logo

ཁྱུང་བཙུན་གཡུང་དྲུང་ཕུན་ཚོགས།

རྩོམ་པ་པོ།:དགེ་བཤེས་གཙུག་གཤེན་རྒྱལ་མཚན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-11-02 ཀློག་གྲངས།:
༄༅། །ཁྱུང་བཙུན་གཡུང་དྲུང་ཕུན་ཚོགས་ཀྱི་ལོ་རྒྱུས་ལ་དཔྱད་པ།
དགེ་བཤེས་གཙུག་གཤེན་རྒྱལ་མཚན།

[ནང་དོན་གནད་བསྡུས] རྩོམ་འདིར་ཁྱུང་བཙུན་གཡུང་དྲུང་ཕུན་ཚོགས་ཀྱི་སྐུ་ཚེའི་ལོ་རྒྱུས་སྐོར་བོན་རིའི་གནས་ཀྱི་དཀར་ཆག་གི་མཇུག་བྱང་དུ་ཇི་ལྟར་གསལ་བ་རྣམས་གཞིར་བཟུང་ཐོག འབྲེལ་ཡོད་ཡིག་ཆ་གཞན་དང་དཔྱད་བསྡུར་གྱིས་ཁོང་གི་མཛད་རྣམ་མམ་ལོ་རྒྱུས་སྐོར་ཅུང་ཟད་ཁ་གསལ་དུ་བཀོད་ཡོད།
[གནད་ཚིག] བོན་རིའི་དཀར་ཆག ཁྱུང་བཙུན་གཡུང་དྲུང་ཕུན་ཚོགས། ལོ་རྒྱུས། མཛད་རྣམ།

དང་པོ། རིགས་རུས་དང་འཁྲུངས་གཞིས།
       དམ་པ་ཁོང་གི་འཁྲུངས་ཡུལ་དང་རིགས་རུས་ཐད་ཁོང་གིས་བརྩམས་པའི«བོན་རིའི་དཀར་ཆག་མཛེས་ལྡན་ལྗོན་པའི་ཕྲེང་བའི་མཇུག་བྱང»(གཤམ་དུ་མཇུག་བྱང་ཞེས་བྲི་རྒྱུ་ཡིན)ལས། “ཤེལ་བྲག་གནས་མདུན་སྟེང་ཆེན་ལུས་རྟེན་འབྱོར།”ཞེས་ཁོང་གི་འཁྲུངས་གཞིས་བོད་ཡུལ་མདོ་གམ་ཡུལ་གྱི་ཆར་གཏོགས་དངུལ་རྫ་ཟལ་མོའི་སྒང་རྒྱུད་གྱིམ་ཤོད་ས་ཡི་མཐིལ་དེང་གི་སྲིད་འཛིན་ས་ཁོངས་ཀྱི་དབང་དུ་བྱས་ན་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་ཁྱུང་པོ་སྟེང་ཆེན་རྫོང་གི་ཉེ་འགྲམ་སྟེང་ཆེན་ཁར་ཡིན་པ་ཤེས་ཐུབ། འབྲེལ་ཡོད་ཡིག་ཆ་ཁག་ལས་ཁོང་དབྲ་དཀར་ཁྱུང་པོའི་གདུང་ལས་འཁྲུངས་པ་གསལ་བ་དང་། ཁོང་གི་མཚན་ཟུར་དུ་ཁྱུང་ཞེས་ཐོན་ཡོད་པ། འཁྲུངས་གཞིས་སྟེང་ཆེན་ཁ་ཡིན་པ། ཆུང་དུས་ཀྱི་ལོ་རྒྱུས་སོགས་ལ་བརྟགས་ན་ཁོང་ནི་ཁྱུང་པོ་དཀར་རུ་དཔོན་ཚང་གི་སྲས་པོ་ཞིག་ཡིན་པ་ཤེས་ཐུབ། ཡང«མཇུག་བྱང»ལས“རིག་འཛིན་འབུམ་མིང་སྔོན་གྱི་སྨོན་གྲུབ་ཀྱིས། །དྲིན་ཆེན་མཚུངས་བྲལ་སེམས་དཔའ་ཟླ་བ་གྲགས། །བྱང་ཆུབ་ཡང་སྲིད་མི་ཕམ་མཁྱེན་བརྩེས་བཟུངས། །བོན་སྒོར་ཆུད་ནས་བཤེས་གཉེན་དབང་ལུང་ཐོབ། །”ཅེས་ཁོང་ཆུང་དུས་ནས་སངས་གླིང་ཡང་སྲིད་མི་ཕམ་མགོན་པོ(༡༧༣༥-༡༧༥༦)མཆོག་དང་། གཏེར་སྟོན་སངས་རྒྱས་གླིང་པ(༡༧༠༥-༡༧༣༥)མཆོག་གི་ཐུགས་སྲས་གྲགས་པ་བཞི་ཡི་ནང་ཚན་སེམས་དཔའ་ཟླ་བ་གྲགས་པ་གཉིས་ཀྱི་སྐུ་འགྲམ་དུ་བཅར་ནས་བོན་ཁྲིད་ཞུས་པ་གསལ་ཡོད། སེམས་དཔའ་ཟླ་གྲགས་ལགས་ཀྱི་སྔོན་མའི་མཚན་ལ་རིན་ཆེན་རྒྱལ་མཚན་ཞུ་བ་དང་སྤྱི་ལོ༡༧༣༤ལོར་སངས་གླིང་མཆོག་གིས་སྟག་ལའི་སྤྲུལ་པ་ཟླ་བ་གྲགས་པ་ཞེས་མཚན་གསོལ་ཆེ་འདོན་བྱས་པ་དེ་ཡིན། ཁོང«ཁྱུང་པོ་སྟེང་ཆེན༡»སོགས་སུ་ཁྱུང་དཀར་དཔོན་ཚང་གི་གཡོག་མོ་