྡེ་བཞི་སོགས་ཀྱི་དཀར་ཆག་ཕྱོགས་བསྒྲིགས། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1988.23.23.
[3][4][6][7][13][25][26][27][28] བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས། མདོ་སྨད་ཆོས་འབྱུང་། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1982: 143 .143.142.142.143.143.143.143.143.
[8] པཎ་ཆེན་ཤཱཀྱ་མཆོག་ལྡན། པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་གསུང་འབུམ། ལྔ་རིག་དཔེ་ཚོགས། པོད་དང་པོ། [M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2013:9.
[9][15][19][20] མང་ཐོས་ཀླུ་སྒྲུབ་རྒྱ་མཚོ། བསྟན་རྩིས་གསལ་བའི་ཉིན་བྱེད། [M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1987: 125.152.149.150.
[10][11] སྟག་ཚང་དཔལ་འབྱོར་བཟང་པོ། རྒྱ་བོད་ཡིག་ཚང་ཆེན་མོ། [M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1985: 486. 490.
[12] ཞུ་ཆེན་ཚུལ་ཁྲིམས་རིན་ཆེན། ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱི་གསུང་འབུམ། པོད་ཀ་པ། [M] སྡེ་དགེ་པར་མ། 2000: 203.
[14] དབའ་གསལ་སྣང་། དབའ་བཞེད། [M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2010: 305.
[16][18][23][24] ཨ་མེས་ཞབས་ངག་དབང་ཀུན་དགའ་བསོད་ནམས། ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་བང་མཛོད། [M] སི་ཁྲོན་བོད་ཡིག་དཔེ་རྙིང་མྱུར་སྐྱོབ་འཚོལ་སྒྲིག་ཁང་། 2009: 91 .117 .114.114.
[17][22] ཡར་ཀླུངས་གྲགས་པ་རྒྱལ་མཚན། དཔལ་ལྡན་ས་སྐྱ་པཎྜི་ཏའི་རྣམ་པར་ཐར་པ་འབྲིང་པོ། དབུ་ཅན་བྲིས་མ། [O] 68 .74.
[21] ས་པཎ་ཀུན་དགའ་རྒྱལ་མཚན། ས་པཎ་ཀུན་དགའ་རྒྱལ་མཚན་གྱི་གསུང་འབུམ། སྨད་ཆ། [M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2020.522.
རྩོམ་པ་པོ་ངོ་སྤྲོད། གླིང་ཚ་སྙིང་རྒྱལ་འབུམ། (1988-) ཕོ། བོད་རིགས། མཚོ་སྔོན་ཁྲི་ཀ་རྫོང་གི་མི། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་«སྦྲང་ཆར་»རྩོམ་སྒྲིག་ཁང་གི་རྩོམ་སྒྲིག་པ་དང་། ཞིབ་འཇུག་གི་ཁ་ཕྱོགས་གཙོ་བོ་ནི། བོད་ཀྱི་རྩོམ་རིག་དང་ས་གནས་ལོ་རྒྱུས་ཡིན།
རྩོམ་གྱི་ཡོང་ཁུངས། ༢༠༢༡ལོའི་«མཚོ་སྔོན་དགེ་ཐོན་སློབ་ཆེན་རིག་དེབ»དེབ་གསུམ་པ།
འབྲེལ་ཡོད་འོས་སྦྱོར།