༄༅། །རྒྱལ་བའི་གདུང་འཚོབ་བཤེས་གཉེན་པོ་ཏོ་བ།
རྩོམ་པ་པོ།:ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།
ཡོང་ཁུངས།:འོད་འཛིན་རྩོམ་སྟེགས།
དུས་ཚོད།:2022-06-16
ཀློག་གྲངས།:
འབྲོམ་རིན་པོ་ཆེ་ནས་དགེ་བའི་བཤེས་གཉེན་པོ་ཏོ་བ་ལ་བརྒྱུད་པའི་བཀའ་གདམས་གཞུང་པའི་བླ་མ་རྣམས་ཀྱི་རྣམ་ཐར་འཆད་པ་ལ། རྒྱལ་བའི་གདུང་འཚོབ་བཤེས་གཉེན་པོ་ཏོ་བ། ཞེས་བསྔགས་པ། གངས་རིའི་ཁྲོད་འདིར་རྒྱལ་བའི་བསྟན་པ་སྤེལ་བའི་སླད་དུ་བསམས་བཞིན་དུ་བྱོན་པའི་སྤྲུལ་པའི་སྐྱེས་མཆོག་དཀའ་ཐུབ་ཀྱི་རི་སུལ་དུ་དྲང་སྲོང་གི་སྤྱོད་ཚུལ་གྱིས་གནས་ནས་བསྟན་པའི་བདག་པོ་མཛད་པ་དགེ་བའི་བཤེས་གཉེན་པོ་ཏོ་བ་ནི། འཕན་ཡུལ་སྤྲས་ཀྱི་བའོ་ཐང་དུ་ཡབ་སྐུ་གཤེན་སྲིད་ལ་ཕྱུག་སྟེ་སྲིད་པོ་ཞེས་གྲགས་པ་དང༌། ཡུམ་རིགས་རྣམ་པར་དག་པ་ལེ་མོ་ཞེས་གྲགས་པ་གཉིས་ཀྱི་སྲས་སུ་མེ་མོ་ཡོས་ཀྱི་ལོ་ལ་སྐུ་འཁྲུངས། གདུང་གཉོས།
བྱིས་པའི་དུས་ཉིད་ནས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རླབས་ཆེན་པོ་རང་འཁྲུངས་སུ་བྱུང་སྟེ་འགྲོ་བ་གཞན་སྡུག་བསྔལ་བ་གཟིགས་ན་གཏིང་ནས་མི་དགའ་ཞིང་འདིའི་སྡུག་བསྔལ་འདི་ཐབས་གང་གིས་སེལ་བར་ནུས་སྙམ་པ་དང༌། གཞན་བདེ་བ་གཟིགས་ན་ཐུགས་དགའ་ཞིང་འདིའི་བདེ་བ་འདི་ནམ་ཡང་མི་ཉམས་པར་གོང་འཕེལ་དུ་སོང་ན་སྙམ་པ་འབྱུང་བ་ཞིག་ཡོད།
སྐྱེ་བོ་གཞན་དག་གིས་དབུས་གཙང་གི་ཆུ་འདི་ཐམས་ཅད་ཀོང་ཆུ་རླེག་བྱ་བ་ཞིག་ཏུ་འགྲོ། དེ་ན་བྱ་འདམ་སེལ་བྱ་བ་ཡོད་པས་ཆུ་དེས་མི་རོ་རྟ་རོ་ཐམས་ཅད་བསལ། བྱ་དེ་ཤི་ན་དེ་བསལ་མཁན་མེད་པས་ཆུ་འཁྲིལ་འོང་ཟེར་བ་གསན་པས་བྱ་དེ་ཤིན་ཏུ་གཅེས་པར་འདུག་གོ་གསུངས་ནས་བྱ་དེ་ཤི་དོགས་ནས་ཐུགས་ལས་མཛད།
རྒྱ་ལམ་གྱི་མགྲོན་པོའི་སར་བྱོན་ནས་མགྲོན་པོ་ཀུན་ཁྱེད་ཅག་གི་ཡུལ་དུ་ལོ་ལེགས་པར་ཤོག །བྱོས་སུ་དོན་འགྲུབ་པར་ཤོག་ཅིག་ཅེས་སྨོན་ལམ་འདེབས།
དགེ་བཤེས་པོ་ཏོ་བ་ཉིད་ཀྱི་ཞལ་ནས། རང་གིས་དྲན་པ་རྙེད་པ་ནས་ཕ་རོལ་པོ་རྒྱལ་ན་དགའ། བདེ་ན་དགའ། སྐྱིད་ན་དགའ་བ་ལས། རང་རྒྱལ་བ་སོགས་བྱུང་ན་དགའ་སྙམ་པའི་རྟོག་པ་འོང་མ་མྱོང༌། མི་གཉིས་འགྲོགས་ནས་འགྲོ་བ་མཐོང་ན་ཡང་འདི་གཉིས་མཐུན་ན་རུང་སྟེ་སྙམ་དུ་དགོངས་པ་ཁོ་ན་འོང་བ་ཡིན་གསུངས། དགེ་བཤེས་ཤ་ར་བས་བསྟོད་པ་མཛད་པ་ན་ཡང༌། བརྡ་ཕྲད་ཚུན་ཆད་བྱིས་པའི་དུས་ཉིད་ནས། །གཞན་གྱི་བདེ་སྡུག་ཐུན་མོང་ཉིད་དུ་གྱུར། །ཅེས་གསུངས།
ཡབ་དེ་བོན་ཡིན་པས་དགེ་བཤེས་པོ་ཏོ་བ་ཆེན་པོས་ཀྱང་བྱིས་པའི་དུས་བོན་ཆོག་འདྲ་ཡང་མཛད་པས་བོན་གྱི་ཆོ་ག་འདི་དཀོན་མཆོག་གསུམ་ལས་ཕྱི་རོལ་ཏུ་གྱུར་པ་འདི་འདྲ་ཅི་རུང་ཞེས་ཐུགས་མ་མཉེས་པའི་བཀའ་ཡང་སྩལ། དེ་ཙ་ན་སྒོམ་ཆེན་ཞིག་ཤི་བའི་སྤུར་སྦྱངས་པས་འཇའ་དང་འོད་ལ་སོགས་པ་བྱུང༌། དེ་ཡབ་ལ་དྲིས་པས་སྒོམ་ཆེན་ཞིག་གྲོངས་པ་ཡིན་ཟེར་པས་ངས་ཀྱང་བསླབས་ན་སྒོམ་ཆེན་ཞིག་འོང་སྙམ་པ་བྱུང་གསུངས།
ཡབ་ལ་བླ་མཆོད་སྦ་སྒོམ་ཞེས་པ་གང་ཟག་ཁྱད་པར་ཅན་ཞིག་ཡོད། དེ་ལ་བྱིས་པའི་དུས་སུ་བསྙེན་གནས་ཀྱི་སྡོམ་པ་བླངས་ནས་སང་བསྲུང་བའི་དེ་རིང་ཆང་འཐུངས་པས་བད་ཀན་ལ་ཕོག་ནས་སྐྱུགས། ཡབ་ཀྱིས་ཁམས་ངན་པར་འདུག་པས་དེ་རིང་མ་སྲུངས། ཉ་སྟོང་བརྒྱད་གསུམ་བྱ་བ་ཡིན་པས་སང་སྲུངས་བྱས་པས། ཡབ་ཅི་དགའ་དགའ་ཟེར་དུས་ནམ་ཡིན་པ་ན་བསྲུང་བ་ཡིན། ཁམས་བཟང་ན་བསྲུངས། ཁམས་ངན་ན་མ་བསྲུངས་པས་ག་ན་འོང་གསུངས། དེ་ལ་སྦ་སྒོམ་མཉེས་ནས། གཉེན་པོ་དང་ལྡན་པ་ཞིག་འོང་བར་འདུག །རབ་ཏུ་བྱུང་ལ་ཆོས་ཤིག་བྱེད་དུ་གཞུག་དགོས་ཞེས་ཕ་མ་གཉིས་ལ་ཡང་ཡང་བསྐུལ་ཞིང་གཞོན་ནུ་རང་ཉིད་ཀྱང་སྔོན་གོམས་པའི་བག་ཆགས་འཐུག་པོའི་མཐུས་སྤྱིར་འཁོར་བའི་གནས་ཐམས་ཅད་ཡིད་བརྟན་མི་རུང་བ་སྡུག་བསྔལ་གྱི་རང་བཞིན་ཅན་དུ་རིག་ཅིང༌། ཁྱད་པར་ཁྱིམ་གྱི་གནས་ནི་ཉོན་མོངས་དང་ཉེས་པར་སྤྱོད་པའི་འབྱུང་གནས་སྡུག་བསྔལ་གྱི་རྩ་བ་བཙོན་ར་ལྟ་བུར་གཟིགས་ནས་རབ་ཏུ་འབྱུང་བར་འདོད་པའི་འདུན་པ་དྲག་པོས་བསྐུལ་ཞིང་ཕ་མ་གཉིས་ཀྱིས་ཀྱང་གནང་སྟེ་ཡེར་པ་བ་རྔོག་བྱང་ཆུབ་འབྱུང་གནས་ཀྱིས་མཁན་པོ། གླན་ཚུལ་བྱང་ལ་སློབ་དཔོན་ཞུས་ནས་རབ་ཏུ་བྱུང༌། མཚན་རིན་ཆེན་གསལ་ཞེས་བྱ་བར་གསོལ།
སློབ་དཔོན་སྦ་སྒོམ་ལ་སྒོམ་ཞིག་བསླབས་པར་ཞུ་བྱས་པས་ཁོང་གི་གསུང་ནས། ཁྱོད་སྒོམ་གཤའ་མར་བྱེད་ན་ཆོས་ཨེན་ཅིག་ཉན་དགོས། དེ་ལྟ་མིན་ན་སྒོམ་ཆེན་གྱི་སྒོམ་མཆན་ཁུང་བས་ཕུ་ཐག་ཐུང་སྟེ་འགྲོ་བ་ཡིན་གསུངས་པས་ཐོག་མར་བཀའ་གདམས་ཀྱི་ཆོས་སྤྱོད་རྣམས་བསླབས། ཁས་བླངས་པའི་བསླབ་ཁྲིམས་དག་པར་བསྲུང་བ་གཞིར་བཞག་ནས་ཁུ་སྟོན་ལ་སོགས་པ་མཁས་པ་མང་པོ་ལ་བརྟེན་ཏེ་སྡེ་སྣོད་གསུམ་ལ་སྦྱངས་ནས་མཁས་པའི་ཕུལ་དུ་ཕྱིན་པར་མཛད།
བདག་ཉིད་ཆེན་པོ་འདི་གཞོན་ནུའི་དུས་སུ་ཇོ་བོ་རྗེ་ཡང་བཞུགས་པས་ཇོ་བོ་ལ་ཡེར་པར་དགེ་བཤེས་སྟོན་པ་བྱང་དུ་གསེར་འཚོལ་དུ་བཞུད་པའི་ཤུལ་དུ་ནག་ཚོས་ལོ་ཙཱ་བྱས་ནས་སྒོམ་རིམ་བར་པ་གཅིག་གསན་པ་ལ་སྐད་ནི་མ་ཤེས། བན་གསར་དུ་སོང་བས་བརྡ་གཞན་མེད་པཎྜི་ཏ་ལ་བཟླ་རྒྱུ་མང་པོ་འོང་བར་འདུག་པ་ལ་ལོ་ཙཱ་བ་ལ་ཅུང་ཟད་ལས་མི་འོང་བར་སྣང་གསུངས།
བྲག་རྒྱབ་པའི་བཟའ་མི་ཡིན་པས་ཕྱུགས་ས་ན་བྲག་ཀ་ཇོ་བཙུན་བྱ་བ་དང་ལྷན་དུ་བཞུགས་པ་ན་ཇོ་བཙུན་གཉིད་ལོག །ཁོང་གིས་མངོན་རྟོགས་ཞལ་འདོན་མཛད་པ་ལ་ཇོ་བཙུན་ན་རེ་ཐོན་ཅིག་གྲྭ་པ་མང་པོ་བྱུང་ངོ་ཟེར། གཉིད་སད་ནས་གླེང་པས་ཁྱེད་ཁ་ཏོན་བྱེད་པ་ལ་མི་མ་ཡིན་དཔག་ཏུ་མེད་པ་འདུས་ནས་ཆོས་ཉན་པ་རྨིས་ཟེར། ཤ་ར་བའི་ཞལ་ནས། མི་མ་ཡིན་ལའང་མངོན་ཤེས་ཡོད་པ་ཡིན་གསུངས།
བྲག་རྒྱབ་ཏུ་གཉེར་ཅིག་མཛད་པ་ལ་གོ་ཤིན་ཏུ་ཆོད་པ་ཞིག་མཛད་དེ། མདོ་མང་གཅིག་གི་ཕྱག་ལན་ཀྱང་མཛད། དེའི་བར་ལ་དགེ་འདུན་སྤྱི་བས་ལྷག་པ་ཞོ་བཤལ་གཅིག་ལས་འཐུང་མ་མྱོང་གསུངས།
བྲག་རྒྱབ་པའི་དབོན་ར་ཞག་ཤཱཀྱ་རིན་ཆེན་ན་རེ། ར་བ་ཟླུམ་པོ་ལ་སོགས་པའི་གཉེར་བྱེད་དགོས་ཟེར་བ་ལ། སྐྱོ་ཤས་ཆེན་པོ་མངའ་བས་མི་བྱེད་གསུངས་ནས་དོན་མེད་པའི་བྱ་བ་ཐམས་ཅད་སྤངས་ཏེ་རབ་ཏུ་བྱུང་བའི་བྱ་བའི་གཙོ་བོ་ཀློག་པ་ཐོས་བསམ་དང༌། སྤོང་བ་བསམ་གཏན་ལ་ཁོར་ཡུག་ཏུ་བརྩོན་པར་མཛད།
དེ་ནས་དབེན་པའི་གནས་ཤིག་ཏུ་རྩེ་གཅིག་ཏུ་སྒོམ་པར་བཞེད་ནས་ཡབ་ཀྱི་མཆོད་གནས་རང་ཉིད་ཀྱིས་བསྙེན་གནས་ཀྱི་སྡོམ་པ་ཞུས་པའི་སློབ་དཔོན་སྦ་སྒོམ་ལ་གྲོས་ཞུས་པས། སྦ་སྒོམ་གྱིས་ཁྱོད་བསྒྲུབ་པ་གཤའ་མ་ཞིག་བྱ་འདོད་ན་བྱང་རྭ་སྒྲེང་ན་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་མན་ངག་ཡོངས་སུ་རྫོགས་པར་མངའ་བ་འབྲོམ་སྟོན་པ་ཞེས་བྱ་བ་བཞུགས་པས། དེའི་ཞབས་དྲུང་དུ་ཕྱིན་ནས་མན་ངག་རྣམས་ཞུས་ན་ལེགས་ཞེས་བསྐུལ་བ་ལྟར་རང་ཉིད་ཀྱང་དད་གུས་ཆེན་པོས་དེ་ལྟར་བྱ་བར་འདོད་ནས་རྭ་སྒྲེང་དུ་དགེ་བཤེས་སྟོན་པའི་སྤྱན་སྔར་ཕྱིན་ལ་དབྱར་དགུན་གཅིག་ཙམ་བསྡད། གདམས་ངག་ཞུས་ནས་ཁམས་སུ་ཕྱིན་ལ་མིང་རུས་ཚུན་ཆད་སྤོས་ལ་སྒོམ་ཞིག་བྱ་སྙམ་ནས་ཅང་སྟོན་དང་གཉིས་འགྲོགས་ནས་རྒྱལ་གྱི་གླན་ཚུལ་བྱང་དགེ་ཚུལ་གྱི་སློབ་དཔོན་ཡིན་པས་ཕྱག་འཚལ་དུ་བྱོན།
དེ་ནས་རྭ་སྒྲེང་དུ་བྱོན་པ་ལ་བྲག་རྒྱབ་པའི་དབོན་གྱིས་ཀྱང་དགེ་བཤེས་སྟོན་པ་ལ་ཁྱེད་ཀྱི་སྤྱན་སྔར་ངའི་མི་ཞིག་ཐལ་གྱི། དེ་གཞན་དུ་མ་གཏོང་ཞིག་ཟེར་བའི་འཕྲིན་ཡིག་སླེབས།
དེ་ནས་འབྲོམ་རིན་པོ་ཆེ་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ཏེ་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་ཞུས་པ་ན་འབྲོམ་རིན་པོ་ཆེས་རང་གི་སྲས་ཀྱི་ཐུ་བོ་བསྟན་པའི་བདག་པོར་འགྱུར་བར་གཟིགས་ནས་སྤྱན་གྱི་འབྲས་བུ་ལྟར་བསྐྱངས་ཤིང༌། ལམ་གྱི་རིམ་པའི་དབུ་བཤེས་གཉེན་བསྟེན་ཚུལ་ནས་ཐར་ཆགས་སུ་གདམས་ཤིང་དམིགས་སྐོར་རེ་རེ་ནས་བཤད་ཆོས་ཙམ་དུ་མ་ལུས་པར་རྒྱུད་ལ་སྐོར་ཏེ་མྱོང་བ་ཐོན་ངེས་སུ་འཁྲིད་པར་མཛད་པས་དགེ་བའི་བཤེས་གཉེན་སྟོན་པ་རིན་པོ་ཆེའི་ཡོན་ཏན་དང༌། ཇི་ལྟར་གསུངས་པའི་ལམ་གྱི་གནད་རྣམས་ལ་ཡིད་ཆེས་ཀྱི་དད་པ་བརྟན་པོ་སྐྱེས་ཤིང་ཁྱད་པར་དུ་སྤྱོད་འཇུག་གི །བདག་ནི་གྲོལ་བ་དོན་གཉེར་ལ། །རྙེད་དང་བཀུར་སྟིས་འཆིང་མི་དགོས། །ཞེས་པ་ལ་བརྟེན་པའི་མན་ངག་གསུངས་པའི་ཐད་ཀར་ཐུགས་སྣ་འགྱུར་ཏེ་ཚེ་འདིའི་རྟོག་པ་བསྐྱུར།
དགེ་བའི་བཤེས་གཉེན་འབྲོམ་རིན་པོ་ཆེ་འབྲལ་མེད་དུ་བསྟེན་པ་ཡིན། ང་དང་པོར་འོང་དུས་ན་ཐོག་ཅིག་མན་ངག་ཞུས་ནས་གནས་གཞན་ཞིག་ཏུ་འགྲོ་བསམས་པ་ཡིན་ཏེ། ད་ང་མགྲེས་སྨད་ཙམ་དུ་སོང་ཟེར་ཡང་མི་ཆ་གསུངས། དེས་ན་མན་ངག་ཆུང་ངུ་འགའ་ཙམ་གྱིས་མི་ཆོག་ལ། དེ་ཡང་ཞུས་ནས་གཞན་དུ་ཕྱིན་པས་མི་ཆོག་པར་དགེ་བཤེས་མཚན་ཉིད་དང་ལྡན་པ་དང་མི་འབྲལ་བར་བསྟེན་དགོས་པར་དགོངས་ནས་ལོ་བདུན་བསྟེན་པ་ལས་དགེ་བཤེས་སྟོན་པའི་ཐུགས་ཀྱང་ཟིན། བའོ་ཐང་འདིར་ཇི་ལྟ་བུའི་མི་ཆེན་ཞིག་འབྱོན་པར་འདུག་གསུངས། དགེ་བཤེས་རྣལ་འབྱོར་པ་དང་དགོན་པ་བ་ཡང་མ་འདས་བར་དུ་རྭ་སྒྲེང་དུ་བཞུགས་ནས་སྒྲུབ་པ་རྩེ་གཅིག་ཏུ་མཛད།
བར་སྐབས་ཤིག་སྦ་སྒོམ་དང་ལྷན་དུ་མདོ་སྡེ་རྒྱན་གྱི་རྩ་བ་གཟིགས་ཤིང་བཞུགས། དེར་ནུབ་གཅིག་སྤང་ལེབ་གཅིག་ལ་མདའ་མང་པོ་རྒྱབ་ནས་བཏོན་པས་མདེའུ་ཁ་ཡར་ལུས་པ་རྨིས། ཕྱིས་ཊཱིཀྐ་དང་སྦྱར་ནས་གཟིགས་པས་མདེའུ་མ་ལུས་པར་ཐོན་པ་རྨིས་ཏེ་རྗེ་བཙུན་བྱམས་པའི་དགོངས་པ་ཇི་ལྟ་བ་བཞིན་དུ་ལོངས་པ་ཡིན་གསུངས།
དེ་ལྟར་དགེ་བའི་བཤེས་གཉེན་པོ་ཏོ་བས་འབྲོམ་རིན་པོ་ཆེ་ཐོག་མ་མཇལ་བ་ནས་མཐར་ནམ་གཤེགས་བར་དུ་སྐད་ཅིག་ཀྱང་འབྲལ་མ་ཕོད་པར་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན། འབྲོམ་རིན་པོ་ཆེས་ཀྱང་སྲས་ཀྱི་ཐུ་བོར་བཟུང༌། ལན་ཅིག་འབྲོམ་རིན་པོ་ཆེ་སྐུ་བསྙུན་པ་ཞིག་གི་སྐབས་པོ་ཏོ་བའི་པང་དུ་དབུ་བཞག་ནས་ཡོད་པའི་ཚེ། པོ་ཏོ་བའི་ཐུགས་དགོངས་ལ་འཇིགས་སར་སྐྱེལ་མས་བོར་བ་འདྲ་བ་ཞིག་འོང་བ་འདུག་ན་ད་སུ་ལ་བརྟེན་སྙམ་པ་དང་སྤྱན་ཆབ་གོང་བའི་རྩ་ན་མར་ཉིལ་གྱིས་བྱུང་བ་དགེ་བཤེས་སྟོན་པས་མཁྱེན་ནས། ངས་ཁྱོད་ཀྱི་བརྟེན་ས་སུ་ཡང་མ་མཐོང་བས་ད་ཕན་ཆད་གསུམ་ཡན་ཆད་ལྔ་མན་ཆད་དཔུང་གདང་ཆོས། དགེ་བའི་བཤེས་གཉེན་མདོ་སྡེ་ལ་གྱིས་ལ་སེམས་བཟང་པོ་གྱིས་དང་ཁྱད་པར་ཅན་དང་ཕྲད་དེ་འོང་གསུངས་པས། མདུན་ན་ཇོ་བོ་ལེགས་ཡོང་པས་སེམས་བཟང་པོ་གང་ལ་ཟེར་ཞུས་པས། འོ་ན་བྱང་ཆུབ་ཀྱི་སེམས་ལ་ཟེར་བ་ཡིན་མོད་ཅེས་ལན་གཉིས་བསྟུད་ནས་གསུངས་པས། དེ་སྔ་ནས་ཀྱང་མི་གོ་རྒྱུ་མེད་པ་ལ་དེས་གསལ་བཏབ་པ་འདྲ་བ་ཞིག་བྱུང་ནས་དེའི་ཐབས་ལྐོག་ཏུ་མན་ངག་ཏུ་ཡང་གསུངས། ཚོགས་སུ་ལུང་དང་སྦྱར་ནས་ཀྱང་གསུངས། བཀའ་བཀྱོན་ཚུན་ཆད་ཀྱིས་ཀྱང་དེའི་ཐབས་སུ་གསུངས་ནས་ཡོད་པས་ལོ་གཉིས་ཙམ་དུ་མྱ་ངན་ཡང་སངས་པ་འདྲ་ཞིག་བྱུང་བ་ལ། ཕྱིས་སེམས་བཟང་པོ་ལ་ཁོང་རང་དགོས་པར་སོང་བས་མྱ་ངན་ལ་སངས་དུས་མེད་གསུངས།