བལ་འཁེལ་མ་ཞེས་པའི་སྲས་སུ་འཁྲུངས་པར་བསྙད་མོད། དུས་སྐབས་དེ་རང་ལ་བརྩམས་པའི་གཏེར་སྟོན་སངས་གླིང་མཆོག་གི་རང་རྣམ«རྡོ་རྗེ་རིན་ཕྲེང»ལས“སྟེང་ཆེན་གཉེར་པ་ལྷུན་རྒྱལ་ཡི། སྲས་ནི་རདྣ་ཀེ་རུ[རིན་ཆེན་རྒྱལ་མཚན]བྱ་བ་ལ། ལས་ལྡན་གཟིགས་ནས་བཀའ་དབང་ལུང་བཅས། ལས་ལྡན་གསུམ་དང་བཅས་ཏེ་བསྐུལ་བར་བྱས།”(༧༣༤)ཞེས་དང་། ཡང“དཔལ་གྱི་སྟེང་ཆེན་ཀ་རུ་སྡེ་བ་དང་། །འཕར་ཆེན་བླ་མའི་གཉེར་པ་ལྷུན་གྲུབ་དང་། །ཚེ་དབང་ཞེས་བྱ་ཀུན་གྱིས་རེ་བ་ཕུལ། །རྫོགས་པ་ཆེན་པོའི་ཆོས་ཤིག་ཞུ་བ་ལགས། །”(༢༤༧)ཞེས་དང་། ཡང“དེ་ནས་སྟེང་ཆེན་བསྟན་པའི་སྦྱིན་བདག་དང་། །གཉེར་པ་ཡབ་སྲས་གཟིམ་ཁང་སྤྱན་དྲངས་ཞུས། །”ཞེས་དང་། ཡང“ཁྱད་པར་སློབ་མ་རིན་ཆེན་རྒྱལ་མཚན་དེ། ཁྱུང་པོ་ཡིད་བཞིན་རྒྱལ་བའི་རྣམ་སྤྲུལ་སྣང་། བླ་བྲེ་ཡོལ་བ་ཆོས་གོས་དབུ་ཞྭ་དང་། ཕྱག་མཚན་གཤང་དང་རྒྱལ་ཐེབས་རྟེན་འབྲེལ་བསྒྲིགས། ལོ་རྒྱུས་ངེས་པ་བདག་གིས་མ་བཤད་ཀྱང་། བདག་དང་སྐྱེ་བ་སྔོན་གྱི་ལས་འཕྲོ་མཐུན། མ་འོངས་འགྲོ་བའི་དོན་ཆེན་མཛད་པ་མཐོང་།”(༧༤༨)ཞེས་ཁོང་གི་ཐུགས་སྲས་རིན་ཆེན་རྒྱལ་མཚན་ནམ་ཟླ་བ་གྲགས་པ་ནི་སྟེང་ཆེན་ཁ་འཕར་ཆེན་བླ་མ་ཚང་གི་གཉེར་པ་ལྷུན་གྲུབ་རྒྱལ་མཚན་གྱི་བུ་ཡིན་པ་བཤད་ཡོད། མ་གཞི་ཁོང་གི་ཡབ་གཉེར་པ་ལྷུན་རྒྱལ་ཡིན་ན། ཡུམ་དཀར་རུ་དཔོན་ཚང་གི་གཡོག་མོ་མ་ཡིན་པའི་ངེས་པ་མེད་ཀྱང་། ཁོང་གི་ཡབ་འཕར་ཆེན་ཚང་གི་གཉེར་པ་ལྷུན་རྒྱལ་ཡིན་པ་གོང་གི་ཁུངས་བཙན་ཡིག་ཆ་དག་གིས་གྲུབ་ལ། ཁོང་གི་ཡུམ་དཀར་རུ་དཔོན་ཚང་གི་གཡོག་མོ་ཡིན་མིན་དཔྱད་དགོས་ཏེ། སྐབས་དེའི་སྤྱི་ཚོགས་ཀྱི་གནས་ཚུལ་ལ་གཞིགས་ན། ཁོང་གི་མ་ཡུམ་གཡོག་མོ་བལ་འཁེལ་མ་ཡིན་པའི་དབང་དུ་བཏང་རུང་། གཉེར་པ་ལྷུན་རྒྱལ་གྱི་བཟའ་ཟླ་དངོས་ནི་ཡིན་མི་སྲིད་དེ། འཕར་ཆེན་བླ་མ་ཚང་ནི་སྐབས་དེའི་སྟེང་ཆེན་ཁུལ་གྱི་བླ་བྲང་ཆེ་གྲས་ཤིག་ཡིན་པ་དང་དེའི་སྤྱི་གཉེར་ཆེན་མོ་ནི་སྤྱིར་བཏང་གི་མི་ཞིག་གང་ན་ཡིན། གཞན་ཡང་གཉེར་པ་ཁོང་གིས་གཏེར་སྟོན་སངས་གླིང་མཆོག་ལ་ཞབས་ཕྱི་རྣམ་དག་ཞུས་ཤིང་། ལྷག་ཏུ་རྩེ་དྲུག་དགོན་དུ་གདུང་རབས་ལྷ་ཁང་བཞེངས་སྐབས་ནུས་ཤུགས་ཆེན་པོ་བཏང་བ་གཏེར་སྟོན་མཆོག་གི་རང་རྣམ་ནང་འཁོད་ཡོད། དེས་གཉེར་པ་ལྷུན་རྒྱལ་ནི་བསྟན་ལ་ལྷག་བསམ་དཀར་ཞིང་ཐབས་ཇུས་དང་འཇོན་ནུས་ཀྱིས་ཕྱུག་པ་ཞིག་ཡིན་པ་དཔོག་ཐུབ་པས། ཁོང་གི་ཆུང་མ་ནི་མཆོར་ལྡན་བུད་མེད་སྣང་མཐོ་ཞིག་ཡིན་འོས་པ་ལས་དུད་ཚང་ཞིག་གི་གཡོག་མོ་ཡིན་ཐབས་མེད། རེད་དེ། སྔར་བོད་ཀྱི་སྤྱི་ཚོགས་ཁྲོད་དུ་དཔོན་རིགས་དང་ཕྱུག་བདག་ཁག་ལ་འཁོར་གཡོག་མང་དུ་ཡོད་འདུག་ཅིང་། སྐུ་དྲག་དང་ཁོལ་མོ་བར་དང་སྐུ་ལྕམ་དང་ཁོལ་པོ་བར་གྱི་གཏམ་རྒྱུད་མང་པོ་ཞིག་འཆད་རྒྱུ་ཡོད། དེས་ན་གཡོག་མོར་སྐུ་དྲག་སོགས་ཀྱི་བྱིས་པ་འཁོར་བ་ནི་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཡིན་འདུག