logo

ཤེལ་ཞིག་ཚུལ་ཁྲིམས་རྒྱལ་མཚན་གྱི་སྐོར་གླེང་བ།

རྩོམ་པ་པོ།:དགེ་བཤེས་གཙུག་གཤེན་རྒྱལ་མཚན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2022-11-01 ཀློག་གྲངས།:
ཀ་ལེགས་དགོན་གྱི་བླ་མ་ཤེལ་ཞིག་ཚུལ་ཁྲིམས་རྒྱལ་མཚན་གྱི་སྐོར་གླེང་བ།
དགེ་བཤེས་གཙུག་གཤེན་རྒྱལ་མཚན།

        དམ་པ་ཁོང་ནི་སྔར་ཞང་ཞུང་རྒྱལ་རབས་མངའ་ཐང་དར་ཞིང་རྒྱས་པའི་སྐབས་ཞང་ཞུང་སྒོ་ཕུགས་བར་གསུམ་དུ་ཕྱེས་པའི་སྒོ་པའི་ཁོངས་གཏོགས། སྤུ་རྒྱལ་བཙན་པོས་རྒྱལ་རབས་བཙུགས་སྐབས་སུམ་པ་གླང་གི་གྱིམ་ཤོད། བོད་ཡུལ་མདོ་དབུས་ཁམས་གསུམ་གྱི་ནང་གསེས་ཁམས་སྟོད་ཁྱུང་པོའི་ཡུལ། ཁྱུང་པོ་དཀར་ནག་སེར་གསུམ་ལས་མི་རྗེ་ཁྱུང་དཀར་རྒྱལ་པོའི་མངའ་རིས་གསེར་རུ་གཞུང་ཞེས་པའི་ས་ཆ་སྟེ། དེང་གི་སྲིད་འཛིན་ས་ཁོངས་ཀྱི་དབང་དུ་བྱས་ན། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་གེ་རིང་གྲོང་གི་སྟོད་མའམ་རྫོགས་མདའ་ཁའི་ཤེལ་ཞིག་འཕར་ཆུང་ཚང་དུ་སྐུ་མཆོག་མངོན་པར་བཞད། ཁོང་གི་འཁྲུངས་འདས་ལོ་ཚིགས་དང་ཡབ་ཡུམ་སོགས་གསལ་པོར་བཀོད་པའི་ཡིག་ཆ་མིག་སྔར་ལག་ཏུ་མ་སོན། ཀ་ལེགས་དགོན[1]གྱི་ལོ་རྒྱུས་ཁག་ཏུ་ཡག་སྙ་བསོད་ནམས་རྒྱལ་མཚན་གྱིས་ཀ་ལེགས་དགོན་ཕྱག་བཏབ་པ་དང་། ཤེལ་ཞིག་ཚེ་དབང་རྒྱལ་མཚན་དང་ཚུལ་ཁྲིམས་རྒྱལ་མཚན་གཉིས་དགོན་དེའི་བླ་མར་མངའ་གསོལ་བ་ཙམ་ལས་གཞན་པའི་ཤེལ་ཞིག་ཚུལ་ཁྲིམས་རྒྱལ་མཚན་སྐོར་གྱི་གནས་ཚུལ་གང་ཡང་འཁོད་མེད། ཀ་ལེགས་དགོན་གྱི་ལོ་རྒྱུས་ཁག་གིས་བསྟན་སྟངས་ཀྱི་བབ་ལ་བརྟགས་ན། ཡག་སྙ་བསོད་ནམས་རྒྱལ་མཚན་གྱིས་ཀ་ལེགས་དགོན་ཕྱག་བཏབ་གྲུབ་པ་དང་ཁོང་གདན་སར་འཁོད་པ་ཡིན་དགོས་འདུག དེས་ན་ཐོག་མར་ཀ་ལེགས་དགོན་དུས་ནམ་ཞིག་ཏུ་ཕྱག་བཏབ་མིན་ལ་དཔྱད་རྒྱུ་གལ་ཆེ་བར་མཐོང་།
དང་པོ། ཀ་ལེགས་དགོན་དུས་ནམ་ཞིག་ཏུ་ཕྱག་བཏབ་མིན་སྐོར།
    གུས་པས་ཡུན་རིང་བཙལ་བས་ཀ་ལེགས་དགོན་གྱི་ལོ་རྒྱུས་སྣ་ཁ་མི་འདྲ་བ་ལྔ་ལག་སོན་བྱུང་། དེ་དག་ནང་སྨན་རིའི་དགེ་བཤེས་ཟླ་བ་བསྟན་འཛིན(༡༩༦༥-༢༠༠༩)མཆོག་གིས་སྤྱི་ལོ༡༩༩༧ལོར་བརྩམས་གནང་བའི«ཀ་ལེགས་དགོན་གྱི་ལོ་རྒྱུས་བསྡུས་བརྗོད་ཤེལ་དཀར་ཕྲེང་བ»ཞེས་པ་ལག་བྲིས་ཅན་ཞིག་དང་། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་སྲིད་གྲོས་ཀྱིས་རྩོམ་སྒྲིག་བྱས་པའི«ཁྱུང་པོ་སྟེང་ཆེན་དེབ1»ནང་དུ་བཞག་པའི་ཀ་ལེགས་དགོན་གྱི་ལོ་རྒྱུས། དགེ་བཤེས་ཤེས་རབ་གྲགས་པ་ལགས་ཀྱིས་བཏུས་རྩོམ་གནང་བའི«ཞང་བོད་གདན་རབས»ནང་གི་ཀ་ལེགས་དགོན་གྱི་ལོ་རྒྱུས། འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་སོགས་ཀྱིས་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་གནང་བའི«ཞང་བོད