མཐར་འབྲོམ་རིན་པོ་ཆེ་མྱ་ངན་འདའ་ཁར་དགེ་བཤེས་པོ་ཏོ་བས་འབྲོམ་རིན་པོ་ཆེ་ལ་བླ་མ་མ་བཞུགས་ན་སུ་ལ་བསྟེན་ཞུས་པས། བོད་ཕུ་ཐུང་ཙམ་འདི་ན་ཁྱོད་ཀྱི་དགེ་བཤེས་ངས་མ་མཐོང་གི་དགེ་བཤེས་མདོ་སྡེ་ལ་གྱིས་གསུངས། དགེ་བཤེས་སྟོན་པ་མྱ་ངན་ལས་འདས་པའི་དུས་སུ་མནལ་ལམ་དུ་རྩེ་ཕྱིང་དཀར་གྱི་སྟེང་དུ་བྱོན་ནས་རལ་གྲི་ཞིག་ལག་ཏུ་ཐོགས་ཏེ་དུང་ཞིག་བུས་པས་འཛམ་བུའི་གླིང་ཐམས་ཅད་དུ་ཐོས་སམ་སེམས་པ་ཞིག་རྨིས། མནལ་སད་པ་དང་རལ་གྲི་ཐོགས་པ་རྨིས་པ་ནི་ཤེས་རབ་ཇེ་ཆེ་ཇེ་ཆེར་འགྲོ། དུང་བུས་པ་རྨིས་པས་ཆོས་ནི་འགའ་རེ་ཙམ་འཆད་པ་ཞིག་འོང་གསུངས། དེའི་ཟང་ཟིང་གི་བགོ་སྐལ་ནི་ཅི་ཡང་མེད། ཐུགས་དམ་དུ་དགེ་བཤེས་སྟོན་པའི་རག་ཤའི་ཕྲེང་བ་ཉི་ཤུ་རྩ་གཅིག་དང༌། ཕྱག་འཁར་གཉལ་དུ་སྤྱན་དྲངས་པ་དེ་གཉིས་ཡོད་གསུངས།
དགོན་པ་བ་འདས་ནས་རྭ་སྒྲེང་བསྐྱང་བར་དགོངས་ཏེ། དབྱར་དེ་སྐྱོ་བསངས་ལ་བསླབ་བཏུས་ཤིག་གསུངས་པ་ལ་གཞན་གྱི་ཤེས་པ་སྒྱུར་ནུས་པ་ལྟ་བུ་ཞིག་བྱུང་བ་ལ། དེར་དཔོན་ཆོས་ཀྱི་རྒྱལ་པོ་ལ་ཡང་མ་བཏུབ། རྨི་ལམ་ན་ཁོང་རང་གིས་ཐོང་མཁན་མཛད་དེ། ཞིང་ར་དེ་རྨོས་པས་འོག་ཐམས་ཅད་རྫ་རོང་དུ་སོང་ནས་རྨོར་མ་བཏུབ་པ་ཞིག་རྨིས་པས། ཞིང་སྦྱང་དུ་མ་བཏུབ་པ་ཡིན་གསུངས་ནས་རྭ་སྒྲེང་གི་ཆས་དངོས་གང་ཡོད་བསྐྱུར་ཏེ་གཅིག་པུར་གཤེགས།
དེ་ནས་དགེ་བཤེས་པོ་ཏོ་བ་དང་ཕུ་ཆུང་བ་དང༌། སྤྱན་སྔ་བ་སྟེ་སྐུ་མཆེད་གསུམ་ག་ཡང་ཚེ་འདི་ལ་ཤ་གཟུག་རང་བཟའ་བར་ཆད་ནས། རྭ་སྒྲེང་ཆོས་ཀྱི་མུ་གེས་ཐེབས་ཡོད། དེ་ཙ་ན་ཡོན་བཤད་ཕུ་ཆུང་བས་མཛད་པ་ལ་ཉིན་གཅིག་པོ་ཏོ་བ་མཛད་དུ་བཅུག་པས། གཞན་གྱི་ཤེས་པ་སྒྱུར་ནུས་པ་འདྲ་བ་ཞིག་བྱུང་པས་ཕུ་ཆུང་བའི་ཞལ་ནས། འུ་ཅིའི་ཇོ་བོས་ཆོས་གད་མེད་གཡང་མེད་དགོངས་ཏེ་གདའ། ཇོ་བོ་ཆེན་པོའི་གསུང་བཞག་ནས་ངས་ཡོན་བཤད་བྱས་གསུངས་ནས་མཛད་མ་ཉན། དེ་ཕྱིན་པོ་ཏོ་བས་མཛད།
རྭ་སྒྲེང་ནས་བྱོན་ཏེ་སྐུ་མཆེད་ལྷན་ཅིག་ཏུ་ཀླུངས་ཤོད་ན་འགོར་བསྒོམས། དེ་ནས་སྤྱན་སྔས་ཕྱོར་ཕུར་སྐུ་མཚམས་མཛད་ནས་བཞུགས། གཉིས་པས་འཕན་ཡུལ་སྟོད་དང་རྒྱལ་ངོས་སུ་བསོད་སྙོམས་མཛད་ཅིང་བཞུགས། ལ་མོར་སྒྱ་ཟེར་བ་དེར་ཡང་བཞུགས།
དེ་ལྟར་རང་རྒྱུད་སྨིན་ནས་གཞན་དོན་གྱི་ཚོགས་བསྡུས་པའི་དང་པོ་སྒྲོ་ལག་དགོན་པ་ཡིན་པར་གསལ་ཏེ། དགེ་བཤེས་དོལ་པས་སྒྲོ་ལག་ཏུ་འཇལ་ཙ་ན་ཚོགས་ནས་ལོ་ངོ་གསུམ་སོང་ཞིང༌། གྲྭ་པ་སུམ་ཅུ་ཙམ་འདུག་གསུངས།
དེ་ནས་ཁྲབ་འཛབ་ཁུང་མིག་ཏུ་དབྱར་གཉིས་བཞུགས་ནས་ལམ་སྒྲོན་དང༌། ཡོན་ཏན་མཐའ་ཡས་པར་བསྟོད་པ་དང༌། བཤེས་པའི་སྤྲིངས་ཡིག་གསུངས་པས་གྲྭ་པ་བརྒྱ་ཙམ་འདུས། དགུན་རྒྱལ་གྱི་གངས་རྒྱལ་མོར་བསླབ་བཏུས་གསུངས། གྲྭ་པ་སུམ་བརྒྱ་ཙམ་འདུས། དེ་ནས་ཀམ་ཡུང་བའི་གྲྭ་པ་མང་པོ་བྱུང༌། བཟློག་ཀྱང་ཉན་དུ་མ་འདོད་ནས་དབྱར་གཅིག་ཆོས་མ་གསུངས་པར་སྐུ་མཆེད་གཉིས་ལ་མོ་སྡིང་པོ་ཆེར་བཞུགས། དེའི་དབྱར་ཚུལ་འཇུག་ཡང་དག་པ་ཞིག་བྱས་ཏེ་དགེ་བཤེས་པོ་ཏོ་བའི་ཞལ་ནས། ང་ལ་དེའི་དབྱར་ཐ་མལ་གྱི་རྟོག་པ་སྐད་ཅིག་ཀྱང་མ་སྐྱེས་གསུངས། ཕུ་ཆུང་བའི་ཞལ་ནས། ངས་རྟེན་འབྲེལ་འབའ་ཞིག་བསྒོམས་པས་རྟེན་འབྲེལ་རང་དུ་སོང་གསུངས།
དེ་ནས་དར་ཡུལ་ཀོ་རུ་ན་བཞུགས་པའི་ཚེ་པོ་ཏོ་བ་ཆེན་པོའི་ཡབ་དགེ་བཤེས་ཀྱི་སྤྱན་སྔར་བྱུང་སྟེ་ཕྱག་བཙལ་ནས། ཕྱི་མ་ལ་ཐུགས་ལ་གདགས་པར་ཞུ། གོས་དུག་འདི་ཀུན་དགེ་བསྙེན་གྱིས་བགོར་བཏུབ་བམ། གླང་གཅིག་ཡོད་པ་གྲྭ་པའི་ཁལ་གྱིས་ཟེར་ནས་བཞུད། དགེ་བཤེས་པོ་ཏོ་བའི་ཞལ་ནས། ཨ་ན་ཕ་རྒན་དེ་ལྟོས་དང་གསུངས་ནས་བལྟས་པས་མལ་ན་འདས་ནས་འདུག །
དེ་ནས་དགུང་ལོ་དྲུག་ཅུ་རྩ་གཅིག་པ་ལ་སྤྲས་ཀྱི་པོ་ཏོ་དགོན་པ་ན་བཞུགས་པའི་དུས་སུ་འཕན་ཡུལ་སྟོད་དུ་སྡེ་རྩོད་ཆེན་པོ་ཞིག་བྱུང་བས་ས་ཕུག་པའི་ཇོ་བོ་མང་པོ་དང༌། རྒྱལ་ནས་བྲོས་པ་མང་དུ་བྱུང༌། དེ་ཐམས་ཅད་ལ་དགུན་འདི་ཇི་ལྟར་བཏུབ་བཏུབ་གྱིས་ཤིག་དབྱར་ནས་སྤྲས་སུ་བསྡད་ཀྱི་གསུངས།
དེ་ནས་དཔྱིད་ལུང་སྟོངས་མ་ཟིན་པར་དོག་ནས་སྡུད་མོ་བཏབ་པས། དཔེར་ན་སེང་གེ་རི་སུལ་བརྟེན་ནས་འཇིགས་མེད་པར། །ཞེས་པ་དེ་ལན་གསུམ་གྱི་བར་དུ་བྱུང་ནས། དབྱར་སྟག་ལུང་ཐང་དུ་བཞུགས། གྲྭ་པ་དྲུག་བརྒྱ་ཙམ་འཚོགས། ཕྱིས་སྟག་ལུང་དུ་ཆོས་ཉན་པ་དགེ་འདུན་རྣམས་ལ་གསེར་ཞོ་ཕྱེད་ཕྱེད་གནང་བས་གསེར་སྲང་བརྒྱད་ཅུ་ཙམ་སོང༌། གྲྭ་པ་སྟོང་དང་སུམ་བརྒྱ་ཙམ་བཞུགས་པར་གསལ། གཞུ་མཁན་བྲག་དང་དབྱར་ས་དགུན་ས་མཛད་དེ་གཉིས་ཀར་བཞུགས།