འོན་ཀྱང་། བྱིས་པ་དེ་དག་ཆུང་དུས་ནས་ཨ་མ་གཅིག་པུར་བརྟེན་ནས་ལག་ཆགས་པས་ཁོ་ཚོར་དམིགས་བསལ་གྱི་སྙིང་རུས་དང་བཟོད་བསྲན་ཞིག་ཡོད་པ་རེད། གུས་པས་དོ་སྣང་བྱེད་མྱོང་བའི་མི་སྣ་སྐོར་ཞིག་དེ་འདྲ་རེད་འདུག ཁོ་ཚོ་ཆུང་དུས་ཉེ་འབྲེལ་སོགས་ཀྱིས་མཐོང་ཆེན་མི་བྱེད་ཀྱང་ན་ཚོད་དར་ལ་བབས་ཏེ་འཇོན་ནུས་མངོན་སྐབས་ཡབ་གཞིས་ཀྱིས་བདག་པོ་རྒྱག་པའམ་བརྩེ་འདང་འཇོག་སྲོལ་ཡོད་འདུག ཟླ་བ་གྲགས་པ་ཁོང་ཡང་དེ་འདྲ་ཞིག་ཡིན་ནམ་སྙམ་མོད། ད་དུང་ཡང་ཁོང་དཀར་རུ་དཔོན་ཚང་གི་གཡོག་མོ་བལ་འཁེལ་མའི་བུ་ཡིན་པ་ངག་རྒྱུན་ཙམ་ལས་སྒྲུབ་བྱེད་ཁུངས་བཙན་ཞིག་མིག་སྔར་རྙེད་མི་འདུག་བསམ་བཞིན་ཡོད། གང་ལྟར་ཁོང་ལ་ཟླ་བ་གྲགས་པ་ཞེས་མཚན་གསོལ་བ་ནས་བཟུང་སྟེ་ཟླ་སྤྲུལ་རིན་ཆེན་ཕུན་ཚོགས(༡༩༤༠-༢༠༡༢ )བར་ཟླ་གྲགས་སྐུ་ཕྲེང་བརྒྱད་ཙམ་བྱོན་པར་བཤད་དོ། །
གཉིས་པ། ཁོང་གི་འཁྲུངས་འདས་ལོ་ཚིགས།
       ཁོང་གི་འཁྲུངས་ལོའི་སྐོར«ཁྱུང་པོ་སྟེང་ཆེན༡»ནང་བཀོད་པའི་གཡུང་དྲུང་དཔལ་རི་དགོན་གྱི་ལོ་རྒྱུས་དང་། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པའི«བོན་གྱི་ལོ་རྒྱུས་ཡིག་ཆ་ཕྱོགས་སྒྲིག»དགེ་བཤེས་བློ་གྲོས་རབ་གསལ་ལགས་ཀྱིས་བསྒྲིགས་པའི«གནའ་བོའི་ཞང་བོད་ཚིག་མཛོད»སོགས་ཕྱིས་སུ་བརྩམས་པའི་དཔེ་ཆ་མང་པོ་ཞིག་གི་ནང་ཁོང་རབ་བྱུང་བཅུ་གཉིས་པའི་ཆུ་རྟ(༡༧༠༢)ལོར་འཁྲུངས་ཞེས་བཀོད་འདུག འོན་ཀྱང་བསམ་གཞིག་བྱེད་དགོས་པ་ཞིག་ནི་ཁོང་གི་ལོ་རྒྱུས་ལ་བརྟགས་ན་ཁོང་གིས་གཏེར་སྟོན་སངས་རྒྱས་གླིང་པར་དད་གུས་ཆེན་པོ་བྱེད་པ་ཤེས་ཐུབ་ཅིང་། གལ་སྲིད་ཁོང་སྤྱི་ལོ༡༧༠༢ལོར་འཁྲུངས་པ་ཡིན་ན་སངས་གླིང་མཆོག་ཁོང་གི་ཡབ་གཞིས་ཁྱུང་དཀར་མཁར་རྫོང་ལ་སྔ་ཕྱི་ཐེངས་གཉིས་ཕེབས་པ་དང་ཕེབས་ཐེངས་རེར་དུས་ཡུན་ཟླ་བ་གཅིག་ལྷག་ཙམ་བཞུགས་སྐབས་ཁོང་གིས་བླ་མར་བསྟེན་སྲིད་མོད་དེའི་སྐོར་ལོ་རྒྱུས་ཡིག་ཆ་ཁག་ཏུ་མ་གསལ་ཞིང་། སངས་གླིང་གི་རང་རྣམ་ནང་ཁོང་དཀར་རུ་དཔོན་ཚང་དུ་ཕེབས་པའི་གནས་ཚུལ་མང་པོ་འཁོད་ཡོད་རུང་། ཁྱུང་བཙུན་གཡུང་དྲུང་ཕུན་ཚོགས་དང་མཇལ་འཕྲད་བྱུང་བའི་སྐོར་འཁོད་པ་མཐོང་དུ་མེད། གཞན་ཡང་སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན(༡༧༧༠-༡༨༣༣)དགུང་ལོ་བཅུ་དྲུག་ཐོག