་ཚིག་མཛོད་ཆེན་མོ»ནང་གི་ཀ་ལེགས་དགོན་གྱི་ངོ་སྤྲོད་སོགས་འདུས་ཡོད། འདི་དག་རྒྱས་བསྡུས་ཙམ་ལས་མ་ཕྱི་གཅིག་རང་ལ་བྱས་འདུག་ཅིང་། དེ་ནི་དགེ་བཤེས་ཟླ་བ་བསྟན་འཛིན་ལགས་ཀྱི་ཕྱག་རྩོམ«ཀ་ལེགས་དགོན་གྱི་ལོ་རྒྱུས་ཤེལ་དཀར་ཕྲེང་བ»ཞེས་པ་དེ་རེད། དེ་དག་ཏུ་ཡག་སྙ་བསོད་ནམས་རྒྱལ་མཚན་གྱིས་སྤྱི་ལོ༡༣༨༡ལོ། རབ་བྱུང་བདུན་པའི་ལྕགས་བྱ་ལོར་ཀ་ལེགས་དགོན་པ་ཕྱག་བཏབ་ཅིང་། ཤེལ་ཞིག་ཚེ་དབང་རྒྱལ་མཚན་དང་ཚུལ་ཁྲིམས་རྒྱལ་མཚན་གཉིས་དགོན་དེའི་བླ་མར་མངའ་གསོལ་ཞེས་བརྒྱ་ཁ་གཅིག་གྲགས་སུ་བཀོད་འདུག འོན་ཀྱང་། བསམ་གཞིག་གནང་དགོས་ངེས་ཤིག་ནི་རབ་བྱུང་བདུན་པའི་ལྕགས་བྱ་ལོ་ནི་སྤྱི་ལོ༡༣༨༡ལོར་ཁེལ་བ་མ་ཡིན་པར་སྤྱི་ལོ༡༤༤༡ལོར་ཁེལ་ཡོད་པ་དེ་རེད། སྤྱི་ལོ༡༣༨༡ལོ་ནི་རབ་བྱུང་དྲུག་པའི་ལྕགས་བྱ་ལོར་ཁེལ་བས་ཏག་ཏག་རབ་བྱུང་ཧྲིལ་པོ་གཅིག་གི་སྔ་ཕྱི་ཤོར་འདུག ཡ་མཚན་པ་ཞིག་གི་ཀ་ལེགས་དགོན་གྱི་ལོ་རྒྱུས་སྣ་ཁ་ལྔ་དྲུག་བདོག་པ་ཐ་དག་ནང་གོང་གི«ཀ་ལེགས་དགོན་གྱི་ལོ་རྒྱུས་ཤེལ་དཀར་ཕྲེང་བ»ལྟར་གྱ་ཚོམ་དུ་བཀོད་པ་ལས། དོགས་སློང་གནང་མཁན་རྩ་བ་ཉིད་ནས་བྱུང་མི་འདུག གཞན་ཡང་ཡིག་ཆ་འདི་གཞིར་བྱས་ཏེ«བོན་གྱི་ལོ་རྒྱུས་ཡིག་ཆ་ཕྱོགས་སྒྲིག»སོགས་ཀྱི་བསྟན་རྩིས་རེའུ་མིག་འགའ་ཞིག་ཏུ་ཀ་ལེགས་དགོན་སྤྱི་ལོ༡༣༨༡ལོར་ཕྱག་བཏབ་ཅེས་བཀོད་འདུག
འཁྲུངས་གཞིས་རྫོགས་མདའ་ཁ།
        «ཀ་ལེགས་དགོན་གྱི་ལོ་རྒྱུས་ཤེལ་དཀར་ཕྲེང་བ»ལས“དགོན་འདིའི་གདན་རབས་དང་དཀར་ཆག་ལོ་རྒྱུས་སོགས་ཞིབ་ཚགས་ལ་ཁ་གསལ་བ་ཞིག་འབྲི་བ་ལ། ཟུར་བལྟའི་ཡིག་ཆ། སྔར་ཡོད་དགོན་འདིའི་གདན་རབས་དང་དགོན་གྱི་དཀར་ཆག་སོགས་དཔྱད་ཡིག་ཚད་ཐོབ་ཅན་གྱི་དཔེ་རྒྱུན་ལག་ཏུ་མ་འབྱོར་བས། ཕོ་ཚོད་ཀྱིས་མཆུ་འདབ་རིང་པོར་བརྐྱངས་ནས་བཤད་ན། ལོ་རྒྱུས་དོན་གོ་སོད་པ་མི་འབྱུང་བའི་ཁར། ཉ་ཉུང་མཉམ་བསྲེ་སོགས་ལོ་རྒྱུས་སྒྲིབ་བྱེད་ཀྱི་རྒྱུ་རུ་འགྲོ་བར་བསམ་སྟེ་མང་བར་མ་བྲིས། རྩོམ་འདིའི་ནང་གི་དགོན་གྱི་གདན་རབས་དང་བོན་བསྟན་གྱི་བྱ་བ་དར་ནུབ་རྒྱས་སོགས་བྱུང་བའི་སྐོར། ད་ལྟ་དངོས་ཡོད«དགོན་གྱི་ལོ་རྒྱུས་ཤེལ་དཀར་མེ་ལོང»ཞེས་དང་ལྡེབ་མ་བཅུ་ཕྲག་ཅན་གཙོར་བཟུང་ཐོག ཡུལ་མི་སེར་སྐྱ་རྒན་རབས་མྱོང་ཅན་རྣམས་ཀྱི་ངག་སྒྲོས་ཚད་ཐུབ་རྣམས་ཀྱིས་ཟུར་བརྒྱན། ཁ་བསབས་བྱས་ཏེ་བྲིས་པ་འདི་མཁས་པ་དགྱེས་པའི་མཆོད་སྤྲིན་དུ་མ་གྱུར་ཀྱང་། བློ་གསར་དོན་གཉེར་ཅན་རྣམས་ཀྱི་ཐུགས་རེ་བསྐང་ཕྱིར་ལེགས་སྐྱེས་སུ་ཕུལ་བ་འདི་ལ་སྐྱོན་དང་ནོར་འཁྲུལ་ཇི་སྙེད་ཅིག་ཡོད་ངེས་ལགས་ན། གཟུར་གནས་མཁྱེན་ལྡན་རྣམས་ཀྱིས་ཡོ་བསྲང་གི་དགོངས་འཆར་ལྷུག་པོར་སྩོལ་གནང་ཡོང་བའི་རེ་བ་སྙིང་ཐག་པ་ནས་ཞུ།”[2]ཞེས་གསུངས་ཡོད་པས། ཁོང་གིས་དགོན་འདིའི་གདན་རབས་སྐོར་དཔྱད་གཞི«དགོན་གྱི་ལོ་རྒྱུས་ཤེལ་དཀར་མེ་ལོང»ཞེས་པར་བྱས་པ་གསལ་འདུག གུས་པས་ཡིག་ཆ་འདི་བཙལ་རུང་ལག་ཏུ་མ་སོན། གལ་སྲིད་ཡིག་ཆ་འདི་རྙེད་ན་འདིར་ཡིག་ཚོགས་མང་པོ་སྤུངས་པའི་ངལ་བ་ལ་བརྟེན་མི་དགོས་པར་ཀ་ལེགས་དགོན་གྱི་ཕྱག་བཏབ་ལོ་གཏན་འབེབས་བྱེད་ཐུབ་སྙམ། གོང་དུ་ཁོང་གིས་མཁྱེན་ལྡན་དག་གིས་ནོར་འཁྲུལ་ཡོ་བསྲང་གི་དགོངས་འཆར་གནང་རྒྱུའི་རེ་བ་བཏོན་འདུག་པས། གུས་པ་མཁྱེན་ལྡན་གྱི་གྲལ་ལ་མེད་ཀྱང་ལོ་རྒྱུས་ཀྱི་དོན་དངོས་འཚོལ་ཞིབ་བྱེད་པར་སྤྲོ་བ་ལྡན་མཁན་ཞིག་ཡིན་པ་དང་། གཉིས་ནས་གལ་སྲིད་དོགས་གནད་འདི་དག་ལ་བསམ་ཚུལ་ཁ་ཤས་འདོན་ཐུབ་ན། ཕན་མ་གཏོགས་གནོད་མི་འདུག་སྙམ་པས་བསམ་ཚུལ་ཁ་ཤས་ཞུ་རྒྱུ་ཡིན། དགོན་འདི་རབ་བྱུང་བདུན་པའི་ལྕགས་བྱ་ལོར་ཕྱག་བཏབ་པ་ཡིན་ན། སྤྱི་ལོ༡༣༨༡ལོར་ཁེལ་ཐབས་མེད་པ་དང་། སྤྱི་ལོ༡༣༨༡ལོར་ཕྱག་བཏབ་པ་ཡིན་ན། རབ་བྱུང་བདུན་པའི་ལྕགས་བྱ་ལོར་ཡོང་ཐབས་མེད། དེས་ན། ཡིག་ཆ་འདིར་འཕྱུག་ཡོད་པ་ནི་མངོན་གསལ་དོད་པོ་རེད། ཁོང་གིས་ཡིག་ཆ་འདིར“ཡག་སྙ་བསོད་ནམས་རྒྱལ་མཚན་གྱིས་སྤྱི་ལོ༡༣༨༡ལོ་རབ་བྱུང་བདུན་པའི་ལྕགས་མོ་བྱ་ཡི་ལོར་དགོན་ཆགས་བཏབས་ཤིང་། མཚན་ཡང་ཀ་ལེགས་གཡུང་དྲུང་གླིང་ཞེས་གསོལ།”ཞེས་བསྙད་ཡོད་པས། སྔར་གྱི་ཡིག་ཆ«དགོན་གྱི་ལོ་རྒྱུས་ཤེལ་དཀར་མེ་ལོང»ལས་རབ་བྱུང་བདུན་པའི་ལྕགས་བྱ་ལོར་ཕྱག་བཏབ་ཅེས་གསལ་བ་དེ་ལ་གཞིར་བྱས་ཏེ་སྤྱི་ལོ་གསར་དུ་བསྣན་ཡོད་པ་ཤེས་ཐུབ། སྤྱིར་ན། དུས་འགྱུར་སྔོན་གྱི་ཡིག་ཆ་ཁག་ཏུ་སངས་རྒྱས་ཀྱི་འདས་ལོ། འབྱུང་ལྡན་དང་རབ་བྱུང་གི་ལོ་ཁམས་བཅས་བཀོད་ཡོད་པ་ལས་སྤྱི་ལོ་འགོད་སྲོལ་གྱི་ལམ་ལུགས་དར་མེད། དེས་ན། ཀ་ལེགས་དགོན་གྱི་ལོ་རྒྱུས་རྙིང་པར་རབ་བྱུང་གི་ལོ་ཁམས་བཀོད་ཡོད་སྲིད་པ་ལས་སྤྱི་ལོ་བཀོད་མེད་པ་སུས་ཀྱང་གསལ་པོར་ཤེས་ཐུབ་པའི་གནད་དོན་ཞིག་ཆགས་ཡོད། དགེ་བཤེས་ཟླ་བ་བསྟན་འཛིན་ལགས་ནས་ཀ་ལེགས་དགོན་པ་ཕྱག་བཏབ་པའི་རབ་བྱུང་ལོ་ཁམས་དེ་སྤྱི་ལོར་འབེབ་སྐབས་རབ་བྱུང་སྔ་ཕྱི་གོ་འཛོལ་ཐེབས་པ་དང་། ཕྱིས་ཀྱི་ལོ་རྒྱུས་བཏུས་རྩོམ་བྱེད་མཁན་དག་གིས་ཤ་གཟུགས་ཟ་རྐྱང་གི་ཚུལ་དུ་ཐད་ཀར་བཀོལ་སྤྱོད་བྱས་པས་མ་དག་རྒྱུན་འབྱམས་སུ་གྱུར་པ་གསལ་པོ་རེད། དེ་ལྟར་ཀ་ལེགས་དགོན་འདི་རབ་བྱུང་བདུན་པའི་ལྕགས་བྱ་ལོར་ཕྱག་བཏབ་པ་ཡིན་འདུག་པས། སྤྱི་ལོའི་དབང་དུ་བྱས་ན༡༤༤༡ལོར་ཡིན་དགོས་པ་གསལ་པོ་རེད། གཞན་ཡང་དགོན་འདིའི་བླ་རབས་རིམ་བྱོན་གྱི་ལོ་ཚིགས་ལ་གཞིགས་ནའང་དགོན་འདི་སྤྱི་ལོ༡༣༨༡ལོར་ཕྱག་བཏབ་པ་མ་ཡིན་པ་ཤེས་ཐུབ་བོ།།
གཉིས་པ། ཤེལ་ཞིག་ཚུལ་ཁྲིམས་རྒྱལ་མཚན་དང་གཏེར་སྟོན་སངས་རྒྱས་གླིང་པ་གཉིས་མཇལ་འཕྲད་བྱུང་བའི་སྐོར།