དེ་ནས་དགེ་བཤེས་སྤྲག་པ་ཞེས་གྲགས་པ་བྱུང༌། དེ་ནས་ཀྱང་ན་འགོར་བཞུགས་པར་གསལ་ཏེ། ཤ་ར་བའི་ཞལ་ནས། སྔར་ན་འགོ་ན་བཞུགས་པ་ན་དེ་རིང་མངོན་པར་བྱང་ཆུབ་པའི་དུས་ཡིན་གསུངས་ཏེ་མཛད་རྒྱུ་ཅང་མེད། ཕྱིས་དུས་དེར་མཆོད་པ་ཆེ་བ་རེ་མཛད་དེ་ཁོ་བོ་སྔ་མ་དེ་ལ་སྨོན་གསུངས། ན་འགོ་ན་བཞུགས་དུས་ས་དེ་གཉན་པས་སྤྱིལ་པོ་བརྩིག་པ་དང་རྐོ་རློག་སོགས་བྱས་པས་གྲྭ་པ་རྣམས་ཀྱི་རྨི་ལམ་དུ་སྡིག་སྦྲུལ་དང་སྦལ་ལྕོང་སོགས་རྨིས་པ་ལ་དགེ་བཤེས་པོ་ཏོ་བའི་ཞལ་ནས། ཁྱེད་སྐྲག་མི་དགོས་ངའི་རྒྱབ་འདི་ན་ནུབ་ཕྱོགས་ཀྱི་རྒྱལ་པོ་སྤྱན་མི་བཟང་ལུས་དང་གྲིབ་མ་བཞིན་དུ་རྟག་ཏུ་ཡོད་ཀྱི་གསུངས། བར་ཆད་ཀྱིས་མི་ཚུགས་པའི་རྒྱུ་ཡང་བྱང་ཆུབ་སེམས་དཔའ་ཉན་ཐོས་ཀྱི་ཆ་ལུགས་ཀྱིས་སེམས་ཅན་གྱི་དོན་མཛད་པའི་གནས་བརྟན་བཅུ་དྲུག་གི་གཅིག་ཡིན་གསུངས། རམ་སྡིངས་མ་བ་ལ་ཁྱེད་མ་འཇེམ་ནས་ཡིད་ཆད་མི་དགོས་ང་གནས་བརྟན་བཅུ་དྲུག་གི་གཅིག་ཡིན་པས་ང་དང་མཇལ་བ་ཁྱོད་བསོད་ནམས་མི་ཆུང་གསུངས། དེ་ལ་དགེ་བཤེས་པོ་ཏོ་བ་ཆེན་པོ་དེ་གནས་བརྟན་ཡན་ལག་འབྱུང་གི་སྤྲུལ་པར་གྲགས་ཤིང་གྲགས་པ་ལྟར་དུ་རང་ཉིད་ཀྱིས་ཀྱང་ཞལ་གྱིས་བཞེས།
བཀའ་གདམས་གླེགས་བམ་ལས་དགེ་བཤེས་པོ་ཏོ་བ་འདི་ཉིད་བཤེས་གཉེན་འབྲོམ་རིན་པོ་ཆེ་རྒྱལ་པོ་དད་པ་བརྟན་པོར་སྐུ་འཁྲུངས་པའི་ཚེ་སྲས་ཆེ་བ་སངས་རྒྱས་འཛིན་པོ་ཏོ་བ། དྷརྨཱ་འཛིན་ཕུ་ཆུང་བ། དགེ་འདུན་འཛིན་སྤྱན་སྔ་བར་འགྱུར་བར་ལུང་བསྟན་ཏེ་དད་པ་བརྟན་པོའི་འཁྲུངས་རབས་ལས། སྲས་སངས་རྒྱས་འཛིན་ནི་འདི་ནས་ལོ་ནི་མི་མང་བར་རིན་ཆེན་གསལ་ཞེས་བྱ་བ་རྒྱལ་བའི་འབྱུང་གནས་ཀྱི་སྲས་ཀྱི་ཐུ་བོར་འགྱུར། དྷརྨཱ་འཛིན་གཞོན་ནུ་རྒྱལ་མཚན་ཞེས་བྱ་བ་འདི་དེང་སང་གི་ཞུས་ལན་འདི་དག་གི་བདག་པོ་དམ་པ་ཞིག་ཏུ་འགྱུར། དགེ་འདུན་འཛིན་ནི་ཚུལ་ཁྲིམས་འབར་ཞེས་བྱ་བ་རྒྱལ་བའི་འབྱུང་གནས་ཀྱི་གདམས་པ་མང་པོ་ཉམས་སུ་ལེན་ཅིང་སངས་རྒྱས་ཀྱི་བསྟན་པ་ལ་ཕན་པའི་བཤེས་གཉེན་དམ་པ་ཞིག་ཏུ་འགྱུར་རོ་ཞེས་གསུངས།
ཡང་གླེགས་བམ་དུ་སྐུ་མཆེད་གསུམ་པོ་དེ། རིགས་གསུམ་མགོན་པོའི་སྤྲུལ་པ་ཡིན་ཏེ། བཀའ་གདམས་གླེགས་བམ་གྱི་ལུང་བསྟན་གྱི་ལེའུ་ནས། འདི་ནས་སྤྱན་རས་གཟིགས་དབང་དང༌། །འཇམ་པའི་དབྱངས་དང་གསང་བའི་བདག །གཞན་ཡང་འཇམ་དབྱངས་ཉིད་སྤྲུལ་པ། །སྤྲུལ་པའི་ཁྱེའུ་གཟུགས་མཛེས་སོ། །རྩེ་ལྔའི་རི་ལས་འདིར་ལྷགས་གདའ། །དང་པོ་གསུམ་ནི་ང་ཡི་སྲས། །པོ་ཏོ་བ་དང་ཕུ་ཆུང་བ། །སྤྱན་སྔ་ཞེས་བྱ་སྐུ་མཆེད་གསུམ། །ཞེས་གསུངས།
འབྲོམ་རིན་པོ་ཆེས། ཇོ་བོ་ལ་འབུལ་ཆེན་མཛད་པའི་ཚེ། ཇོ་བོའི་ཞལ་ནས་ཧུ་འུམ། ཁྱེའུ་དཀར་པོ་འདི་ལ་ད་ལྟ་ངས་བོད་འདི་ན་བཀོད་པ་དྲུག་ཅུ་རྩ་ལྔ་མཐོང་གསུངས་པ་འདི་ཕུ་ཆུང་བ། ཁྱེའུ་སེར་པོ་ན་རེ་ཁོ་བོ་ལ་བཀོད་པ་དགུ་བཅུ་མཆིས། པོ་ཏོ་བ། ཁྱེའུ་སྔོན་པོ་ན་རེ། ཁོ་བོ་ལའང་བྱང་ཕྱོགས་ན་བརྒྱ་དང་དྲུག་ཅུ་རྩ་ལྔ། འདི་ན་དྲུག་གི་གདུལ་བྱ་ལས་མ་མཆིས་གསུངས་པ་སྤྱན་སྔ་ཚུལ་ཁྲིམས་འབར་ཡིན་པར་གོ །ཞེས་གསུངས།
ཡང་སྔོན་བལ་ཡུལ་དུ་འཕགས་པ་ཤིང་ཀུན་ལ་ནུབ་ཐུན་དང་ཐོ་རངས་གཉིས་མིས་སྐོར་བ་བྱེད། གུང་ཐུན་འབྱུང་བ་བཞི་གཉིད་ལོག་པའི་དུས་སུ་མི་མ་ཡིན་རྣམས་སྐོར་བ་བྱེད། དེའི་དུས་གྲུབ་ཐོབ་མིན་པས་བསྐོར་བ་བྱེད་ན་བར་ཆད་འོང༌། རྣལ་འབྱོར་པ་ཞིག་གིས་ཕག་མོའི་དངོས་གྲུབ་བརྙེས་ནས་མི་མ་ཡིན་རྣམས་ཀྱི་གསེབ་ཏུ་སྐོར་བ་བྱས་པས། དེ་རྣམས་གླུ་ལེན་གྱི་འདུག་པའི་ནང་ན་མར། སྔོན་ནས་སྔོན་གྱི་དུས་ཙ་ན། །ཐུགས་དགོངས་བླ་ན་མེད་པ་དེ། །ཇོ་བོ་ཨ་ཏི་ཤ་ལ་བྱུང༌། །ད་ལྟ་མ་རིག་འཁྲུལ་པར་འཁྱམས། །ཨ་ཏི་ཤ་ཡི་གདུང་གསོབ་པ། །འཕགས་པ་སྐུ་མཆེད་གསུམ་པོ་དེ། །གཅིག་ཙམ་ལྷོ་བལ་གྱི་མཚམས་ན་ཡོད། །འཕགས་པ་འཇམ་དཔལ་དང་གཉིས་སུ་མེད། །གཅིག་ཙམ་བལ་བོའི་ཡུལ་ན་ཡོད། །འཕགས་པ་ཝ་ཏི་དང་གཉིས་སུ་མེད། །གཅིག་ཙམ་མང་ཡུལ་གྱི་གྲོང་ན་ཡོད། །འཕགས་པ་དབུ་ཁང་དང་གཉིས་སུ་མེད། །ཟེར་བ་གསན། རྟེན་དེ་རྣམས་རིགས་གསུམ་མགོན་པོ་དངོས་ཡིན་པས་བཀའ་གདམས་སྐུ་མཆེད་གསུམ་པོ་འདི་ཡང་རིགས་གསུམ་མགོན་པོའི་སྤྲུལ་པ་ཡིན་ཞེས་བཀའ་གདམས་ཆོས་འབྱུང་ལས་བཤད་དོ། །
ངས་དོན་དུ་སྤྲུལ་པའི་སྐྱེས་བུ་ཡིན་པར་བཤད་མོད། ཐུན་མོང་བ་གདུལ་བྱའི་སྣང་ངོར་ཡང་མཛད་པ་རྣམ་ཐར་བསམ་གྱིས་མི་ཁྱབ་སྟེ། དགེ་བཤེས་པོ་ཏོ་བ་ཆེན་པོ་དེ་འབྲོམ་རིན་པོ་ཆེ་ཁོ་ན་ལ་བརྟེན་ནས་བྱང་ཆུབ་ལམ་གྱི་རིམ་པའི་འགོ་བཤེས་གཉེན་བསྟེན་ཚུལ་ནས་འབྲས་བུ་མི་སློབ་ཟུང་འཇུག་འགྲུབ་པའི་བར་དམིགས་སྐོར་རེ་རེ་ནས་མྱོང་བ་ཕུལ་ཕྱིན་བཏོན་ཏེ་བསྐྱངས་པས་རྩོད་མེད་ཀྱི་མྱོང་བ་ཕུལ་ཕྱིན་འཁྲུངས་ཏེ་སྐྱེས་བུ་ཆུང་འབྲིང་གི་ལམ་ལ་སྦྱངས་པའི་འབྲས་བུ་ཚེ་འདིའི་ལུས་ལོངས་སྤྱོད་རྙེད་བཀུར་སྙན་གྲགས་འཁོར་གཡོག་གང་ལའང་ཆགས་པ་སྐད་ཅིག་ཀྱང་མི་སྐྱེ་བར་རི་དྭགས་རྨས་མ་བཞིན་དུ་དབེན་པ་ནས་དབེན་པར་འཕོ་བར་མཛད། ལན་ཅིག་སྦྱིན་བདག་ཅིག་གིས་གཡུ་གྲུ་དམར་ཆེན་པོ་ཞིག་ཕུལ་བ་ན་ཕྱག་ཏུ་མ་བཞེས་པར་མདུན་དུ་ཞོག་ཅིག་པའི་བརྡ་མཛད། བསྔོ་བ་ལེགས་པར་མཛད། སང་ཉིན་དགེ་བཤེས་དཔོན་སློབ་རྣམས་ཕྱོགས་གཞན་ཞིག་ཏུ་ཕེབས་པ་ན་སྦྱིན་བདག་དེ་ཡིད་མ་ཆེས་པར་བཞུགས་སར་བལྟར་ཕྱིན་པས་གཡུ་དེ་མདངས་གང་བཞག་ས་དེ་ཁ་རང་ན་འདུག་ཟེར། དགེ་བཤེས་པོ་ཏོ་བ་དང་དེའི་འཁོར་ཐམས་ཅད་ཀྱང་ཟང་ཟིང་གི་དངོས་པོ་གང་ལའང་མི་ཆགས་པར་ཚེ་བློས་བཏང་ཤ་སྟག་ཏུ་བྱུང་སྟེ་རྣམ་པར་ཐར་པ་དེ་ཙམ་ཡང་བསྟན་པ་རིན་པོ་ཆེའི་རྒྱན་དུ་ཆེའོ། །
