༄༅། །གཙང་རོང་རིན་སྤུངས་སུ་འཁྲུངས་པའི་གོང་ར་ལོ་ཙཱ་བའི་སྐོར།
རྩོམ་པ་པོ།:རིན་སྤུངས་ཉི་མ་དོན་གྲུབ་ཀྱིས་བ
ཡོང་ཁུངས།:ལྷ་ས་གྲོང་ཁྱེར་བོད་སྐད་ཡིག་བྱ་བའི་ཨུ་ལྷན་གཞུང་ལས་ཁང་།
དུས་ཚོད།:2022-09-22
ཀློག་གྲངས།:
༄༅། །གཙང་གོང་ར་ངེས་གསང་རྡོ་རྗེ་གླིང་དང་གོང་ར་ལོ་ཆེན་གཞན་ཕན་རྡོ་རྗེའི་སྐོར་གྱི་ཟིན་བྲིས།
རིན་སྤུངས་ཉི་མ་དོན་གྲུབ་ཀྱིས་བསྒྲིགས།
གོང་ར་ཞེས་པ་ནི་ས་མིང་སྟེ་དེ་ནི་ལྷ་ས་ནས་རྒྱལ་ལམ318བརྒྱུད་ནུབ་ཕྱོགས་སྤྱི་ལེ185ཙམ་དང་གཞིས་རྩེ་ནས་རྒྱལ་ལམ318བརྒྱུད་ཤར་ཕྱོགས་སྤྱི་ལེ85ཙམ་གྱི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་རིན་སྤུངས་རྫོང་བྱེ་བ་ཤང་བྱེ་མདའ་གྲོང་ཚོའི་གཙང་ཐོག་ལྕགས་རིའི་རི་རྐེད་དུ་གནས་ཡོད།
གཙང་གོང་ར་ངེས་གསང་རྡོ་རྗེ་གླིང་ལ་གོང་ར་ལྷུན་གྲུབ་སྡིངས་ཀྱང་བརྗོད། ཐོག་མར་མང་རོང་གཏེར་སྟོན་འཇམ་དཔལ་རྡོ་རྗེ་ཟེར་བ་ཐང་ཡིག་ནང་གི་བདེ་ཆེན་གླིང་པ་དང་གཅིག་པར་བཞེད་པ་ཞིག་གིས་བཏབ། དེ་རྗེས་དེ་ཉིད་ཀྱི་དབོན་པོ་སྒྲ་སྙན་ངག་ལ་ཤིན་ཏུ་མཁས་པ་ལོ་ཆེན་ངག་གི་དབང་པོས་གདན་ས་བསྐྱངས། དེ་ནས་དེར་ལོ་ཆེན་གཞན་ཕན་རྡོ་རྗེ་བཞུགས་ཏེ། སྐྱེས་ཆེན་དམ་པ་འདི་ནི་གསང་ཆེན་རྙིང་མའི་བསྟན་འཛིན་འགྲན་དུ་མེད་པ་ཞིག་ཡིན། རྒྱལ་དབང་ལྔ་པ་ཆེན་པོའི་རྣམ་ཐར་སོགས་སུ་གསལ་བ་ལྟར་ན་ལྔ་པ་ཆེན་པོ་འབྲས་ཡུལ་སྐྱེད་ཚལ་དང་། གོང་ར་ངེས་གསང་རྡོ་རྗེ་གླིང་། ཚོགས་ཆོས་ལུང་། རོང་ངུར་སྨིག་སོགས་སུ་ཕེབས་སྐབས་གོང་ར་དགོན་ཧ་ལམ་ཉམས་རྒུད་དུ་འགྲོ་བཞིན་ཡོད་པ་དེའང་། དགོན་པའི་དགེ་འདུན་གྱིས་གོང་ར་བླ་མའི་སྤྲུལ་སྐུ་ལྷོ་ཁའི་ཕྱོགས་སུ་ཡོད་ཚུལ་དང་བཅས་ལྔ་པ་ཆེན་པོར་ནམ་ཞིག་གདན་འདྲེན་ཚུལ་གྱི་དགོངས་སྐོར་སྙན་ཞུ་ཕུལ་དོན་ལ་ལྔ་པ་ཆེན་པོ་མཆོག་ནས་དགོན་པ་རང་ངོས་ད་ལྟ་ཉམས་ཐག་པའི་དུས་སུ་སླེབས་པ་ཡིན་ཚུལ་ལས་ནམ་ཞིག་གདན་འདྲེན་ཚུལ་སྐོར་གསལ་ཁ་མ་བྱུང་། དགོན་པ་འདི་དང་རིན་སྤུངས་རི་ལུང་སྦུག་དགོན་གཉིས་དབྱར་གནས་དང་དགོན་གནས་ཡིན་པ་དེའང་གོང་ར་ངེས་གསང་རྡོ་རྗེ་གླིང་ནི་དབྱར་གནས་སོ། །