        གཏེར་སྟོན་སངས་རྒྱས་གླིང་པའི(༡༧༠༥-༡༧༣༥)«རང་རྣམ»ལས་གསལ་བ་ལྟར་ན། ཁོང་རབ་བྱུང་བཅུ་གཉིས་པའི་མེ་ལུག(༡༧༢༧)ལོར་ཁྱུང་པོར་ཞབས་སོར་བཀོད་ཅིང་། སྐབས་དེར་ཁོང་སྟེང་ཆེན་ཁ་ནས་རིམ་བཞིན་གསེར་ཚ་དང་གསེར་གཡུ་མདོ། ག་ཐ་སོགས་བརྒྱུད་དེ་ཀོང་པོར་ཕེབས་ཡོད། སྐབས་དེར་ཀ་ལེགས་དགོན་དུ་ཡང་བྱོན་ཡོད་དེ། «རང་རྣམ»ལས“དེ་ནས་བདག་ཀྱང་དཀར་ལེགས་དགོན་དུ་སོང་། སྔར་གྱི་སྐྱེ་བ་མཆེད་ཟླ་ཡིན་པ་ལ། ལས་ཅན་སྐྱེས་མཆོག་ཤི་ལ་ཀེ་རུ(ཚུལ་ཁྲིམས་རྒྱལ་མཚན)ལ། ཁམས་ཆེན་དུམ་པ་བཅུ་དྲུག་ལུང་ཞུས་ནས། ཕར་ལ་གསང་མཆོག་ཕྱི་ནང་གསང་བ་དང་། གཞན་ཡང་དབང་ལུང་བཀའ་གཏད་བཅས་པ་ཕུལ། འགྲོ་དོན་བསྟན་པ་མི་ནུབ་སྨོན་ལམ་གདབ།”ཅེས་དང་། “དེ་ནས་ཤེལ་ཞིག་ཚུལ་ཁྲིམས་རྒྱལ་མཚན་ལ། གསང་མཆོག་དབང་ལུང་ཚེ་དབང་ཕུལ་བའི་ཚེ། མདུན་དུ་འོད་གུར་དམར་པོ་ཞིག་གི་ནང་། ཚེ་དཔག་མེད་ཀྱི་ཡབ་ཡུམ་མངོན་སུམ་མཐོང་། གཞན་ཡང་དག་སྣང་མང་སྟེ་འདིར་མ་བྲིས།”[3]ཞེས་ཁོང་གིས་ཤེལ་ཞིག་ཚུལ་ཁྲིམས་རྒྱལ་མཚན་མདུན་ནས་ཁམས་ཆེན་ལུང་གསན་པ་དང་། ཕར་ལ་མ་རྒྱུད་གསང་མཆོག་མཐར་ཐུག་གི་དབང་ལུང་ཕུལ་བ་སོགས་གསལ་ཡོད། འདིར་སྔར་གྱི་སྐྱེ་བ་མཆེད་ཟླ་ཡིན་ཞེས་པའི་གོ་དོན་ལ་ཅུང་དཔྱད་དགོས་པར་སྣང་སྟེ། གཏེར་སྟོན་ཁོང་གི་སྐུ་སྐྱེ་གོང་མ་ནི་སྤྲུལ་སྐུ་རྣམ་བཞིའི་ནང་ཚན་ཤེལ་ཞིག་གཡུང་དྲུང་རྒྱལ་པོ་ལགས་ཡིན། གུས་པས་ཞིབ་འཇུག་བྱས་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཤེལ་ཞིག་གཡུང་དྲུང་རྒྱལ་པོ་ནི་སྤྱི་ལོ༡༦༥༥ལོར་ཁྱུང་ཡུལ་དུ་འཁྲུངས་ཤིང་ཕལ་ཆེར་སྤྱི་ལོ༡༧༠༤ལོར་ཀོང་པོར་སྐུ་གཤེགས་པ་རེད། ཤེལ་ཞིག་གཡུང་དྲུང་རྒྱལ་པོ་དང་ཤེལ་ཞིག་ཚུལ་ཁྲིམས་རྒྱལ་མཚན་རྣམ་གཉིས་རུས་རིགས་གཅིག་ཏུ་གཏོགས་ཤིང་ལོ་ཚིགས་ལའང་ཧེ་བག་ཆེན་པོ་ཤོར་མེད།དེས་ན་ཁོང་རྣམ་གཉིས་ཁྱིམ་ཚང་གཅིག་གི་སྤུན་མཆེད་ཡིན་མིན་ལ་དོགས་གཞི་ཡོད་པ་རེད། སྤྱིར་ན་གཏེར་སྟོན་ཁོང་གི་རང་རྣམ་ནང་དུ་ཁྱུང་ཡུལ་ཁོག་གི་ཤེལ་ཞིག་བླ་མ་འགའ་དང་མཇལ་འཕྲད་གནང་བ་གསལ་རུང་། དེ་དག་ལ་སྐུ་གོང་མའི་མཆེད་ཟླ་ཡིན་ཞེས་སྨོས་པ་དཀོན་པོར་ཆགས་ཡོད། དཔེར་ན། ག་ཤེལ་བླ་མ་རྣམ་རྒྱལ་གྲགས་པ་ལ“གོང་མའི་རུས་མཐུན་འགྲུ་ཤེལ་བླ་མ”ཞེས་པ་ལས་གོང་མའི་མཆེད་ཟླ་ཡིན་པ་སྨོས་མེད། ཁོང་རང་ཉིད་ཀྱི་གཅུང་པོ་ལ་གཟོད“རང་གི་མཆེད་ཟླ་བསོད་ནམས་འོད་ཟེར”ཞེས་སྨྲས་ཡོད་པས། ཁོང་གིས་མཆེད་ཟླ་ཞེས་པ་གཅེན་གཅུང་ལ་སྨྲ་བ་རང་བཞིན་ཤུགས་ཀྱིས་རྟོགས་ཐུབ། ཀ་ལེགས་དགོན་གྱི་ལོ་རྒྱུས་ཁག་གི་ནང་བླ་རབས་བཅུ་དྲུག་གི་མཚན་བཀོད་འདུག་ཅིང་། དྲུག་པ་དེ་གཡུང་དྲུང་མི་ཤིག་རྡོ་རྗེ་ཡིན་པ་བཤད་ཡོད། ཁོང་གི་མཚན་ལ“གཡུང་དྲུང་མི་ཤིག་རྡོ་རྗེ”ཟེར་དུས་ཅུང་འབོད་མི་བདེ་བ་དང་གོ་རྒྱུ་མེད་པ་ཞིག་ཆགས་འདུག གཡུང་དྲུང་དང་རྡོ་རྗེ་གཉིས་ཀ་འགྱུར་བ་མེད་པའི་དོན་ཡིན་པས་ན། འདི་གཉིས་ཅིག་ཆར་དུ་མཚན་ལ་སྨོས་པ་ནི་ཅུང་ཡ་མཚན་པ་ཞིག་རེད། ཤེལ་ཞིག་གཡུང་དྲུང་རྒྱལ་པོའི་མཚན་གཞན་ལ་མི་ཤིག་རྡོ་རྗེ་ཞེས་འབོད་པ་ཡོངས་སུ་གྲགས་པས་དེ་གཉིས་བསྡུས་ཏེ་གཡུང་དྲུང་མི་ཤིག་རྡོ་རྗེ་ཞེས་སྨོས་པ་ཡིན་ནམ། ཡང་ན་གཞན་ཞིག་ཡིན། ཁ་ཅིག་གིས་བླ་མ་འདི་ཀ་ལེགས་དགོན་གྱི་བླ་རབས་དྲུག་པར་བཀོད་པས་ཤེལ་ཞིག་གཡུང་དྲུང་རྒྱལ་པོའམ་མི་ཤིག་རྡོ་རྗེ་ཡིན་ཐབས་མེད་སྙམ་སྲིད་མོད། ཀ་ལེགས་དགོན་གྱི་བླ་རབས་བཅུ་དྲུག་འདི་དག་གི་མཚན་ཐོ་གོང་རིམ་བསྒྲིགས་ཏེ་བཀོད་པ་ཙམ་ལས། བྱོན་པའི་དུས་ཚིགས་ལ་སྔ་ཕྱི་ཡོད་པའི་ངེས་པ་མ་མཆིས་ཏེ། འདིར་བཀོད་པའི་བླ་མ་འགའ་ཞིག་དུས་མཉམ་དུ་བྱོན་པ་དང་། བླ་རབས་བདུན་པར་བཞག་པའི་ཁྱུང་པོ་ཡིད་བཞིན་རྒྱལ་བ་ནི་བློ་ལྡན་སྙིང་པོ(༡༣༦༠-༡༤༠༦)མཆོག་གི་ཐུགས་སྲས་བྷེ་ཚ་གྲགས་པ་རྒྱལ་མཚན་གྱི་ཡང་སྲིད་དང་། སེམས་དཔའ་ཟླ་གྲགས་སམ་རིན་ཆེན་རྒྱལ་མཚན་གྱི་སྐུ་གོང་མ་ཡིན། སེམས་དཔའ་ཟླ་གྲགས་ལགས་ནི་གཏེར་སྟོན་སངས་གླིང(༡༧༠༥-༡༧༣༥)གི་སྐུ་དུས་སུ་བཞུགས་ཡོད། དེས་ན་ལོ་ཚིགས་ཀྱི་དབང་དུ་བྱས་ན་ཡིད་བཞིན་རྒྱལ་བ་ཚུལ་ཁྲིམས་ནི་ཤེལ་ཞིག་ཚུལ་ཁྲིམས་རྒྱལ་མཚན་གྱི་གོང་དུ་བྱོན་པ་ངོས་འཛིན་བྱས་ན་ཆོག་པར་སེམས། དེས་ན་བླ་རབས་དྲུག་པར་བཀོད་པའི་གཡུང་དྲུང་མི་ཤིག་རྡོ་རྗེ་མཆོག་ཤེལ་ཞིག་ཚུལ་ཁྲིམས་རྒྱལ་མཚན་གྱི་རྗེས་སུ་བྱོན་པའི་ངེས་གཏན་མེད་པ་ཤེས་ཐུབ། འོན་ཀྱང་། དེ་དང་མི་ཤིག་རྡོ་རྗེ་གཉིས་མི་གཅིག་ཡིན་མིན་ད་དུང་ཞིབ་ཏུ་དཔྱད་དགོས་སྙམ། སྤྱིར་མིང་འདྲ་མང་དུ་ཐོན་ཆོག་རུང་ཀ་ལེགས་དགོན་ནི་ཡག་སྙ་བསོད་ནམས་རྒྱལ་མཚན་གྱིས་ཕྱག་བཏབ་སྟེ་རྒྱལ་བ་བྲུ་ལུགས་ཀྱི་སྲོལ་བཙུགས་པ་ནས་བཟུང་བོན་རྙིང་མ་ཁོ་ནར་སྤྱོད་མཁན་གྱི་དགོན་པ་ཞིག་ཡིན་ལ། ལྷག་ཏུ་ཤེལ་ཞིག་ཚུལ་ཁྲིམས་རྒྱལ་མཚན་སོགས་ཀྱི་སྐུ་དུས་སུ་ཡང་བོན་གསར་མ་སྤྱད་པ་གསལ་མེད། གཡུང་དྲུང་མི་ཤིག་རྡོ་རྗེ་འདི་བོན་གསར་མར་འབྲེལ་བ་ཏན་ཏན་ཡོད་པ་ལས། བོན་རྙིང་མའི་བླ་མར་མཚན་འདི་འདྲ་བཀོལ་བ་དཀོན་པར་སྣང་། དེས་ན་རྫོགས་མདའ་ཁའི་ཤེལ་ཞིག་ཚང་ལ་མི་ཤིག་རྡོ་རྗེ་ཟེར་བའི་བླ་མ་ཞིག་འཁྲུངས་མྱོང་བའི་བཤད་སྲོལ་བདོག་པ་གཞིར་བྱས། དེ་ཉིད་ཀ་ལེགས་དགོན་གྱི་བླ་རབས་གྲས་སུ་བགྲངས་པ་ཡིན་ནམ་སྙམ། གཞན་ཡང་གུས་པས་ཡུལ་དེའི་རྒན་རབས་བསོད་ནམས་ལྷུན་གྲུབ(༢༠༢༢-༩-༢༩ཉིན་བཅར་འདྲི་བྱས། ཁོང་ད་ལོ་དགུང་ལོ༨༢ཡིན)ལ་བཅར་འདྲི་ཞུས་སྐབས། རྫོགས་མདའ་ཁའི་ཤེལ་ཞིག་ཚང་ལ་སྔོན་མར་ཤེལ་ཞིག་སྟོན་པ་རྣམ་གསུམ་ཟེར་བ་ཞིག་བྱོན་མྱོང་བ་བཤད་སྲོལ་ཡོད་ཟེར། འོན་ཀྱང་དེ་དག་སུ་དང་གང་ཞིག་ཡིན་མིན་གསལ་པོར་ཤེས་ཀྱིན་མི་འདུག