དགེ་བཤེས་པོ་ཏོ་བ་ཆེན་པོ་དེ་ལ་ཚེ་བློས་བཏང་གིས་གྲྭ་པ་རྣམ་གྲོལ་སྒྲུབ་པ་ཤ་སྟག་སྟོང་ཙམ་སྟེ་འཁོར་དུ་འདུས་ཤིང༌། དེ་ཐམས་ཅད་སྡོམ་གསུམ་གྱི་བཅས་མཚམས་དག་པ་བསྟན་པ་ཡོངས་རྫོགས་ཀྱི་ཉམས་ལེན་ལ་གཅིག་ཏུ་གཞོལ་བ། སྒོ་གསུམ་གྱི་སྤྱོད་པ་ཐམས་ཅད་དགེ་བཤེས་པོ་ཏོ་བ་ཉིད་ཀྱི་རྗེས་སུ་སློབ་པ་ཤ་སྟག་བྱུང་བས་འཛམ་བུའི་གླིང་གི་སའི་ཆ་ཐམས་ཅད་དུ་སྙན་པའི་གྲགས་པས་ཁྱབ་སྟེ་རྒྱ་གར་འཕགས་པའི་ཡུལ་དུའང་བོད་ན་རབ་ཏུ་བྱུང་བ་སྟོང་ཙམ་རྣམ་ཐར་གཅིག་ལ་འགོད་ནུས་པའི་སེམས་དཔའ་ཆེན་པོ་ཞིག་བཞུགས་ཡོད་འདུག་ཅེས་གྲགས་པ་བྱུང་ངོ༌། །
ཡང་ལན་ཅིག་དགེ་བཤེས་པོ་ཏོ་བ་མཁར་ཐོག་ན་ཁ་བ་འཆགས་ནས་དོ་ནུབ་གཞོན་ནུ་མ་བདུན་གྱི་རྟོགས་བརྗོད་ནས་བཤད་པ་དང་འདྲ་བ་ཞིག་བྱུང་བས་དགའ་བ་ཞིག་བྱུང་གསུངས། གཞོན་ནུ་མ་བདུན་གྱི་རྟོགས་བརྗོད་ལས་ཇི་ལྟར་འབྱུང་བ་ནི། སྐྲ་རྣམས་བྲེགས་པར་གྱུར་ནས་ནི། །ཕྱག་དར་ཁྲོད་ཀྱི་གོས་འཆང་ཞིང༌། །དགོན་པ་ཡུལ་དུ་འདོད་པར་ནི། །ནམ་ཞིག་དེ་ལྟར་འགྱུར་ཞིག་གུ །ཞེས་གསུངས་པ་ལྟར་རོ། །
དགེ་བཤེས་པོ་ཏོ་བའི་མཛད་པ་རྣམ་ཐར་བཀའ་གདམས་ཀྱི་བཤེས་གཉེན་ཆེན་པོ་ཞིག་གིས་བསྡུས་པ་ནི་འདི་ལྟར། དགེ་བཤེས་པོ་ཏོ་བ་དེ་སྐྱེས་ཐོབ་ཀྱི་ལྷག་བསམ་ཅན། གནས་བརྟན་ཆེན་པོའི་གྲགས་པ་ཅན། བསྟན་པའི་ཁྱབ་གདལ་ཆེ་བ། སྡེ་སྣོད་ཀྱི་དོན་སྤྱིར་ཤར་བ། གཞུང་གི་བྱེད་པ་མཁས་པ། འདུལ་བའི་ཕྱག་ལེན་འཐེམས་པ། རབ་ཏུ་བྱུང་བའི་ཆ་ཐིངས་པ། བསྟན་པའི་བདག་པོ་ཞིག་བྱོན་པས། དགུང་དུས་དིང་སང་གི་བར་དུ་ཁས་བླངས་ལ་རྟོག་དཔྱོད་བྱེད་པའམ། སྡོམ་པའི་རྩིས་གཞི་འདིང་བའམ། སྡེ་སྣོད་ལ་བློ་ཁ་ཕྱོགས་པའམ། འདོད་པ་ལ་སྐྱོན་དུ་ལྟ་བའམ། ཡོན་ཏན་ལ་ངོམས་པ་བག་ཙམ་ཞིག་མཆིས་པ་འདི་དེའི་འོད་ལ་བརྟེན་པ་ཞིག་ལགས་པར་གདའ་གསུངས།
དགེ་བཤེས་པོ་ཏོ་བ་དེ་སྡེ་སྣོད་གསུམ་ལ་མཁྱེན་པ་རྒྱས་ཤིང༌། དེ་ཐམས་ཅད་གདམས་ངག་ཏུ་ཤར་བ་ཞིག་བྱུང་སྟེ། འབྲོམ་རིན་པོ་ཆེས་བསྟན་པའི་ཁྱབ་གདལ་གསུང་ཙ་ན་པོ་ཏོ་བའི་ངོས་སུ་ཞལ་བསྟན་ནས་གསུངས། པོ་ཏོ་བ་ཆེན་པོ་དེ་གནས་བརྟན་བཅུ་དྲུག་གི་ཡ་བ་གཅིག་ཡིན་ཀྱང་གསུངས། ཐུགས་རབ་ཤིན་ཏུ་ཆེ་བས་མདུན་དུ་པོ་ཏོ་ཅི་བྱུང་ཡང་སྐྱེས་བུ་གསུམ་གྱིས་ཁོག་བཅིངས་ནས་པོ་ཏི་ལ་ཟིན་བཤད་དུ་མཛད།
པོ་ཏོ་བའི་ཞལ་ནས། རྒྱལ་གྱི་ཞང་ཆེན་པོ་དང༌། འབྲོམ་རྒན་པོ་དེ་མིན་པ་ལྷ་འདྲེ་མི་གསུམ་ཐམས་ཅད་རྒྱ་སྐད་ཀྱིས་བཅུན་ནས་བཞག་གསུངས། འབྲོམ་བསྟེན་ཡུལ་ཐུང་སྟེ་ཁྱུར་པོ་ལོ་ངོ་མཐོང་བདུན་དུ་བསྟེན། འབྲོམ་གཤེགས་ནས་ཀྱང་རྣལ་འབྱོར་པ་དང༌། དགོན་པ་བས་སྐུ་མཆེད་གསུམ་མིག་གི་འབྲས་བུ་ལྟར་བསྐྱངས།
དགོན་པ་བ་འདས་ནས་སྐུ་མཆེད་གསུམ་གྱིས་ཕ་བོང་ཐང་དུ་གྲོས་མཛད་སྐད་ན། འུ་ཅག་ཚེ་འདི་ལ་མི་ལ་ཆོས་བཤད་མི་བྱ། བན་མོའི་བསྙེན་བཀུར་མི་བཟའ། སྡེ་པ་དང་དགོན་པ་བདག་ཏུ་མི་བཟུང༌། སྐྱེ་བ་ཕྱི་མ་བྱམས་པ་དང༌། ཇོ་བོའི་སྤྱན་སྔར་སྨོན་ལམ་བཏབ། གཅིག་ལ་གཅིག་བརྟེན་དུ་བྱས་ལ་དགེ་སྦྱོར་སྟབས་གཅིག་ཏུ་བྱའོ་ཞེས་གྲོས་མཛད་དོ། །
དགེ་བཤེས་པོ་ཏོ་བའི་མཛད་སྤྱོད་རགས་རིམ་རྣམས་གླང་བྱ་རབ་པས་གྲོས་མཛད་དོ། །དགེ་བཤེས་པོ་ཏོ་བའི་མཛད་སྤྱོད་རགས་རིམ་རྣམས་གླང་བྱ་རབ་པས་སྡོམས་སུ་བཀོད་པ་ནི། གཞན་གྱི་དཔོན་དང་གཡོག་མི་བྱ། །གཞན་སེམས་མི་དཀྲུག་སེམས་མི་བཟུང༌། །བསྲེ་བསླད་མི་བྱ་འབྲེལ་མི་བྱ། །ལྟོགས་འཇེན་མི་བྱ་འདྲིས་མི་བྱ། །གྱོང་དུ་བྱ་ཞིང་འགྲོགས་དཀར་བྱ། །རྟེན་བཞེངས་བ་དང་རྟེན་ལ་མཆོད། །ཀློག་འདོན་སྦྱིན་གཏོང་བྱ་བ་ཡང༌། །རྒྱ་ཆེན་ཡོངས་སུ་སྤང་ནས་ནི། །རང་གི་ཟས་གོས་འཚོ་བ་ཡང༌། །ངན་ངོན་ཙམ་གྱིས་ཆོག་བྱ་ཞིང༌། །དབེན་པའི་གནས་སུ་སོང་ནས་ནི། །བསྒྲུབ་པ་སྙིང་པོ་བླང་བར་བྱ། །ཞེས་གསུངས་སོ། །
དགེ་བཤེས་པོ་ཏོ་བའི་རྣམ་ཐར་མཛེས་པའི་པདྨོ་རྩ་འགྲེལ་ལས་གསུང་ཚུལ་ནི། སྤང་བྱའི་གནས་ཀྱི་དབང་དུ་བྱས་ནས། རང་ཡུལ་གནས་གཞི་དག་དང་གཞི་དགོན་དང༌། །གྲོང་དང་འདུ་འཛི་སྤྱོད་ཡུལ་མ་ཡིན་ལྔ། །མི་གཙང་འཆལ་པ་དམ་ཚིག་ཉམས་པའི་གནས། །མི་དང་མི་མིན་བར་ཆད་གནས་ཀུན་སྤངས། །ཞེས་དང༌། སྤང་བར་བྱ་བའི་གྲོགས་ནི། འཆལ་པ་དམ་ཉམས་འདྲེས་ཁྱེར་བུད་མེད་དང༌། །ལྟ་སྤྱོད་མི་མཐུན་ཚེ་འདི་དོན་དུ་གཉེར། །མི་གཞི་མ་གྲུབ་བླུན་དང་འདོད་པ་ཆེ། །ཉེ་འབྲེལ་ལ་སོགས་སྡིག་གྲོགས་མཐའ་དག་སྤང༌། །ཞེས་སོ། །སྤང་བྱའི་ཟས་ནི། ཤ་ཆང་སྒོག་བཙོང་འབགས་བཙོག་མི་གཙང་དང༌། །དཀོར་དང་གླུད་དང་ལས་ཀྱིས་འཚོ་བ་དང༌། །ལོག་འཚོ་ལྔ་དང་རྡེའུ་འཆའ་ཆུ་འཐུང་སོགས། །མཐའ་གཉིས་སྤྱོད་པའི་མ་དག་འཚོ་བ་སྤང༌། །ཞེས་སོ། །སྤང་བྱའི་གོས་ནི། གཅན་གཟན་རེ་བ་ཕུ་དུང་མ་ལ་སོགས། །རྒྱུ་དང་ཁ་དོག་མི་རུང་ཚད་ལས་འདས། །ཧ་ཅང་བཟང་དང་ངན་དྲགས་མཛེས་ཆོས་ཅན། །ཆོས་འདུལ་གཞུང་དང་འགལ་བའི་གོས་ཀུན་སྤང༌། །ཞེས་པའོ། །སྤང་བྱའི་ནོར་ནི། དགེ་སྦྱོང་ཀུན་གྱིས་བཅད་དུ་མི་རུང་ནོར། །རིན་པོ་ཆེ་སོགས་མ་བརྟགས་དངོས་པོ་བརྒྱད། །དཀོར་དང་གླུད་དང་གང་ལ་ཞེན་འགྱུར་བ། །ཡོངས་སུ་འཛིན་པ་ཐམས་ཅད་དགྲ་བཞིན་སྤང༌། །ཞེས་སོ། །སྤང་བྱའི་ལས་ནི། ཞིང་ལ་ཚོང་དང་བུན་སྐྱེད་དུད་འགྲོ་སྐྱོང༌། །སྨན་དང་བཟོ་དང་གཉེན་བཤེས་བསྐྱང་རན་དང༌། །གྲོང་ཆོག་བྱེད་དང་ཆར་འབེབས་སེར་བ་བསྲུང༌། །གཙོ་བོ་གནས་གཞིའི་བང་ཆེན་ལས་རྣམས་སྤང༌། །ཞེས་པ་སྟེ། དེ་དག་ནི་བཀའ་བརྒྱུད་འདིའི་སྤང་བར་བྱ་བ་རྣམ་པ་དྲུག་གོ །