་ཏུ་ཀོང་པོ་བོན་རིར་ཁྱུང་བཙུན་གཡུང་དྲུང་ཕུན་ཚོགས་བླ་མར་བསྟེན་མྱོང་བ་སྐྱང་སྤྲུལ་གྱི་རྣམ་ཐར་དུ་གསལ། སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན་མཆོག་ནི་རབ་བྱུང་བཅུ་གསུམ་པའི་ལྕགས་སྟག(༡༧༧༠)ལོར་འཁྲུངས་པ་ཁོང་གི་ལོ་རྒྱུས་དང་བོན་གྱི་བསྟན་རྩིས་ཁག་ཞལ་མཐུན་ཡོད། ཁོང་དགུང་ལོ་བཅུ་དྲུག་བཞེས་སྐབས་སྤྱི་ལོ༡༧༨༥ལོར་ཁེལ་ཡོད། གལ་སྲིད་ཁྱུང་བཙུན་ཁོང་སྤྱི་ལོ༡༧༠༢ལོར་འཁྲུངས་པ་ཡིན་ན་སྤྱི་ལོ༡༧༨༥ལོར་དགུང་ལོ་བརྒྱད་ཅུ་གྱ་བཞི་ལ་སོན་ཡོད། ཁོང་སྐུ་ཚེའི་སྨད་ཁྱུང་ཡུལ་དུ་བཞུགས་པ་གཡུང་དྲུང་དཔལ་རི་དགོན་གྱི་ལོ་རྒྱུས་ཁག་ནང་གསལ་ཅིང་། སྐྱང་སྤྲུལ་གྱི་རྣམ་ཐར་ལ་དཔྱད་ན་སྐབས་དེར་ཁོང་དགུང་གྲངས་མཐོན་པོ་དེ་འདྲར་སླེབས་མེད་པ་རྟོགས་ཐུབ། གཞན་ཡང་གོམ་གང་མདུན་སྤོས་ཀྱིས་དཔྱད་པ་བཏང་ན། གོང་དུ་དྲངས་པ་ལྟར«མཇུག་བྱང»ལས་ཁོང་གིས་ཆུང་དུས་སུ་ཡང་སྲིད་མི་ཕམ་མགོན་པོ་དང་སེམས་དཔའ་ཟླ་གྲགས་བླ་མར་བསྟེན་པ་གསལ་ཡོད། ཡང་སྲིད་མི་ཕམ་མགོན་པོ་མཆོག་ནི་སྤྱི་ལོ༡༧༣༦ལོར་གཞི་ནས་འཁྲུངས་པ་ཡིན་ལ། སེམས་དཔའ་ཟླ་གྲགས་ནི་སྤྱི་ལོ༡༧༣༤ལོར་གསར་དུ་མཚན་གསོལ་ཁྲི་འདོན་བྱས་པ་ཞིག་རེད། དེས་ན་ཁོང་སྤྱི་ལོ༡༧༠༢ལོར་འཁྲུངས་པ་མ་ཡིན་པ་རྟོགས་ཐུབ།
       འོ་ན། ཁོང་དུས་ནམ་ཞིག་ཏུ་འཁྲུངས་པ་རེད་ཟེར་ན། ཁོང་རང་ཉིད་ཀྱིས་བརྩམས་པའི«མཇུག་བྱང»ལས“དཀར་ཆག་ཞལ་བཤུས་བཀའ་ལ་གཞིར་བླངས་ནས། །གནས་ཆེན་མདུན་དྲང་དཔལ་ལྡན་དགོན་པ་སྟེང་། །རང་ལོ་ལྔ་བཅུ་གྲངས་ཀྱི་མེ་ལུག་ཟླ། །ཡར་ཚེས༣དབུ་འཛུགས་ཡོ་བྱད་བརྩོན་འགྲུས་ཀྱིས། །གནས་ཀྱི་ཞིང་བཀོད་དཀར་ཆག་གསོལ་འདེབས་བཅས། །རིག་གྲོལ་ཕྱུག་པའི་དགེ་རྒན་ཚེ་དབང་དང་། །རྟ་མགྲིན་ཤེས་རབ་གསུམ་གྱིས་པར་བརྐོས་ཤིང་། །ཟླ་བ་ཞག་གྲངས་ཞབས་ཏོག་མཉམ་པར་ཞུས། །”ཞེས་ཁོང་དགུང་ལོ་ལྔ་བཅུ་ཐོག་མེ་ལུག་ལོར་ཁེལ་ཡོད་པ་གསུངས་ཡོད། རབ་བྱུང་བཅུ་གཉིས་པའི་མེ་ལུག་ལོ་ནི་སྤྱི་ལོ༡༧༢༧ལོར་ཁེལ་ཡོད། དེ་ནས་ཡར་དེད་པའི་འཁྲུངས་ལོ་ནི་སྤྱི་ལོ༡༦༧༨ལོར་ཡིན་དགོས་འདུག། རབ་བྱུང་བཅུ་གསུམ་པའི་མེ་ལུག་ལོ་ནི་སྤྱི་ལོ༡༧༨༧ལོར་ཁེལ་ཡོད། དེ་ནས་ཡར་དེད་པའི་འཁྲུངས་ལོ་ནི་སྤྱི་ལོ༡༧༣༨ལོར་ཡིན་དགོས། རབ་བྱུང་བཅུ་བཞི་པའི་མེ་ལུག་ལོ་ནི་སྤྱི་ལོ༡༨༤༧ལོར་ཁེལ་ཡོད། དེ་ནས་ཡར་དེད་པའི་འཁྲུངས་ལོ་ནི་སྤྱི་ལོ༡༧༩༨ལོར་ཡིན་དགོས། དེ་གསུམ་ལས་དང་པོ་ལྟར་ན་ཁོང་གི་རང་རྣམ་ལས་ཆུང་དུས་སུ་སེམས་དཔའ་ཟླ་གྲགས་དང་མི་ཕམ་མགོན་པོ་བླ་མར་བསྟེན་མྱོང་བ་དང་འགལ་ལ། གསུམ་པ་ལྟར་ན་སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན་གྱིས་སྤྱི་ལོ༡༧༨༥ལོར་ཁོང་བླ་མར་བསྟེན་མྱོང་བ་དང་ཁོང་གི་ཡང་སྲིད་གཡུང་དྲུང་གཙུག་ཕུད་སྤྱི་ལོ༡༧༩༩ལོར་འཁྲུངས་པ་དང་འགལ་ཡོད། དེ་ལྟར་དཔྱད་ན་མེ་ལུག་འདི་རབ་བྱུང་བཅུ་གཉིས་པའི་མེ་ལུག་ལོ་དང་བཅུ་བཞི་པའི་མེ་ལུག་ལོ་གཉིས་མ་ཡིན་པ་ཤུགས་ལས་རྟོགས་ཐུབ་པའི་གནད་ཀྱིས་རབ་བྱུང་བཅུ་གསུམ་པའི་མེ་ལུག་ལོར་ཡིན་པ་ཤེས་ཐུབ། དེས་ན་ཁོང་རབ་བྱུང་བཅུ་གཉིས་པའི་ས་རྟ(༡༧༣༨)ལོར་འཁྲུངས་པ་ཡིན་པའི་ངེས་ཤེས་རྙེད་ཐུབ་པ་མ་ཟད། ཁོང་གི་ལོ་རྟགས་རྟ་ལོ་ཡིན་པ་ལས་ལོ་ཁམས་ཆུ་མ་ཡིན་པ་ཤེས་ཐུབ་ཅིང་། ཁོང་གི་འཁྲུངས་ལོ་སྤྱི་ལོ༡༧༠༢ལོར་བཀོད་པ་ནི་ཐོག་མར«ཁྱུང་པོ་སྟེང་ཆེན་དེབ༡»ནང་དེ་ལྟར་བཀོད་རྗེས་མ་དག་རྒྱུན་འབྱམས་སུ་ཕྱིན་པ་ཞིག་ལས་དོན་དངོས་དང་མཐུན་པ་ཞིག་མ་ཡིན་པ་རྟོགས་ཐུབ། ཁོང་གི་འདས་ལོ་གསལ་པོར་འཁོད་པའི་ཡིག་ཆ་གུས་པས་མ་མཐོང་ཞིང་། ཡང་སྲིད་གཡུང་དྲུང་གཙུག་ཕུད་སྤྱི་ལོ༡༧༩༩ལོར་འཁྲུངས་པ་གསལ་བས་ཕལ་ཆེར་དེའི་སྔ་ལོ་སྟེ་སྤྱི་ལོ༡༧༩༨ལོར་ཁྱུང་ཡུལ་དུ་སྐུ་གཤེགས་པར་ཚོད་དཔག་བྱས་ན་མི་ཆོག་རྒྱུ་མེད་སྙམ་མོ། །
གསུམ་པ། གནས་མཇལ་ཕེབས་པ་དང་བླ་མར་བསྟེན་པའི་སྐོར།
       «མཇུག་བྱང»ལས“རང་ལོ་ཉེར་ཐོག་རྐྱེན་ངན་གྲོགས་ཤར་གྱིས། །ཕྱོགས་མེད་གནས་རི་བླ་མ་དམ་བཅས་ཤིང་། །ཁྱུང་བར་ལ་ཕྱིན་ཚེས་ལ་ལུང་གྲགས་པའི། །བདེ་ཆེན་མཁའ་འགྲོ་ཕྱིར་ཕེབས་དེ་དང་མཇལ། །གནས་ཀྱི་རྐྱེན་གྲོགས་བཀའ་ཕེབས་འགའ་ཞིག་བསྩལ། །དྲིན་ཆེན་ཟླ་གྲགས་ཐུགས་རྟེན་དངུལ་གདུང་ཞིག །སྟག་བྲོ་དགའ་ཚལ་བཞེངས་ནས་སྟག་རིའི་ཁྲོད། །ལི་ཤུའི་རྣམ་སྤྲུལ་ཚེ་དབང་ཡང་སྲིད་ཞེས། །ཀུན་བཟང་དྲུང་ནས་རབ་བྱུང་བསྟན་རྒྱལ་མནོས། །”ཞེས་གསལ་བས། ཁོང་དགུང་ལོ་ཉི་ཤུ་བཞེས་པའི་སྤྱི་ལོ༡༧༥༧ལོར་ཕ་ཡུལ་ཁྱུང་པོ་ནས་ཀོང་པོར་ཕེབས་པ་དང་། སངས་གླིང་གི་ལུང་ཟིན་མཁའ་འགྲོ་ཀོང་པོ་ཉིང་ཁྲིར་བཞུགས་པའི་སྲིད་རྒྱལ་སྤྲུལ་པ་བདེ་ཆེན་དཔལ་འདྲེན་དང་མཇལ། སྐུ་མདུན་སྨོན་ལམ་བཀྲ་ཤིས་ཀྱི་གདན་ས་སྟག་བྲོ་དགོན་པར་རྩ་བླ་སེམས་དཔའ་ཟླ་གྲགས་ཀྱི་གདུང་རྟེན་ཞིག་བཞེངས་གནང་ཡོད། མེ་སྟོན་ཉི་མ་རྒྱལ་མཚན(༡༨༡༦-༡༨༩༧)མཆོག་གི་རང་རྣམ«སྐྱེས་རབས་རྣམ་ཐར་སྐལ་བཟང་དང་འདྲེན»ལས་སངས་གླིང་ཡང་སྲིད་མི་ཕམ་མགོན་པོ་གཤེགས་པའི་ལོ་དེར་སེམས་དཔའ་ཟླ་བ་གྲགས་པ་འཚོ་བཞུགས་གནང་ཡོད་པ་གསུངས་ཡོད། མི་ཕམ་མགོན་པོ་མཆོག་ནི་སྤྱི་ལོ༡༧༥༦ལོར་གཤེགས་པ་ཡིན་པས། ཕལ་ཆེར་སྤྱི་ལོ༡༧༥༧ལོར་རྩ་བླ་སེམས་དཔའ་ཟླ་གྲགས་སྐུ་གཤེགས་པ་དང་ཁོང་ཡུལ་གྱར་དུ་ཕེབས་ཡོད་པ་འདྲ། ཁོང་དཀར་རུ་དཔོན་ཚང་གི་བུ་ཡིན་པས་དཔལ་འབྱོར་ཅུང་ཙམ་ཡོད་པ་དེ་བླ་མའི་གདུང་རྟེན་གྱི་རྩ་བར་བཏང་བ་དང་། ལྡོང་སྒོམ་བསྟན་པ་ལྷུན་གྲུབ་ཀྱི་གདན་ས་སྟག་རྩེ་རི་ཁྲོད་དུ་བྱོན་ཏེ། ཨ་མདོ་ཚེ་དབང་ལྷུན་གྲུབ(?