ཀ་ལེགས་དགོན་གྱི་ལོ་རྒྱུས་ལས་གསལ་བ་ལྟར་ན། རྫོགས་མདའ་ཁ་ཤེལ་ཞིག་ཚང་གི་བླ་རབས་སྔ་ཤོས་དེ་ཚེ་དབང་རྒྱལ་མཚན་དང་ཚུལ་ཁྲིམས་རྒྱལ་མཚན་གཉིས་ཆགས་ཡོད། གུས་པས་ངག་རྒྱུན་ཁྲོད་ཀྱི་ཤེལ་ཞིག་སྟོན་པ་རྣམ་གསུམ་ཟེར་བ། ཤེལ་ཞིག་གཡུང་དྲུང་རྒྱལ་པོ་དང་ཚེ་དབང་རྒྱལ་མཚན། ཚུལ་ཁྲིམས་རྒྱལ་མཚན་གསུམ་ལ་ཟེར་བ་ཡིན་ནམ་སྙམ་ཡང་ཡིད་རྟོན་ཕེར་བའི་སྒྲུབ་བྱེད་ཅིག་ད་དུང་མ་རྙེད། དེ་ག་ནང་བཞིན་ཤེལ་ཞིག་གཡུང་དྲུང་རྒྱལ་པོ་དང་ཚུལ་ཁྲིམས་རྒྱལ་མཚན་གཉིས་མཆེད་ཟླ་ཡིན་མིན་དེ་ཡང་དོགས་སློང་བྱས་པ་ཙམ་ལས་ཐག་ཆོད་པའི་སྡོམ་ཚིག་གང་ཡང་བཀོད་མེད།
ཤེལ་ཞིག་ཚང་གི་མཁར་ཤུལ།
        གཏེར་སྟོན་སངས་རྒྱས་གླིང་པའི«རང་རྣམ»ནང་དུ་ཁོང་གིས་ཤེལ་ཞིག་ཚུལ་ཁྲིམས་རྒྱལ་མཚན་མཆོག་ལས་དབང་ལུང་ཞུས་པ་དང་། ལས་ཅན་སྐྱེས་མཆོག་ཅེས་གདེང་འཇོག་མཐོ་པོ་གནང་བ་སོགས་ལ་གཞིགས་ན། ཤེལ་ཞིག་ཚུལ་ཁྲིམས་རྒྱལ་མཚན་ཁོང་ནི་དུས་སྐབས་དེའི་ཁྱུང་ཡུལ་གྱི་བླ་མ་གཙོ་གྲས་ཤིག་ཡིན་པ་དང་། དགུང་ལོ་ཡང་གཏེར་སྟོན་སངས་གླིང་ལས་མཐོ་བ་དཔོག་ཐུབ། སྐབས་དེའི་ཁྱུང་ཡུལ་གྱི་འདུལ་འཛིན་བླ་མ་གྲགས་ཅན་ཞིག་ཡིན་པ་ཡིག་ཆ་གཞན་ལས་ཀྱང་ཤེས་ཐུབ་སྟེ། བོན་གྱི་གཏེར་སྟོན་ཀུན་གྲོལ་གྲགས་པ(༡༧༠༠-༡༧༦༦)དགུང་ལོ་དྲུག(༡༧༠༥)ཐོག་ཏུ་ཀོང་པོ་ནས་ཕ་ཡུལ་དུ་ལོག་ཅིང་། ལམ་བར་དུ་ཁྱུང་ཡུལ་བརྒྱུད་ནས་བྱོན་སྐབས་ཤེལ་ཞིག་ཚུལ་ཁྲིམས་རྒྱལ་མཚན་མཆོག་ལ་སྐྲ་ཕུད་ཕུལ་བས་མཚན་ལ་གཡུང་དྲུང་བསྟན་པའི་རྒྱལ་མཚན་དུ་གསོལ་བ་ཀུན་གྲོལ་གྱི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར་ལས་ནང་གི་རྣམ་ཐར«ཉི་མ་འབུམ་འོད»ནང[4]གསལ་ཡོད་པ་རེད། འདིས་ཁོང་ནི་དུས་རབས་བཅུ་བདུན་པའི་སྨད་དུ་བྱོན་པ་དང་། དུས་རབས་བཅོ་བརྒྱད་པའི་སྟོད་དུ་བཞུགས་ཡོད་པ་ཤེས་ཐུབ། འོ་ན། ཡག་སྙ་བསོད་ནམས་རྒྱལ་མཚན་གྱིས་རབ་བྱུང་བདུན་པའི་ལྕགས་བྱ(༡༤༤༡)ལོར་ཀ་ལེགས་དགོན་ཕྱག་བཏབ་པ་དང་མི་འགལ་ལམ་ཞེ་ན། ཐོག་མར་ཡག་སྙ་བསོད་ནམས་རྒྱལ་མཚན་གྱིས་གདན་ས་བཏབ་པ་དང་། ཤེལ་ཞིག་ཚེ་དབང་རྒྱལ་མཚན་གྱིས་གདན་ས་བསྐྱངས་ཡོད། དེ་རྗེས་ཁྱུང་པོ་ཡིད་བཞིན་རྒྱལ་བས་གདན་ས་མཛད། དེ་རྗེས་ཤེལ་ཞིག་ཚུལ་ཁྲིམས་རྒྱལ་མཚན་བྱོན་པས་མི་འགལ་སྙམ། ཀ་ལེགས་དགོན་གྱི་ལོ་རྒྱུས་ཁག་ནས་གོང་གི་རྒྱལ་མཚན་རྣམ་གཉིས་དུས་མཉམ་དུ་བྱོན་པའི་བཟོ་འདྲ་བཤད་མོད། གཏེར་སྟོན་སངས་གླིང་གི་རང་རྣམ་ལས་སྐབས་དེར་ཀ་ལེགས་དགོན་དུ་ཤེལ་ཞིག་ཚེ་དབང་རྒྱལ་མཚན་ཞུ་བ་ཞིག་བཞུགས་པ་གསལ་མེད། གཅིག་བྱས་ན་ཁོང་རྣམ་གཉིས་གཅེན་གཅུང་གི་ཚུལ་དུ་བྱོན་པ་ཡིན་པས། སྐབས་དེར་ཚེ་དབང་རྒྱལ་མཚན་ཞིང་གཟིགས་ཚར་བ་ཡིན་ཀྱང་ཆོག་གོ།