བསྒྲུབ་པར་བྱ་བའམ་བླང་བར་བྱ་བ་ནི། མདོ་རྒྱུད་གསུང་རབ་ཀུན་གྱི་སྙིང་པོ་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པའི་ཉམས་ལེན་རྣམ་པར་ཐར་པ་དུ་མའི་རྒྱན་གྱིས་སྤྲས་པའི་ལམ་གྱི་ཆ་ལག་དང་བཅས་པ་རྣམས་སོ། །ཉམས་སུ་བླང་བར་བྱ་བ་ལ་བླ་མ་བསྟེན་ཚུལ་གྱི་ཁྱད་པར་ནི། བླ་མ་ཐ་དད་སྣ་ཚོགས་མི་འཚོལ་ཞིང༌། །མཚན་ཉིད་ལྡན་པ་གཅིག་ལ་ལེགས་བརྟེན་ནས། །དེ་ཡི་དམ་ཚིག་སྲོག་ལས་གཅེས་པར་བྱེད། །རྣམ་ཐར་ཐམས་ཅད་དེ་ཡི་རྗེས་སུ་སློབ། །ཅེས་དང༌། སྡོམ་ཁྲིམས་ཀྱི་ཁྱད་པར་ནི། རྒྱུད་དང་འཚམ་པའི་སྡོམ་ཁྲིམས་ལེགས་པར་བླངས། །དེ་ཡི་བསླབ་བྱ་དེ་ཉིད་གཞུང་བཞིན་སློབ། །ཅེས་དང༌། བློ་སྦྱོང་ཚུལ་ནི། བློ་སྦྱོང་བློ་སྣ་མས་རིམ་བཞིན་དུ་སྦྱོང༌། །མཉམ་བཞག་རྟོགས་པ་རྗེས་ཀྱིས་གཏན་ལ་འབེབས། །ཞེས་སོ། །ཤེས་བྱ་ཤེས་པའི་ཁྱད་པར་ནི། མན་ངག་རིགས་པ་སྣ་ཚོགས་མི་འཚོལ་ཞིང༌། །བསླབ་འོས་ཤེས་བྱ་ཀུན་ལ་བློ་གྲོས་སྦྱངས། །ཞེས་དང༌། མན་ངག་གི་ཁྱད་པར་ནི། ཁ་ཕོ་ཅན་གྱི་མན་ངག་མི་འཚོལ་ལ། །མན་ངག་དམ་པ་སྡེ་སྣོད་གསུམ་ལ་བྱེད། །ཅེས་སོ། །ཚེ་འདིའི་འཁྲི་བ་གཅོད་ཚུལ་གྱི་ཁྱད་པར། སྐྱེས་པའི་ཡུལ་སྤངས་ཉེ་དུའི་འབྲེལ་ཐག་བཅད། །སྡེ་དང་ཡོན་བདག་ཕྱོགས་འཛིན་ཀུན་ལས་གྲོལ། །དུད་འགྲོའི་གཡོག་དང་ཞིང་ལས་མ་ཟིན་དང༌། །མི་སེམས་འཛིན་སོགས་སྡུག་བསྔལ་ཀུན་དང་བྲལ། །ཞེས་དང༌། བྱ་བའི་ཁྱད་པར་ནི། བློ་སྦྱོང་དགེ་སྦྱོར་ལ་སོགས་བྱ་བ་ཀུན། །མངོན་ཚན་ཆུང་ལ་དོན་གྱིས་ས་ཕྱོད་ཆེ། །ལག་རྗེས་དག་ལ་གཙོ་བོར་མི་མཛད་ཅིང༌། །ཐོས་བསམ་སྒོམ་གསུམ་སྟན་ཐོག་གཅིག་ཏུ་མཛད། །ཅེས་དང༌། ཐོ་ཅོ་མི་མཛད་པ་ནི། འདོད་པ་ཕུགས་བཅུག་ཆགས་མེད་ལྟར་སྟོན་དང༌། །རང་དོན་ཕུགས་བཅུག་གཞན་ཕན་ལྟར་བྱེད་དང༌། །ཚེ་འདིར་མངོན་ཞེན་རྟོག་ལྡན་ལ་སོགས་པ། །བརྫུན་དང་འདྲེས་པའི་ཐོ་ཅོ་མི་མཛད་ཅིང༌། །ཞེས་དང༌། མཁས་པའི་ཁྱད་པར་ནི། རྣམ་དག་སྡེ་སྣོད་གསལ་བའི་མེ་ལོང་ལ། །ཆོས་དང་ཆོས་མིན་གནས་ལུགས་ལེགས་མཐོང་བའི། །འཇིག་རྟེན་ལེགས་པའི་ལམ་ལ་མི་བརྟེན་པར། །མཁས་རྣམས་ཞུགས་པའི་ལམ་ལ་རྗེས་སུ་འཇུག །ཅེས་དང༌། ལྟ་སྤྱོད་དག་པའི་ཁྱད་པར་ནི། ལུས་ངག་ཀུན་སྤྱོད་ཆོས་འདུལ་ཇི་བཞིན་ལ། །བརྩེ་སྟོང་དབྱེར་མེད་ཐེག་པ་མཆོག་སེམས་བརྟན། །བླང་དོར་གཉིས་མེད་གནས་ལུགས་དོན་ཤེས་ཀྱང༌། །རྣམ་རྟོག་མ་ཟད་ཟད་ཚུལ་སྟོན་མི་བྱེད། །ཅེས་དང༌། བརྟན་པའི་ཁྱད་པར་ནི། འཁོར་བའི་རང་བཞིན་ཇི་བཞིན་རྟོགས་གྱུར་པའི། །སྐྱིད་སྡུག་ཀུན་གྱིས་སྤྱོད་པ་མི་འགྱུར་ཞིང༌། །ལེགས་ཉེས་རྐྱེན་གྱིས་ཆོས་ལས་མི་བསྐྱོད་ལ། །སྐྱོ་བའི་སེམས་ཀྱིས་ཐར་ལམ་དགེ་ལ་འདྲེན། །ཞེས་དང༌། ཆོས་བརྒྱད་སྤང་བའི་ཁྱད་པར་ནི། གང་ལ་ཞེན་པས་སྡུག་བསྔལ་ཀུན་འབྱུང་ཞིང༌། །ཅི་བྱས་ཆོས་ཀུན་ལྟར་སྣང་ཉིད་འགྱུར་བ། །འཇིག་རྟེན་ཀུན་གྱིས་བསྒྲུབ་བྱ་འཇིག་རྟེན་གྱི། །ཆོས་བརྒྱད་སྤངས་ཀྱང་སྤང་བ་ལྟར་མི་མངོན། །ཞེས་སོ། །ཐུགས་རྗེའི་ཁྱད་པར་ནི། མར་གྱུར་འགྲོ་བའི་སྡུག་བསྔལ་མ་བཟོད་པས། །གཞན་དོན་མིན་པ་ཡིད་ལ་མི་དྲན་ཡང༌། །ཐུགས་རྗེ་ཅན་དུ་མངོན་མངོན་མི་མཛད་ཅིང༌། །ཅི་བྱེད་ཐམས་ཅད་གཞན་དོན་ཉིད་དུ་མཛད། །ཅེས་དང༌། ཤེས་རབ་ཀྱི་ཁྱད་པར་ནི། ཆོས་རྣམས་ཐམས་ཅད་སྣང་ལ་རང་བཞིན་མེད། །སྒྱུ་མ་ནམ་མཁའི་ངོ་བོར་ཤེས་གྱུར་ཀྱང༌། །དཀར་ནག་ལས་དང་ལས་ཀྱི་རྣམ་སྨིན་ལ། །ཡིད་ཆེས་དད་པས་ཤིན་ཏུ་གུས་པ་ཡིན། །ཞེས་སོ། །རྒྱལ་སྲས་ཀྱི་སྤྱོད་པ་ལ་སློབ་པའི་ཚེ་ཕར་ཕྱིན་དྲུག་གི་མི་མཐུན་ཕྱོགས་སྤོང་ཚུལ་ནི། གཞན་ལས་བསྡུས་ནས་གཞན་ལ་འགྱེད་པ་དང༌། །སྙན་གྲགས་འདོད་དང་རྙེད་པ་འདོད་པ་དང༌། །ཐོས་བསམ་ཀུན་དོར་ཉེས་ལྟུང་ཁྱད་དུ་བསད། །མ་དག་སྦྱིན་པ་ཆོས་སུ་མི་མཛད་ཅིང༌། །རབ་བྱུང་མཁན་སློབ་བྱས་ཀྱང་བསྟན་པ་ལ། །རྨ་བྱེད་རེ་ལས་བསྐྱངས་འདོད་མི་འོང་ཞེས། །སྤྱིར་ཡང་མཁན་སློབ་མི་མཛད་ཁྱད་པར་དུ། །བན་མོ་སྐྱར་ཆོག་བར་ཆད་ཅན་གྱི་མིན། །མ་ཤི་ཙམ་གྱི་ཟས་གོས་ངན་ལ་བརྟེན། །ཆོས་ཀྱི་དོན་དུ་སྲོག་ཀྱང་འདོར་ནུས་པ། །གཞན་དང་འཐབ་རྩོད་དོ་ཟླ་མི་བྱེད་པར། །གང་དུ་མ་བདེ་ས་དེ་ཉིད་ནས་འགྲོ། །རྙེད་དང་སྙན་གྲགས་དོན་དུ་མི་གཉེར་བས། །འཇིག་རྟེན་ལེགས་པ་ཅི་ཡང་མི་སྒྲུབ་ཅིང༌། །བྱ་ངན་ལས་ཀུན་ངན་སྐྱུགས་དགྲ་བཞིན་དོར། །དུས་བཞི་ཀུན་ཏུ་ཆོས་སྤྱོད་བཅུ་ལ་འབད། །འདོད་དང་མི་དགེ་སྤོང་བྱེད་མངོན་ཤེས་སོགས། །ཡོན་ཏན་འབྱུང་བྱེད་བསམ་གཏན་མ་གཏོགས་པ། །གནས་པ་ཚམ་ཚོམ་སྒོམ་དུ་མི་འཚལ་ཞིང༌། །སྒོ་གསུམ་དགེ་ལ་རྩེ་གཅིག་ཉམས་པ་མེད། །དྲི་མེད་སྡེ་སྣོད་མིག་དང་སྒྲོན་མེ་དང༌། །སྨན་གྱུར་མང་དུ་ཐོས་པས་མི་ངོམས་ཤིང༌། །ཐོས་པ་ཀུན་ཀྱང་ཉི་མ་དེ་རིང་ནས། །དངོས་དང་མོས་པས་ཉམས་སུ་བླང་བྱར་ཉན། །བརྒལ་ལན་སུན་འབྱིན་ཆོས་དམག་ཟེར་མཆུ་ཉུང༌། །དབང་ཟ་རང་གཟོ་བསྡུས་དོན་མི་མཛད་ཅིང༌། །དོན་གྱི་མཐའ་ཆོས་ཚིག་ཉུང་དོན་ཀུན་གོ །མང་ཐོས་ལུང་ལྡན་དོན་གྱི་ས་མཚམས་ཕྱེད། །གྲུབ་མཐའ་མ་འདྲེས་ཆོས་སྐད་བཟང་ལ་བརྟེན། །ཅི་བཤད་སྒོམ་དོན་བློ་སྣ་སྒྱུར་ལ་མཁས། །ཉམས་པ་ཟུར་གསོ་ཚིག་འབྲུ་དམ་པ་བཀྲོལ། །འཁྲུགས་པ་ཀུན་བསྡེབས་འབྱམས་པ་ངག་ཏུ་འདྲིལ། །བཀའ་ཆད་འགྱུར་འཁྲུགས་འགྱུར་མང་དགེ་ལ་བལྟ། །མཁས་པའི་རྩོམ་ལུགས་འགྲེལ་ཊཱིཀ་དུ་མ་དང༌། །བླ་མའི་མན་ངག་རང་གི་བློ་གྲོས་ལ། །བརྟེན་ནས་རྣམ་དག་ཆོས་བཤད་དེ་ལྟར་མཛད། །ལྔ་བརྒྱ་ཐ་མར་རང་ཉིད་མི་ཉམས་ཤིང༌། །སྒྲུབ་པ་ཚུལ་བཞིན་ཞེ་ནས་བྱེད་གྱུར་ན། །ཆོས་ཀྱི་དཔོན་དང་སྒྲུབ་གཡོག་ལ་སོགས་པ། །ཚད་ལྡན་དོན་མཐུན་འགའ་ཞིག་མ་གཏོགས་པ། །གཞན་གྱི་དཔོན་དང་གཡོག་པོ་མི་བྱེད་ཅིང༌། །བླ་མ་གྲུབ་གཡོག་ལ་སོགས་མ་གཏོགས་པ། །གཞན་སེམས་མི་གཟུང་ཀུན་གྱི་སེམས་མི་དཀྲུག །ལྟོགས་འཇེན་འབྲེལ་འདྲིས་ལ་སོགས་བྱ་བ་སྤང༌། །གྱོང་ཞིང་འགྲོགས་དཀའ་རྣམ་ཐར་གཙང་བ་དང༌། །དམན་པའི་ས་བཟུང་ཟས་གོས་ངན་ལ་བརྟེན། །དད་བརྩོན་བློ་དང་སྙིང་རྗེ་ཆེ་བསྐྱེད་ལ། །མི་རྗེས་མི་སྙེག་ཆོས་དང་གང་མཐུན་བྱ། །དབེན་ཞིང་ཉམས་དགའ་འཚོ་བ་འབད་རྩོལ་ཆུང༌། །གནོད་ཚེ་ཀུན་བྲལ་དེ་ནི་བསྒྲུབ་པའི་གནས། །བག་ཡངས་སོས་དལ་ཉིད་དུ་མ་སོང་བར། །ཆུ་བོའི་རྒྱུན་ལྟར་རྒྱུན་ཆད་མེད་པར་སྒྲུབས། །ཚེ་འདིར་མ་ཆགས་བྱ་རྒྱུ་ཆོས་ལས་མེད། ཁས་བླངས་གཙང་ཞིང་ལས་འབྲས་སྲོག་ལྟར་འཛིན། །འཁོར་བས་ཡིད་འབྱུང་མར་གྱུར་འགྲོ་ལ་བརྩེ། །བདག་འཛིན་དགྲ་ཐུལ་མ་ནོར་རྫོགས་པར་འདོད། །ཅེས་གསུངས་པ་རྣམས་ཏེ་རྒྱས་པར་ནི་མཛེས་པའི་པདྨོ་རྩ་འགྲེལ་གཉིས་ལས་ཤེས་པར་བྱའོ། །
དགེ་བཤེས་པོ་ཏོ་བ་དེ་འབྲོམ་རིན་པོ་ཆེ་ལ་གསང་སྔགས་ཀྱི་མན་ངག་རྣམས་མཐིལ་ཕྱིན་པར་ཞུས་ནས་བླ་མེད་ཀྱིས་ལམ་རིམ་གཉིས་ཀྱི་ཉམས་ལེན་མཐར་ཕྱིན་པར་མཛད་པ་ཞིག་ཡིན་ཡང་གསང་སྔགས་ཤིན་ཏུ་གསང་བར་མཛད་ནས་རྒྱུན་གྱི་དམ་ཚིག་གི་རྡོར་དྲིལ་ཉེ་གནས་ཀྱིས་ཀྱང་ཞིང་གཤེགས་ནས་མ་གཏོགས་མ་མཐོང༌། གསང་སྔགས་ཀྱི་བཟླས་བརྗོད་མཐར་ཕྱིན་པས་ཆོས་སྲུང་རྣམས་ཀྱང་བྲན་དུ་ཁོལ་བ་ཞིག་སྟེ་འོལ་པ་སྟོན་ཆུང་གིས་དཔལ་ལྷ་མོ་སྦལ་པས་དགེ་བཤེས་མཁར་པུ་བ་འདས། འཁོར་རྗེས་ན་འདུག་པ་ལ་ཡང་གནོད་པས་དགེ་བཤེས་པོ་ཏོ་བས་དཔལ་ལྷ་མོ་ལ་འདི་ལྟར་བཀའ་བཀྱོན་ཏེ། ཁྱོད་སངས་རྒྱས་ལ་ཆོས་དངོས་སུ་ཉན་པས་ཀྱང་འདི་ལྟར་བྱེད་ན། ངེད་ལུང་ལ་བརྟེན་པས་ཇི་ལྟར་བྱེད་གསུངས་པས། ནུབ་གཅིག་མནལ་ལམ་ན་བུ་མོ་གཞོན་ནུ་མ་གཅིག་གིས་གཡག་རྒོད་གཉིས་གཉའ་བཅག་ནས་དེད་སོང༌། ཕ་ཚད་སོང་བ་དང་དེ་ཐམས་ཅད་ནམ་མཁའ་ལ་འཕུར་ནས་སོང་བ་ཞིག་རྨིས། དེ་ནས་ཕྱིས་གནོད་པ་ཡེ་མ་བྱུང་གསུངས།
དགེ་བཤེས་པོ་ཏོ་བ་ཆེན་པོ་དེའི་སྐུའི་རྣམ་པ་ནི་གདོང་དཀྱུས་ཐུང་ངེ་བ། ཞལ་དཀྱིལ་དཀར་ལ་དམར་བའི་མདངས་ཆགས་པ། སྤྱན་རྩ་ཧུར་རེ་མཛད་པ་ཞིག་བཞུགས། ཆོས་གསུང་དུས་ཧུར་བཏོན་ནས་གསུངས་པས་དང་པོར་ཕྱམ་ཚེ་ཞུས། དེ་ནས་བླ་གོས་ཀྱང་རྐེད་པ་ཙམ་དུ་ཞུས་འགྲོ་བ། ཐུགས་ཤེས་རབ་ཤིན་ཏུ་ཆེ་བས་ཚིག་བཞི་པ་རེ་ལ་ཡང་འདིའི་ཆ་ནས་འདི་ལྟར་འགྲོ། འདིའི་ཆ་ནས་འདི་ལྟར་འགྲོ་ཞེས་དོན་མི་འདྲ་བ་བཅུ་བཅུ་ཙམ་འཆད་པ་ཞིག་ཡོད་པར་གསུངས།
དགེ་བཤེས་པོ་ཏོ་བ་དེ་ལམ་རིམ་འཆད་པའི་ཚེ་ལམ་སྒྲོན་རྩ་བར་བྱས་ནས། བཀའ་གདམས་གཞུང་དྲུག་དང༌། རིན་ཆེན་ཕྲེང་བ། སློབ་སྤྲིངས། བཤེས་སྤྲིངས། ཀ་མ་ལ་ཤཱི་ལའི་སྒོམ་རིམ་རྣམས་དང་སྦྱར་ཏེ་མཐའ་ཆོད་པར་མཛད། གཞན་ཡང་ཇོ་བོའི་བདེན་གཉིས་ལ་སོགས་པ་པོ་ཏི་ལ་བྱུང་བཤད་མཛད་པས་སློབ་དཔོན་བས་ཆོས་འདི་ཙམ་སུ་ལས་བསླབས་པ་ལགས་ཞུས་པས། སློབ་དཔོན་པྲ་ཛྙཱ་ལ་བསླབས་པ་ཡིན་གསུངས།
བཀའ་གདམས་ཟེར་བའི་སྒྲ་བོ་ཆེ་དེ་ཡང་དགེ་བཤེས་པོ་ཏོ་བ་ཆེན་པོའི་དུས་སུ་གྲགས་པ་ཡིན། རྣམ་ཐར་གཙང་བ་དང༌། ཁྱབ་གདལ་ཆེ་བའང་དེ་དུས་བྱུང་བ་ཡིན་གསུངས། ཤིན་ཏུ་གཏིང་ཟབ་པས་ང་ལ་ཡོན་ཏན་འདི་ཡོད་མི་གསུངས་ཀྱང་བྱང་ཆུབ་ཀྱི་ཐུགས་མངའ་བ། ཡི་དམ་གྱི་ཞལ་གཟིགས་པ། མངོན་པར་ཤེས་པ་རྒྱ་ཆེན་པོ་དང་ལྡན་པ་ཞིག་གོ །
དེ་ནས་ཤིང་མོ་བྱའི་ལོ་ཟླ་འབྲིང་པོའི་ཉ་ལ་དབྱར་གནས་མཛད་ནས། ཚེས་བཅུ་བདུན་ལ་སློབ་མ་ལ་སྤྲིངས་པའི་དབུ་བཙུགས། ཉི་ཤུ་གསུམ་གྱི་ཉིན་རྒས་པའི་སྡུག་བསྔལ་ཡན་ཆད་ཐོན། ཀ་པ་ལི་ཞལ་བསྡམས་ནས་ཁྱེད་ཅག་ང་ལ་དགེ་བཤེས་ཤིག་རེ་སྟེ་ད་ལྟ་མིང་ལས་མེད་མ་འོངས་པ་ན་མཚན་ཉིད་དང་ལྡན་པ་ཞིག་ཅི་འགྲུབ་བྱ། འུ་ཅག་རྣམས་གཏོར་མ་ཆེན་པོ་ཞིག་བཤམས་ལ་མནའ་ཐོ་ཞིག་གཅད་དགོས། ད་ཕྱིན་ཆད་སྡུག་ཏུ་འཇུག་མཁན་ཚེ་འདིའི་རྣམ་རྟོག་ཡིན་པས། དེ་མི་བོར་རི། སངས་རྒྱས་ཀྱི་བསྟན་པ་འུར་བྱིད་དུ་གཏོང་བའི་བྱ་རོག་དང་འུག་པ་བྱེད་རི་བྱས་པ་ལ་མནའ་སྐྱོལ་གསུངས་ནས། སྤྱན་ཆབ་སྒོར་སྒོར་མཛད་ཅིང་སྟན་ལས་བཞེངས་ནས་ནང་དུ་གཤེགས་སོ། །དེའི་ནུབ་མོ་ནས་ཅུང་ཟད་བསྙུང༌། སང་དྲོའི་དུས་སུ་ཆོས་སྟོན་ཐོན་ནས་ཇོ་རིན་ང་ཡང་འགྲོ་བར་འདུག་སྟེ་མ་སྔས་རན་པ་ཡིན། འགྱོད་པ་མེད་པར་འགྲོ་གསུངས་ནས་གཟིམ་ཁང་དུ་གཤེགས་སོ། །དེའི་ཉིན་པར་ཆོས་མ་གསུངས། མཚན་མོ་ཅང་སྟོན་ལ་སོགས་པ་སྙུན་གཡོག་པ་རྣམས་ལ་ང་གཉིད་ཟི་བ་འདྲ་བ་ཞིག་ལ་ཕྱོགས་བཅུའི་ནམ་མཁའ་གང་བའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མཐོང་ནས། དེ་དག་ལ་གསོལ་བ་བཏབ་པའི་སྣང་བ་ཞིག་བྱུང་གསུངས། དེའི་དུས་སུ་གྲྭ་པ་རྣམས་ཀྱིས་སྐུ་རིམ་བྱེད་པའི་ཁྲལ་བསྡུས་པ་ན། ཐེག་པ་ཆེན་པོའི་བླ་མའི་རིམ་གྲོ་བྱེད་པ་ལ་བྲེ་སྲང་ཀྲོག་ཀྲོག་བྱེད་པས་ཅིར་ཡང་མི་འགྱུར། དུག་ཧྲུལ་གྱོན་ནས་ས་སྐྱོར་ལ་ཕར་མཉེས་ཚུར་མཉེས་བྱེད་པ་ཞིག་དགོས་པ་ཡིན་གསུངས། ཉི་ཤུ་དགུའི་ནུབ་མོ་བགྲེས་པ་རྣམས་ཞལ་མཇལ་དུ་འོང་བས། མར་མེ་མདུན་དུ་ཁྱེར་ལ་ཤོག་གསུངས་ནས་ཁོ་ཐག་ཆོད་པ་ལྟར་གནས་ནས་ད་སང་གསུངས།