-༡༧༢༨)ཀྱི་ཡང་སྲིད་ཀུན་བཟང་མཚན་ཅན་གྱི་དྲུང་དུ་རབ་བྱུང་ཞུས་ཏེ་མཚན་ལ་བསྟན་པ་རྒྱལ་མཚན་ཞེས་གསོལ། ཡང«མཇུག་བྱང»ལས“དབུས་གཙང་སྨན་དགོན་འགྱུར་མེད་ཁྲི་མཐོ་བ། །འདོད་དགུའི་དངོས་སྣང་རིན་ཆེན་ལྷུན་གྲུབ་ཀྱིས། །བསྙེན་པར་རྫོགས་པ་དྲུང་མུའི་མིང་ཐོབ་ནས། །ཞི་ཁྲོའི་སྨན་སྒྲུབ་རྒྱུད་ལུང་འདི་ཕྱི་ཡི། །བུ་གཅིག་མ་ཡི་བརྩེ་གདུང་ཅི་བཞིན་བསྐྱངས། །”ཞེས་ཁོང་དགུང་ལོ་ཉི་ཤུ་ལྷག་ཙམ་གྱི་ཐོག་ཀོང་པོ་ནས་དབུས་གཙང་དུ་བྱོན་པ་དང་། སྨན་རིའི་མཁན་རབས་བཅུ་བདུན་པ་རིན་ཆེན་ལྷུན་གྲུབ(༡༦༧༦-༡༧༥༩)མཆོག་གི་མདུན་ནས་དྲང་སྲོང་གི་ཁྲིམས་རྫོགས་པར་ཞུས་ཏེ་མཚན་ལ་གཡུང་དྲུང་ཕུན་ཚོགས་ཞེས་གསོལ། གཞན་ཡང་མཁན་ཆེན་མཆོག་གི་མདུན་ནས་ཞི་ཁྲོའི་སྨན་སྒྲུབ་ཆེན་མོའི་རྒྱུད་ལུང་སོགས་གསན་བཞེས་མཛད། «མཇུག་བྱང»ལས“དར་སྡིངས་དམུ་གཤེན་ལུག་ལོ་ཡབ་སྲས་མདུན། །ཁྲོ་ཕུར་སྒྲུབ་དབང་ལྷ་མོའི་མཐུན་རྐྱེན་དང་། །རྒྱལ་འགོང་གོང་ནོན་སྤྱི་འདུལ་སྒྲུབ་ཞེས་སོ། །”ཞེས་ཁོང་སྨན་རི་ནས་རིམ་བཞིན་གཤེན་དར་སྡིངས་སུ་བྱོན་པ་དང་། དམུ་གཤེན་གཡུང་དྲུང་ཉི་མའི་རྒྱལ་པོའི་སྲས་གསུམ་གྱི་ཆེ་བ་ལུག་ལོ་བ་བསྟན་འཛིན་དབང་གི་རྒྱལ་པོ་དང་། དེའི་སྲས་ཚེ་དབང་མཆོག་ལེགས་རྣམ་རྒྱལ་ཡབ་སྲས་གཉིས་ཀྱི་མདུན་ནས་ཁྲོ་ཕུར་སྨན་སྒྲུབ་ཀྱི་བཀའ་དབང་ཞུས། གཤེན་ཆེན་པོས་ཁོང་ལ་ཡི་དམ་སྤྱི་འདུལ་བསྒྲུབ་དགོས་པའི་ཞལ་གདམས་གནང་བ་འདྲ། ཡང«མཇུག་བྱང»ལས“ཞུ་ལ་སྨན་དབང་རྨེའུ་ལ་རོལ་པ་ཐོབ། །སྦས་པའི་རྣལ་འབྱོར་རྒྱལ་བའི་སྐུ་ཞབས་སུ། །ཡང་དག་སྒྲིལ་བའི་སེམས་ཀྱི་ཁྲིད་ཞུས་ཀྱང་། །སྤྲིན་དང་ཉི་མའི་འཆར་སྒྲིབ་ཅུང་ཞིག་གོ །”ཞེས་ཁོང་སྔོན་གྱི་བོན་པོ་གནས་མཇལ་བ་ཐུན་མོང་དང་འདྲ་བར་བོན་གྱི་གདན་ས་རྩ་ཆེན་ཁག་ཏུ་ཕེབས་ཏེ་མཆོད་འབྲེལ་དང་བོན་ཁྲིད་ཞུས་པ་དང་། ལྷག་ཏུ་རྣལ་འབྱོར་རྒྱལ་བའི་མཚན་ཅན་མདུན་ནས་སེམས་ཁྲིད་ཀྱི་གདམ་པ་སོགས་ཞུས་ཡོད། «མཇུག་བྱང»ལས“འགུ་རུ་ཁྲི་ཆེན་དྲང་སྲོང་རིན་ཆེན་དྲུང་། །ཕྱི་ནང་དབང་ལུང་ཡང་གསང་ཁྲིད་ལུང་ཐོབ། །དབལ་རོང་གངས་མཚོ་ཁྱུང་ལུང་སྤོས་རི་དང་། །ཡང་སྟོན་བླ་མ་སྟོད་གནས་ཡོངས་རྫོགས་མཇལ། །མཁན་ཆེན་ཐུགས་དགོངས་རྫོགས་ཕྱིར་སྨན་རི་བོར། །བསྙེན་བཀུར་རྟེན་བཞེངས་ཆུ་ཐིགས་ཙམ་ཞིག་བགྱིས། །རྒྱལ་རིགས་བྲུ་ཡི་བཀའ་དྲིན་ལྷག་པར་ཆེ། །དར་སྡིངས་མཚུངས་བྲལ་ནམ་མཁའ་དབང་གྲུབ་ཞབས། །གསེར་སྒོ་ཞལ་བསྲོས་ཞུགས་མར་ལོ་ཐུབ་ཕུལ། །འོད་གསལ་ཁྲིད་ལུས་འཁྲུལ་སྣང་ཅུང་ཞིག་རྟོགས། །”ཞེས་པས་ཁོང་མངའ་རིས་ཕྱོགས་སུ་བྱོན་ཏེ་གངས་རི་མཚོ་གསུམ་སོགས་སྟོད་ཀྱི་སྒྲུབ་གནས་ཐ་དག་མཇལ་གྲུབ་པ་དང་། སླར་ཡང་དབུས་གཙང་གི་གདན་ས་ཁག་ཏུ་ཕེབས་ཏེ་བསྙེན་བཀུར་ཞབས་ཏོག་ཞུས་པར་གསལ། ཡང་དེ་ཉིད་ལས“དང་ར་རྟ་སྒོ་གངས་མཚོར་སྒྲུབ་འབྲས་དང་། །བལ་ཡུལ་ལྷོ་བྱང་ཐ་དག་གནས་མཇལ་ནས། །ཚོགས་བསགས་རྟེན་བཞེངས་གང་འགྲུབ་བློ་རྒྱ་བསྐྱེད། །ཏྲེ་སྟོན་ཆེན་པོ་ནམ་མཁའ་རྒྱལ་མཚན་ཞེས། །མཇལ་བ་ཙམ་གྱིས་སངས་རྒྱས་དངོས་ཉིད་ཤར། །སྨོན་ལམ་བདེན་ཚིག་བསླུ་མེད་བཀའ་ལུང་གིས། །བློ་བདེ་ཡིད་ཆེས་བོན་རྒན་བསམ་དོན་འགྲུབ། །སྨན་རི་ཞལ་བསྲོས་ཞུགས་མར་ལོ་ཐུབ་དང་། །རི་ཞིང་ཆུ་ཐིགས་ཙམ་གྱི་འབྲེལ་བ་ཞུས། །དབུས་ཀྱི་ཇོ་ཤག་བསམ་ཡས་ཙ་རི་དང་། །གནས་རི་ཡོངས་རྫོགས་སྒོ་གསུམ་གང་འགྲུབ་ཞུས། །གྱེར་གནས་སྐུ་གདུང་སྲིད་རྒྱལ་སྟག་ལ་བྲག །ཞལ་བསྲོས་བླ་གྲྭ་སྡེ་ལ་ཚོགས་བསགས་ཞུས། །རྩེ་དྲུག་གཏེར་རྫོང་འཛམ་གླིང་ས་ཡི་བཅུད། །གསེར་གདུང་སངས་རྒྱས་གླིང་པའི་སྐུ་ཧྲིལ་པོར། །གང་མཇལ་ངན་འགྲོ་སྐྱོབ་ཅིང་མཐའ་དམག་བཟློག །དེ་མདུན་མེ་ཏོག་སྨོན་ལམ་སྙིང་རུས་བསྐྱེད། །བདག་ལ་སྤྱན་དཀྱུས་ཉེར་གཟིགས་འགའ་ཞིག་གིས། །དཀར་ཆག་ཞལ་བཤུས་བཀའ་ལ་གཞིར་བླངས་ནས། །གནས་ཆེན་མདུན་དྲང་དཔལ་ལྡན་དགོན་པ་སྟེང་། །རང་ལོ་ལྔ་བཅུ་གྲངས་ཀྱི་མེ་ལུག་ཟླ། །ཡར་ཚེས༣དབུ་འཛུགས་ཡོ་བྱད་བརྩོན་འགྲུས་ཀྱིས། །གནས་ཀྱི་ཞིང་བཀོད་དཀར་ཆག་གསོལ་འདེབས་བཅས། །རིག་གྲོལ་ཕྱུག་པའི་དགེ་རྒན་ཚེ་དབང་དང་། །རྟ་མགྲིན་ཤེས་རབ་གསུམ་གྱིས་པར་བརྐོས་ཤིང་། །ཟླ་བ་ཞག་གྲངས་ཞབས་ཏོག་མཉམ་པར་ཞུས། །”ཞེས་དམ་པ་ཁོང་གིས་བྱང་དྭང་རའི་ཕྱོགས་ཀྱི་གནས་དགོན་ཐམས་ཅད་དང་། བལ་ཡུལ་ལྷོ་བྱང་སོགས་ཀྱི་སྒྲུབ་གནས་ཁག་མཇལ་གྲུབ་པ་དང་དབུས་གཙང་ཁུལ་གྱི་གྲུབ་མཐའ་རིས་མེད་ཀྱི་གནས་དགོན་ཕལ་ཆེར་མཇལ། དེ་ནས་ཀོང་པོ་དང་ཙ་རི་སོགས་ལྷོ་ནུབ་ཁུལ་གྱི་གནས་དགོན་ཚང་མ་མཇལ་གྲུབ་རྗེས་ཡབ་གཞིས་ཁྱུང་ཡུལ་དུ་ཕེབས་ནས་གནས་དགོན་ཚང་མར་སྒྲུབ་འབྲེལ་བཞག་ཡོད། དེ་ནས་སླར་ཡང་ཀོང་པོར་བྱོན་པ་དང་གནས་མདུན་དཔལ་ལྡན་དགོན་པ་སྟེང་ཉམས་གསོ་གནང་བ་རེད།
བཞི་པ། ཁོང་གི་མཛད་པ་གཙོ་བོ་འགའ་ཞིག་གླེང་བ།
       གཅིག གནས་མདུན་དགོན་པ་སྟེང་གཟིགས་སྐྱོང་གནང་བ།