གསུམ་པ། ཁོང་གི་འཁྲུངས་གཞིས་ཀྱི་སྐོར།
        རྫོགས་མདའ་ཁའི་ཤེལ་ཞིག་འཕར་ཆུང་ཚང་ཐོག་མར་གང་ནས་ཆད་པ་དང་ཡུལ་འདིར་ཇི་ལྟར་གཞིས་ཆགས་པ་སོགས་ཡིག་ངག་གཉིས་ཀྱི་ཐོག་ཏུ་གསལ་བ་དཀོན། ཀ་ལེགས་དགོན་གྱི་བླ་རབས་མཚན་གྲངས་བཅུ་དྲུག་ཙམ་བགྲངས་པ་ཚང་མའི་གདུང་རུས་ཤེལ་ཞིག་མ་ཡིན་པ་དང་། དུས་རབས་རིམ་བྱུང་གི་ཁྲོད་ནས་ཅུང་གྲགས་ཆེ་བའི་བླ་མ་འགའ་ཡི་མཚན་ལས། བླ་རབས་ཕལ་མོ་ཆེའི་མཚན་ཐོ་དཔྱད་ཡིག་ཏུ་འཁོད་མེད་པས། ང་ཚོས་ཡང་སྙིང་རྫོགས་མདའ་ཁའི་ཤེལ་ཞིག་ཚང་ལ་བླ་རབས་དུ་ཙམ་བྱོན་པ་གསལ་པོ་ཞིག་རྟོགས་ཐབས་བྲལ། སངས་གླིང་རྣམ་ཐར་ལས་ཤེལ་ཞིག་ཚུལ་ཁྲིམས་རྒྱལ་མཚན་གསལ་བ་དང་། བོན་གྱི་གྲྭ་ས་སྨན་རི་དགོན་གྱི་མཁན་པོ་སྒོ་རིགས་ཉི་མ་བསྟན་འཛིན(༡༨༡༣-༡༨༦༢)མཆོག་གི«རང་རྣམ»ལས་ཁོང་སྤྱི་ལོ༡༨༤༦ལོར་ཁྱུང་ཡུལ་དུ་ཕེབས་སྐབས“དེ་བཞིན་ཀ་ལེགས་དགོན་དུ་ཤེལ་ཞིག་བླ་མ་དུང་ལུ་དང་། རྣམ་རྒྱལ་དབང་གྲགས། རང་གི་དངོས་སློབ་བླ་མ་བསྟན་འཛིན་གྲགས་པ་སོགས་བླ་གྲྭ་ཚང་མ་ལ་དབང་བསྐུར་དང་ལུང་འབོག་བགྱིས་པས། མཆོད་འབུལ་ཡང་ཆེ་ལེགས་ཕུལ་བྱུང་།”[5]ཞེས་སྐབས་དེར་རྫོགས་མདའ་ཤེལ་ཞིག་ཚང་ལ་བླ་མ་ཁྲི་པ་དང་གདུང་པ་འགའ་ཞིག་བཞུགས་པ་གསལ་ཡོད། དེ་རྗེས་སྤྱི་ལོ༡༩༡༤ལོར་བོད་དམག་གིས་དཀར་རུ་སྡེ་དགོན་བཅོམ་སྐབས་ཡབ་ཕུན་ཚོགས་རྒྱལ་མཚན་དང་ཁུ་བོ་བསྟན་འཛིན་གྲགས་པ། སྲས་ཉི་མ་གྲགས་པ་བསྟན་པའི་རྒྱལ་མཚན། གཡུང་དྲུང་རྒྱལ་མཚན་བཞི་ཡོད་པ་ཀ་ལེགས་དགོན་གྱི་ལོ་རྒྱུས་ཁག་ཏུ་གསལ་བ་དེ་རེད། ཉི་མ་གྲགས་པ་བསྟན་པའི་རྒྱལ་མཚན་ནམ་ཉི་མ་བསྟན་རྒྱལ(༡༨༨༨-༡༩༥༤)མཆོག་གི་སྐུ་དུས་སུ་ཀ་ལེགས་དགོན་གྱི་བསྟན་པ་རྒྱས་ཤིང་ཁོང་གི་མཚན་སྙན་རབ་ཏུ་འབར་བར་གྱུར། ཁོང་གི་ལོ་རྒྱུས་དགེ་བཤེས་བློ་གྲོས་རབ་གསལ(༡༩༧༡—༢༠༡༩)ལགས་ནས་བརྩམས་གནང་བ་ཧི་བོན་དྲ་བར[6]བཀོད་འདུག རྒན་རབས་ཀྱི་ངག་རྒྱུན་ལྟར་ན། ཀ་ལེགས་ཉི་མ་བསྟན་རྒྱལ་གྱི་མཆེད་ཟླ་གཡུང་དྲུང་རྒྱལ་མཚན་ལ་ལྡོང་རྫོང་ཞུ་ཚང་ནས་ཞུ་བཟའ་ཞིག་བག་མར་བསུས་པ་ཡིན་འདུག་ཀྱང་། སྲས་གཅིག་འཁྲུངས་པ་སྐུ་ཚེ་མ་ཐུབ་པས་སྟངས་དཔྱལ་གཉིས་ཀྱང་ལས་དབང་གིས་སོ་སོར་གྱེས། དེ་ནས་གཡུང་དྲུང་རྒྱལ་མཚན་ཡང་སྐུ་ཚེ་མ་བརྟན་པར་ཞིང་ལ་ཕེབས་པས་རྫོགས་མདའ་ཁའི་ཤེལ་ཞིག་འཕར་ཆུང་བླ་མ་ཚང་གི་གདུང་རབས་མཇུག་རྫོགས་པ་ཡིན་འདུག གོང་གི་བླ་རབས་ཁག་གི་ལོ་རྒྱུས་ཀྱི་བབ་ལ་བརྟགས་ན། སྐབས་དེའི་ཁྱུང་ཡུལ་གྱི་གདུང་འཛིན་བླ་བྲང་གཞན་དག་དང་འདྲ་བར་ཤེལ་ཞིག་ཚང་གི་སྲས་པོ་རྣམས་ལས་གཅིག་ངེས་པར་དུ་རབ་བྱུང་སྒྲུབ་སྲོལ་ཡོད་པ་དང་། དེས་ཀ་ལེགས་དགོན་གྱི་བསྟན་པ་སྐྱོང་སྲོལ་ཡོད་པ་ཤེས་ཐུབ། དེ་རྗེས་ག་ཤེལ་ཚང་གི་སྲས་པོ་བྱིའུ་ཆུང་ངམ་ནམ་མཁའ་དབང་རྒྱལ་ཞེས་པ་གདན་ས་འཛིན་མཁན་དུ་གདན་དྲངས་ཀྱང་དུས་འགྱུར་སྐབས་སྐུ་གཤེགས། ད་ལྟ་རྫོགས་མདའ་ཁར་ཤེལ་ཞིག་ཚང་གི་མཁར་དང་ཁང་གཞིས་གྱང་ར་སོགས་མཐོང་ཡུལ་དུ་ལྷག་འདུག་པ་བཅས་རེ་ཞིག་མཇུག་བསྡུས་པའོ།།