གོང་ར་ལོ་ཙཱ་བ་གཞན་ཕན་རྡོ་རྗེ་ལ་གངས་ར་ལོ་ཙཱ་བ་གཞན་ཕན་རྡོ་རྗེ་ཡང་ཟེར། གཞན་དུ་གོང་ར་ལོ་ཆེན་དང་། མ་ཧཱ་ལོ་ཙཱ་བ་གཞན་ཕན་རྡོ་རྗེ་ཞེས་ཀྱང་ཟེར། སྟོད་ལུང་སྣང་རྩེ་ནས་ཡིན་པའི་གཏེར་སྟོན་ཞིག་པ་གླིང་དང་སོག་ཟློག་པ་བློ་གྲོས་རྒྱལ་མཚན། གོང་ར་ལོ་ཆེན་བཅས་ལ་སྣང་སོག་གོང་གསུམ་དུ་གྲགས། ཁོང་ནི་གནུབས་སངས་རྒྱས་ཡེ་ཤེས་དང་། ནག་པོ་རོ་ཟན། ཁྲོ་ཕུ་བ་བསོད་ནམས་དབང་ཕྱུག་སོགས་ཀྱི་གདུང་རིགས་རྟོགས་ལྡན་ཆོས་ཉིད་རང་གྲོལ་གྱི་ཡང་ཚ་ལོ་ཆེན་ངག་གི་དབང་པོའི་གཅུང་ཡབ་དབོན་ཆེན་ཞེས་པ་དང་། ཡུམ་ལྷ་ཆོས་སྒྲོལ་མ་གཉིས་ཀྱི་སྲས་སུ་འབྲས་ཡུལ་བཀྲ་ཤིས་གླིང་དུ་ཤིང་རྟའི་ཕྱི་ལོ༡༥༩༤ལ་འཁྲུངས། དགུང་ལོ་བཅུ་གཉིས་པ་ལ་ཞྭ་དམར་ཆོས་ཀྱི་དབང་ཕྱུག་ལས་རབ་ཏུ་བྱུང་། ཕྱིས་དགུང་ལོ་ཉེར་གཅིག་པ་ལ་མཁན་པོ་དེ་ཉིད་དང་སློབ་དཔོན་སྨྲ་སེང་སོགས་དད་པའི་དགེ་འདུན་གྲངས་ཚང་བའི་དབུས་སུ་བསྙེན་པར་རྫོགས་ནས། སྐུ་ཚེ་དེ་སྲིད་དུ་རང་གི་ལྟུང་བ་ཕྲ་མོས་ཀྱང་མ་གོས་པས་བཙུན་གཅིག་མ་ལྟ་བུར་གྱུར། ཁུ་བོ་ལོ་ཆེན་ངག་གི་དབང་ཕྱུག་ཞྭ་དམར་བའི་རིག་གནས་ཀྱི་སློབ་དཔོན་དུ་བཀུར་བའི་ཞབས་ཕྱིར་འབྲངས་ཏེ། ལེགས་སྦྱར་གྱི་བསྟན་བཅོས་ཀ་ལཱ་པ། སྙན་ངག་མེ་ལོང་། སྡེབ་སྦྱོར། རྩིས་རིགས། རྒྱ་བོད་ཀྱི་ཡིག་རིགས་སོགས་ཐ་སྙད་ཐམས་ཅད་ལ་མཁས་པར་སྦྱངས། ཁུ་བོ་ལོ་ཆེན་ངག་གི་དབང་པོ། མཁས་གྲུབ་བློ་གྲོས་རྒྱལ་མཚན། གསུང་སྤྲུལ་ཚུལ་ཁྲིམས་རྡོ་རྗེ། སྙིང་ཕུ་བ་རིག་འཛིན་སྙིང་པོ། རྩེ་ལེ་པདྨ་ལེགས་གྲུབ། ཀ་ཐོག་པ་པདྨ་བློ་གྲོས། ཡོན་དོ་པ་བཀྲ་ཤིས་ལྷུན་གྲུབ། རིག་འཛིན་འཕྲིན་ལས་ལྷུན་གྲུབ་སོགས་མཁས་གྲུབ་ཀྱི་ཡོངས་འཛིན་མང་དུ་བསྟེན་ནས་སྔ་འགྱུར་བཀའ་གཏེར་གྱི་ཆོས་ཀྱི་སྒོ་མཐའ་ཡས་པ་གསན་ཅིང་། རྙིང་མ་རྒྱུད་འབུམ་ཚར་གསུམ་བཞེངས་པའི་དང་པོ་ཁམས་དང་གཉིས་པ་ཀོང་ཡུལ་དུ་བསྟན་རྒྱུན་ལ་དགོངས་ནས་བསྐྱེལ་བར་མཛད་པས་མཚོན་ཏེ། བསྟན་པའི་འཕེལ་རྒྱས་སུ་འགྱུར་ན་ཕྱག་དཔེ་དང་ལྷ་རྟེན་སོགས་ཕྱག་ཏུ་གང་ཡོད་དང་། མེད་ནའང་དེ་དག་བསྒྲུབ་པའི་རྒྱུ་སློབ་བུ་སོ་སོ་ལ་ལྷུག་པོར་གཏོང་། ཡོ་བྱད་ཀྱི་དངོས་པོ་འཕྲལ་འཚོ་ཐུབ་ཙམ་ལས་གསོག་འཇོག་མེད་པར་ཞིང་ས་གང་དག་ཏུ་དགེ་བར་བསྒྱུར། གཞན་དུ་ཡང་ཀོང་པོ་རྫོགས་ཆེན་པ་ཀུན་བཟང་རྣམ་རྒྱལ། རོང་པ་རྫོགས་ཆེན་པ་ནམ་མཁའ་འབྲུག་སྒྲ། རྡི་ཚ་སྤྲུལ་སྐུ་འཇིག་རྟེན་དབང་ཕྱུག བྲེས་པ་ཆོས་རྒྱལ་རྡོ་རྗེ། སྨན་ལུང་པ་བློ་མཆོག་རྡོ་རྗེ། རྟ་ནག་སྒྲོལ་མ་སྦུག་པ་སྐུ་མཆེད། སྤོ་བོ་པ་པདྨ་རིག་འཛིན། ལ་སྟོད་མེས་སྟོན་པ། གོ་འཇོ་བཀྲ་ཤིས་རིན་ཆེན་སོགས་དུས་དེའི་རྙིང་བསྟན་གྱི་རྗེས་སུ་འབྲང་བ་མཆོག་དམན་བར་པ་སུ་ཡང་དམ་པའི་ཆོས་ཀྱིས་མ་བསྡུས་པ་ནི་མེད་པ་ལྟ་བུ་དང་། གསར་མའི་བསྟན་འཛིན་བློ་གསལ་མང་པོས་ཀྱང་ཐུན་མོང་གི་རིག་གནས་སོགས་ཆོས་ཀྱི་སྒོ་ནས་ཞབས་ལ་བཏུད་པ་ཆེས་མང་། མདོར་ན་སྡོམ་པ་གསུམ་གྱིས་ཐུགས་རྒྱུད་ཡོངས་སུ་དག་པ་ལས་མི་གཡོ་བཞིན་འཁོར་ལོ་གསུམ་གྱི་ཕྲིན་ལས་བསྟན་པ་དང་སེམས་ཅན་གྱི་ཕན་བདེ་འབའ་ཞིག་ཏུ་འགྲོ་བའི་ངང་ལས་གཡེལ་བ་མེད་པ་ཉིད་ནས་དགུང་ལོ་དྲུག་ཅུ་རེ་གཅིག་བཞེས་པ་ཤིང་རྟ་ཕྱི་ལོ༡༦༥༤བོད་ཟླ་བ་དྲུག་པའི་ཚེས་བརྒྱད་ལ་གཟུགས་སྐུའི་བཀོད་པ་བསྡུས།
དེ་ཡང་། རྒྱུད་འབུམ་རིན་པོ་ཆེའི་རྟོགས་པ་བརྗོད་པ་ལྷ་ཡི་རྔ་བོ་ཆེ་ལྟ་བུའི་གཏམ་ལས། རྙིང་མའི་རྒྱུད་འབུམ་ཚར་གསུམ་བཞེངས་པའི་དང་པོ་གཉིས་བསྟན་རྒྱུན་ལ་དགོངས་ནས་ཁམས་དང་ཀོང་ཡུལ་དུ་སྐྱེལ་བར་མཛད་པས་མཚོན། འགྲོ་དོན་ནུས་པ་ལ་ཕྱག་དཔེ་སོགས་ལག་ན་གང་ཡོད་སྩོལ་ཞིང་། མེད་ནའང་སྒྲུབ་པའི་རྒྱུའི་དངོས་པོ་ལྷུག་པོར་གཏོང་། རྙིང་རྒྱུད་ཀྱི་ལུང་རྒྱུན་ཡང་རྗེ་འདི་ལས་ཁམས་དབུས་སུ་ཁྱབ་པས་བསྟན་པ་ལ་སྐུ་དྲིན་ཆེ། ཞེས་གསུངས་པ་ལྟར། གོང་ར་ལོ་ཆེན་གཞན་ཕན་རྡོ་རྗེས། སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེ་ཚར་གསུམ་བཞེངས་ནས་ཚར་གཅིག་རང་དགོན་གོང་ར་ངེས་གསང་རྡོ་རྗེ་གླིང་དུ་བཞག ཚར་གཉིས་ཁམས་དང་ཀོང་པོའི་ཕྱོགས་སུ་ཕུལ། རྒྱུད་འབུམ་འདི་མ་ཡིག་གང་ལ་ཁུངས་བཅོལ་ནས་བཞེངས་ཚུལ་སོགས་ཀྱི་ལོ་རྒྱུས་གསལ་པོ་མ་མཐོང་། འོན་ཀྱང་སྐབས་དེར་ཟུར་བཟང་པོ་དཔལ་གྱིས་བཞེངས་པའི་རྒྱུད་འབུམ་དང་། གཏེར་སྟོན་རཏྣ་གླིང་པས་བཞེངས་པའི་རྒྱུད་འབུམ་སོགས་བཞུགས་པས། དེ་དག་ལ་ཁུངས་བཅོལ་ཡོད་པར་ངེས་སོ། །ཞེས་དཀར་ཆག་གསལ་བའི་མེ་ལོང་དུ་གསལ།
སྟག་བུ་བྲག་དམར་དགོན་པའི་རྒྱུད་འབུམ་ཞེས་པ་དེའང་རབ་བྱུང་དགུ་པའི་ནང་སྟག་བུ་རེ་ཁེ་འབྲི་རྒྱུད་ཕྱོགས་སུ་འཁྲུངས་པའི་ས་བླ་སངས་རྒྱས་རྡོ་རྗེས། གཙང་གོང་ར་ངེས་གསང་རྡོ་རྗེ་གླིང་ན་བཞུགས་པའི་རྒྱུད་འབུམ་གྱི་དཔེ་ལུང་གཉིས་ཀའི་རྒྱུན་ཕལ་ཆེར་སྟག་བུ་བྲག་དམར་དགོན་དུ་གདན་དྲངས། ཕྱིས་སུ་རབ་བྱུང་བཅུ་གཅིག་པའི་ནང་དུ་བྱོན་པའི་ཀུན་བཟང་རྣམ་རྒྱལ་དང་། ཀུན་བཟང་བློ་གྲོས་སྐུ་མཆེད་རྣམ་གཉིས་ཀྱིས། སྨིན་གླིང་གཏེར་ཆེན་འགྱུར་མེད་རྡོ་རྗེ་སོགས་ཀྱི་དྲུང་ནས་ཨོ་རྒྱན་སྨིན་གྲོལ་གླིང་ན་བཞུགས་པའི་རྒྱུད་འབུམ་གྱི་ལུང་རྒྱུན་སོགས་ལེགས་པར་བཞེས་ཏེ། དཔེ་རྣམས་རང་དགོན་དུ་གདན་དྲངས་ནས་སྔར་གྱི་རྒྱུད་འབུམ་སྟེང་དུ་བསྣན་ཏེ་དཔེ་ལུང་གཉིས་ཀའི་རྒྱུན་ཆ་ཡོངས་སུ་ཚང་བར་མཛད། ཕྱིས་སུ་སྡེ་དགེའི་རྒྱལ་མོ་ཚེ་དབང་ལྷ་མོས་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེ་བཞེངས་སྐབས་རྒྱུད་འབུམ་འདི་མ་དཔེ་ལ་གདན་དྲངས་ཡོད་ཚུལ་སྡེ་དགེ་རྒྱུད་འབུམ་གྱི་དཀར་ཆག་ཏུ་གསལ།
༢༠༢༢ལོའི་ཟླ༩པའི་ཚེས༡༦ཉིན་ལྷ་ས་ནས་ཟིན་བྲིས་བཏབ་པའོ། །
འབྲེལ་ཡོད་འོས་སྦྱོར།