དེ་ནས་ཅུང་ཟད་ལོན་པ་ན་ཞབས་འབྲིང་ནང་འཁོར་བ་དག་དང༌། མཆོད་གནས་རྣམས་སྤྱན་སྔར་བྱོན་པ་ལ། ཁྱེད་རྣམས་ཀྱིས་དགེ་བའི་བཤེས་གཉེན་མཉེས་པར་བྱས་ཏེ། སྤྱན་དང་ལྡན་པའི་ཇོ་བོ་ཨ་ཏི་ཤའི་ཞལ་ནས། བླ་མའི་ཞབས་ཏོག་བྱས་པ་དོན་མེད་པ་མ་ཡིན། དོན་ཆུང་བ་མ་ཡིན་གསུངས་པས། ངའི་ཚིག་ལ་ཡིད་ཆེས་པར་གྱིས། ཁྱེད་རྣམས་ལ་ལས་ངའི་མིག་གི་དོད་བྱས། ལ་ལས་ལག་པའི་དོད་བྱས་དེ་དོན་ཆེ་བ་ཡིན་གསུངས།
གནམ་སྟོང་ཉིད་ཅང་སྟོན་དཀོན་མཆོག་འབར་གྱིས་ཚོགས་པ་ལ་ཞལ་གཅིག་སྟོན་པར་ཞུ། གྲྭ་པ་རྣམས་དེ་སྔར་བཀག་པས་བདག་ཅག་ལ་འབར་ཞིང་བདོག་ལགས་ཞུས་པས། རྒན་པོ་འཆི་ཁ་མ་ཞིག་བལྟས་པ་ལ་དགོས་པ་ཅང་ཡོད་དམ་གསུངས། ནན་གྱིས་ཞུས་པས་འོ་ན་ཁྲི་བརྩིགས་མཆོད་པ་བཟང་པོ་ཤོམས་ཤིག་གསུངས། གྲྭ་པ་རྣམས་ཀྱིས་དེ་ལྟར་བྱས་པའི་ཚེ་དགེ་བཤེས་པོ་ཏོ་བ་ཆེན་པོ་ཁྲི་ལ་བྱོན་ནས་ཆོས་ཤིག་གནང་ནས་ཕྱག་ཐལ་མོ་སྦྱར་ཏེ་སེམས་ཅན་སྐྱབས་མེད་པ་རྣམས་ཀྱི་སྐྱབས། མགོན་མེད་པ་རྣམས་ཀྱི་མགོན། དེ་བཞིན་དུ་གནས་དང༌། གླིང་དང༌། དཔུང་གཉེན་དང༌། འཁྲ་ས་མེད་པ་རྣམས་ཀྱི་འཁྲ་སར་གྱུར་ཅིག་གསུངས་ནས། ཐལ་མོ་ཕྱིར་ལ་ཤིག་གིས་སོང་སྟེ་སྐུའི་བཀོད་པ་བསྡུ་བར་བརྩམས།
དེ་ལྟར་དགེ་བའི་བཤེས་གཉེན་པོ་ཏོ་བ་འདི་མེ་མོ་ཡོས་ལ་འཁྲུངས། བདུན་ཅུ་དོན་དགུའི་བར་བསྟན་འགྲོའི་དོན་མཛད་ནས་བདུན་ཅུ་དོན་དགུ་པ་ཤིང་མོ་བྱའི་དབྱར་ཟླ་འབྲིང་པོའི་གནམ་སྟོང་གི་སྔ་དྲོ་པོ་ཏོ་དགོན་པར་སྐུ་གཤེགས་ཏེ་དགའ་ལྡན་ཆོས་ཀྱི་ཕོ་བྲང་དུ་ཕེབས་སོ། །
དེ་ནས་གནམ་སྟོང་གི་མཚན་མོ་སྐུ་གདུང་འཁྱམས་སུ་སྤྱན་དྲངས་ནས་སྲོད་དང༌། གོང་དང༌། ཐོ་རེངས་གསུམ་དུ་གཡོར་གཙང་དང༌། ཆུ་འཁྲིས་པ་དང༌། འཕན་ཡུལ་བ་གསུམ་གྱི་མཆོད་པ་རྒྱ་ཆེན་པོ་མཛད། ཚེས་གཅིག་ལ་གཡོར་སྟོན་ཆོས་འབར་དང༌། གཙང་པ་རྗེ་བཙུན་ཡེ་རྒྱལ་དང༌། ཆུ་འཁྲིས་པ་སྟོན་པ་དབང་གཞོན་དང༌། ཞང་བཙུན་ཤེས་རབ་རྒྱ་མཚོ་དང༌། སྟོད་ལུང་བ་སྟོན་པ་རྒྱལ་པོ་དང༌། འཕན་ཡུལ་བ་སྟོན་པ་ཤཱཀ་གཞོན་རྣམས་ཀྱིས་གདུང་གཉེར་མཛད་ནས་སྤུར་སྦྱངས་པའི་ཚེ། སྤུར་ཁང་གི་ཕྱོགས་བཞིར་རིན་པོ་ཆེའི་མཆོད་རྟེན་བཞི་བྱུང་བ་དང༌། དཀར་ཕྱོགས་ཀྱི་ལྷ་རྣམས་ཀྱིས་ཕྱག་དང་མཆོད་པ་བྱས་ཤིང་ཕྱག་འཚལ་ལོ་ཞེས་པའི་སྒྲ་མི་རྣམས་ཀྱིས་ཀྱང་ཐོས་པ་བྱུང༌། ལས་ཚན་གསུམ་དང༌། བྲག་རྒྱབ་པས་ཕྱོགས་བཞི་ནས་མཆོད་པ་ཕུལ། ཐུགས་ལྗགས་རིང་བསྲེལ་ལ་སོགས་པའི་རྟེན་ངོ་མཚར་ཅན་མང་དུ་བྱོན། ཚེས་གཉིས་ལ་གདུང་ཆ་ལྔར་བགོས། ཚེས་གསུམ་ལ་ན་བཟའ་བགོས་དབྱར་གྲྭ་པ་རྣམས་དེར་བཞུགས་ནས་སྤུར་སྦྱངས་པའི་སར་མཆོད་རྟེན་བཞེངས་ཏེ་དགག་དབྱེ་ཐོན་ནས་སོ་སོར་བྱོན་ནོ། །
གདུང་ཁང་དུ་དངུལ་གྱི་མཆོད་རྟེན་བྱེད་པ་དགེ་བཤེས་ཕུ་ཆུང་པས་གསན་ནས། གདུང་རྟེན་དངུལ་ལས་བྱས་ན་དངུལ་མི་ངན་གྱིས་ཁྱེར་ནས་ངའི་གྲོགས་པོའི་སྐུ་གདུང་གྲོག་ནང་དུ་སྤུར་ངེ་འོང་དོགས་ཡོད་དགོངས་ནས་ཇོ་བོ་ཚུལ་བསོད་ལ་འདིར་ཤོག་གྱིས་གསུངས་པས། ཚུལ་གསོད་འབྱོན་དུ་མ་གནང་ཕྱིས་རབ་གནས་ལ་ཕུ་ཆུང་བ་སྤྱན་དྲངས་པའི་དུས་སུ་ཞལ་ནས་དངུལ་མ་བྱས་ན་ལེགས་པ་ཡིན་ཏེ། ད་བྱས་ཀྱི་རྟིང་ལ་རབ་གནས་ལ་བབ་པས་དབྱར་དོ་པོ་དགོན་པར་སྡོད་པའི་ལམ་གཞོར་ལ་བྱ་ཡི། འཁོར་ལོ་ཡན་ཆད་རྒྱན་ཡིན་པས་མ་ཚར་ཡང་བཏུབ། བྲེ་མན་ཆད་ཚར་བར་གྱིས་གསུངས་ནས་ཚུར་ལམ་གདུང་རྟེན་གྱི་རབ་གནས་མཛད་དོ། །
དགེ་བའི་བཤེས་གཉེན་པོ་ཏོ་བ་ཆེན་པོ་དེས་བསྟན་པའི་བྱ་བ་རྒྱ་ཆེན་པོ་མཛད་པས་སྤྱིར་གདུལ་བྱ་བགྲང་བ་ལས་འདས་ཤིང༌། དུས་གཅིག་ཏུ་འདུས་པ་ལའང་ལས་དང་སྐལ་བར་ལྡན་པའི་གྲྭ་པ་ཉིས་སྟོང་ཙམ་འདུས་པའི་ནང་ནས། བཀའ་བབ་ཀྱི་བུ་ཆེན་བརྒྱད་དུ་གྲགས་པ་ནི། དང་ཚུགས་མཆོག་ཟུང་གཅིག་ལ་འགྲན་པ་ཞིག་ཡོད་པའི་བཀའ་དགེ་བཤེས་ཕོ་བྲང་སྡིང་པ་ལ་བབ། རྩོད་པ་པཎྜི་ཏའི་རྒོལ་བ་ཡང་བཟློག་ནུས་པའི་བཀའ་དགེ་བཤེས་དོལ་པ་ཆེན་པོ་ལ་བབ། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བདག་གཞན་བརྗེ་ནུས་པའི་བཀའ་གླང་རི་ཐང་པ་ལ་བབ། བཀའ་འགྱུར་རོ་ཅོག་ལ་གཞུང་བཤད་བྱེད་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་མངའ་བརྙེས་པ་འདྲ་བ་འོང་བའི་བཀའ་ཞང་ཤ་ར་བ་ལ་བབ། སྟོང་ཉིད་ཀྱི་ལྟ་བས་དངོས་པོ་དང་མཚན་མར་འཛིན་པ་ཐམས་ཅད་འཇིག་ནུས་པ་ཡོད་པའི་བཀའ་རམ་སྡིངས་མ་བ་ལ་བབ། གསུང་རབ་ཐམས་ཅད་སྐྱེས་བུ་གསུམ་གྱི་གདམས་ངག་ཏུ་དྲིལ་ནས་སྨན་པ་མཁས་པས་ནད་བརྟགས་ཏེ་ནད་ཐོག་ཏུ་སྨན་གཏོང་བ་འདྲ་བ་ཡོད་པའི་བཀའ་སྣང་དྲིའུ་ལྷས་པ་ཡེ་ཤེས་རྒྱལ་མཚན་ལ་བབ། མཆོད་པ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལ་འགྲན་ནུས་པ་ཞིག་ཡོད་པའི་བཀའ་དགེ་བཤེས་བྲག་དཀར་བ་ལ་བབ། བླ་མ་ལ་སངས་རྒྱས་དངོས་ཀྱི་མོས་གུས་རྒྱུན་ཆད་མེད་པ་ཡོད་པའི་བཀའ་གཉལ་བ་ཆོས་འབར་ལ་བབ་བོ། །གཞན་ཡང་བསྟན་པ་ཡོངས་རྫོགས་འཛིན་པའི་བུ་ཆེན་སྐྱེས་བུ་དམ་པ་མང་པོ་བྱོན་ནོ། །

འབྲེལ་ཡོད་འོས་སྦྱོར།