ཞེས་དགེ་མིང་ཙམ་འཛིན་པ་གཙུག་གཤེན་རྒྱལ་མཚན་གྱིས་གྱིམ་ཤོད་ཤེལ་བྲག་ཚལ་དུ་འབྲེལ་ཡོད་ཡིག་ཆ་ཁག་ལ་དཔྱད་ཞིབ་དང་རྒན་རབས་སོགས་ལ་བཅར་འདྲི་ཞུས་ཏེ་རྩོམ་ཐུང་འདི(༢༠༢༢-༩-༣༠)མཇུག་གྲུབ་པར་བྱས་སོ།། །།
དཔྱད་གཞི་དང་མཆན།
[1] ཁམས་ཁྱུང་ཡུལ་དུ་ཡོད་པའི་བོན་དགོན་ཞིག་ཡིན། མིང་ལ་ཡིག་ཆ་འགར་དཀར་ལེགས་དགོན་ཞེས་བྲིས་པ་འདུག་རུང་། དེང་སང་མཐོང་ཡུལ་དུ་གྱུར་པའི་དགོན་པ་འདིའི་ལོ་རྒྱུས་ཁག་ཏུ་ཀ་ལེགས་དགོན་ཞེས་བྲིས་འདུག་པས་དེར་བརྩི་འཇོག་བྱས་ཏེ་རྩོམ་འདིར་ཀ་ལེགས་དགོན་ཞེས་བྲིས་ཡོད།
[2] དགེ་བཤེས་ཟླ་བ་བསྟན་འཛིན། «ཀ་ལེགས་དགོན་གྱི་ལོ་རྒྱུས་བསྡུས་བརྗོད་ཤེལ་དཀར་ཕྲེང་བ་ཞེས་བྱ་བ་བཞུགས་སོ» ཤོག་ངོས༤༣ན་གསལ། ལོ་རྒྱུས་འདི་སྟེང་ཆེན་རྫོང་སྲིད་གྲོས་སོགས་ཀྱི་བསྐུལ་བ་ལྟར་རབ་བྱུང་བཅུ་བདུན་པའི་མེ་གླང(༡༩༩༧)ལོར་བྲིས་ཞེས་བཀོད་འདུག
[3] སངས་རྒྱས་གླིང་པ། «སངས་རྒྱས་གླིང་པའི་སྐྱེས་རབས་གཏེར་འབྱུང་ལོ་རྒྱུས་རྡོ་རྗེ་རིན་ཆེན་ཕྲེང་བའི་རྒྱན» ཡིག་རྙིང་བྲིས་མ། རྩེ་དྲུག་དགོན་དུ་བཞུགས། ཤོག་ངོས༧༣༩དང༧༤༨པར་གསལ།
[4] ཀུན་གྲོལ་གྲགས་པ། «རིག་འཛིན་ཀུན་གྲོལ་གྲགས་པའི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར་ཞེས་བྱ་བ་བཞུགས་སོ»ལས“དེ་ནས་རང་ལོ་དྲུག་པ་ས་སྐྱོང་ཞེས་པ་ཤིང་མོ་བྱ་ཡི་ལོ་ལ་མར་རང་ཡུལ་ནས་ཡོང་དུས་སུ་ཁྱུང་པོ་ཡུལ་ལ་སོགས་སེར་སྐྱ་གང་འཕྲད་རྣམས་ཀྱིས་མཚན་བཟང་དཔེ་བྱད་ལྡན་པའི་བྱིས་པ་འདི་སྐུ་སྐྱེ་ཞིག་ཡིན་པར་ངེས་ཟེར་ནས་ཀུན་གྱིས་ཕྱག་དབང་ཞུ་བའི་ཚེ་ཡང་། བསྭོ་ང་ནི་རིག་འཛིན་ཆེན་པོའི་སྐུ་སོགས་བྱིན་རླབས་འཕྲིན་བཅོལ་གྱི་རིམ་པ་གང་ལ་གང་འཚམ་པ་མ་བསླབ་རང་རྡོལ་དུ་བཏོན་པས་ཕྱི་ནང་ཐམས་ཅད་ཡ་མཚན་པར་བྱུང་སྐད། བདག་ཤེལ་ཞིག་ཚུལ་ཁྲིམས་རྒྱལ་མཚན་ལ་སྐྲ་ཕུད་ཕུལ་ནས་མིང་གཡུང་དྲུང་བསྟན་པའི་རྒྱལ་མཚན་དུ་བཏགས་པ་རེད།”(༢༠༥)ཞེས་གསལ་ཡོད།
[5] ཉི་མ་བསྟན་འཛིན། «དཔལ་གཤེན་བསྟན་སྨན་རིའི་མཁན་པོ་སྒོ་སྟོན་ཉི་མ་བསྟན་འཛིན་དབང་གི་རྒྱལ་པོའི་རྣམ་ཐར་ལེགས་བཤད་ཉི་མ་འབུམ་གྱི་འོད་ཅན་འགྲོ་ཀུན་བློ་མུན་སེལ་བའི་སྒྲོན་མེ་བཞུགས་སོ།།» ཀྲུང་གོ་ཤེས་རིག་དཔེ་སྐྲུན་ཁང་། ༢༠༢༠ལོར་དཔར་དུ་བསྐྲུན། ཤོག་ངོས། ༣༡༢ན་གསལ།
[6] དགེ་བཤེས་བློ་གྲོས་རབ་གསལ། «ཀ་ལེགས་ཉི་མ་བསྟན་རྒྱལ»ཧི་མ་ལ་ཡའི་བོན།

གསལ་བཤད། རྩོམ་འདིར་དྲངས་པའི་ལུང་ཚིག་རང་ལ་གུག་རྟགས་ཡོད་པ་དག་ལ་གུག་རྟགས
[-]འདི་སྤྱད་ཡོད།
འབྲེལ་ཡོད་འོས་སྦྱོར།