       དེ་ཡང་དབྲ་ཁྱུང་སྐལ་བཟང་ནོར་བུ་ལགས་ཀྱིས་བརྩམས་པའི«བོན་རིའི་དཀར་ཆག»དང་། དགེ་བཤེས་ཤེས་རབ་གྲགས་པ་ལགས་ཀྱིས་བརྩམས་གནང་བའི«ཞང་བོད་གདན་རབས»གཉིས་ལས་གནས་མཆོག་བོན་རིའི་མདུན་དུ་ཡོད་པའི་དགོན་པ་སྟེང་ཞེས་པའི་དགོན་པ་འདི་ཉིད་ཁོང་གིས་ཕྱག་བཏབ་ཅེས་གསུངས་ཡོད། འོན་ཀྱང་། མཁས་དབང་དཔལ་ལྡན་ཚུལ་ཁྲིམས་ལགས་ཀྱིས་བརྩམས་པའི«བསྟན་འབྱུང་སྐལ་བཟང་མགྲིན་རྒྱན»ལས“གནས་མདུན་དགོན་པ་སྟེང་ནི་རབ་དྲག་སྟོད་སྐོར་སྐུ་སྐྱེ་ཚུལ་ཁྲིམས་གཡུང་དྲུང་གིས་ཕྱག་བཏབ། དེ་རྗེས་གླིང་ཚུལ་ཁྲིམས་རྒྱལ་མཚན། ཚུལ་ཁྲིམས་གཡུང་དྲུང་སོགས་སྐྱེས་བུ་མང་བྱོན་བར་དུ་བསྟན་པ་དར་བ་བྱུང་། རྟེན་དང་ལྷ་ཁང་དུས་མཆོད་སོགས་མ་ཉམས་པར་ཡོད།”ཞེས་དུས་རབས་བཅུ་གཅིག་པའི་སྟོད་དུ་ཚུལ་ཁྲིམས་གཡུང་དྲུང་ཞེས་པའི་བླ་མ་ཞིག་གིས་ཕྱག་བཏབ་གནང་བ་བཤད་ཡོད། ཡང་སྙིང་གང་ཞིག་འཐད་ལྡན་ཡིན་ནམ་ཞེ་ན། ཁྱུང་བཙུན་གཡུང་དྲུང་ཕུན་ཚོགས་རང་ཉིད་ཀྱིས་བརྩམས་པའི«བོན་རིའི་གནས་ཀྱི་དཀར་ཆག»ལས“གཤེན་སྟོན་གཙུག་ཕུད་ལུང་ཟིན་རྩེ་ཁང་གི། སྤྲུལ་སྐུ་ཚུལ་གཡུང་དགོན་སྟེང་འདུས་སྡེ་བཙུགས།”ཞེས་གསུངས་ཡོད་པས་དགོན་པ་འདི་ནི་ཁྱུང་བཙུན་ཁོང་གིས་ཕྱག་བཏབ་པ་མ་ཡིན་པར་རྩེ་ཁང་སྤྲུལ་སྐུ་ཚུལ་ཁྲིམས་གཡུང་དྲུང་ལགས་ཀྱིས་ཕྱག་བཏབ་གནང་བ་ཤེས་ཐུབ། འོ་ན། རྩེ་ཁང་སྤྲུལ་སྐུ་ཚུལ་ཁྲིམས་གཡུང་དྲུང་ལགས་དུས་ནམ་ཞིག་ཏུ་བྱོན་པ་ཡིན་ནམ་ཟེར་ན། གོང་གི་ལུང་ཚིག་ལ་གཞིགས་ན་ཁོང་ནི་གཤེན་སྟོན་གཙུག་ཕུད་དང་དུས་མཉམ་ཙམ་དུ་བྱོན་པ་གསལ་ལ། སྐབས་འདིའི་གཤེན་སྟོན་གཙུག་ཕུད་ནི་གཤེན་ལྷུན་གྲུབ་གྲགས་པ་དབང་རྒྱལ་གྱི་སྲས་དམུ་གཤེན་གཙུག་ཕུད་འོད་ཟེར་ཡིན་པ་འདྲ་མོད། ཁོང་དུས་རབས་ནམ་ཞིག་ཏུ་བྱོན་པ་གསལ་པོར་འཁོད་པའི་ཡིག་ཆ་མ་མཐོང་། གཤེན་ལུག་ལོ་བ་བསྟན་འཛིན་དབང་རྒྱལ་མཆོག་ནི་གཏེར་སྟོན་སངས་རྒྱས་གླིང་པ(༡༧༠༥-༡༧༣༥)དང་དུས་མཉམ་དུ་བྱོན་པ་ཡིན་ལ། དམུ་གཤེན་གཙུག་ཕུད་འོད་ཟེར་གྱི་བར་དུ་མི་རབས་བཞི(གཙུག་ཕུད་འོད་ཟེར། ཚེ་དབང་ལྷུན་གྲུབ། གཡུང་དྲུང་ཉི་མའི་རྒྱལ་པོ། གཤེན་ལུག་ལོ་བ།)ཙམ་གྱིས་ཆོད་ཡོད། གཞན་ཡང«བོན་རིའི་གནས་ཀྱི་དཀར་ཆག»ལས་བོན་རིའི་ཉེ་འདབས་ཀྱི་དགོན་པ་ཁག་ཕྱག་བཏབ་པའི་དུས་ཚོད་སྔ་ཕྱི་གོང་རིམ་བཞིན་བསྟན་སྐབས་དགོན་པ་སྟེང་གི་སྐོར་དེ་འཁྲུལ་ཞིག་གཡུང་དྲུང་ཚུལ་ཁྲིམས་ལགས་ཀྱིས་ཕྱག་བཏབ་པའི་བཀྲ་ཤིས་དུང་དཀར་རྫོང་གི་གོང་དེར་བསྟན་ཡོད། བཀྲ་ཤིས་དུང་དཀར་རྫོང་ནི་སྤྱི་ལོ༡༥༧༧ལོར་ཕྱག་བཏབ་པར་བཤད། དེ་ལྟར་ཕྱོགས་གཉིས་ནས་དཔྱད་ན་དགོན་པ་སྟེང་ནི་དུས་རབས་བཅུ་དྲུག་པའི་སྟོད་ཙམ་དུ་རྩེ་ཁང་སྤྲུལ་སྐུ་ཚུལ་ཁྲིམས་གཡུང་དྲུང་ལགས་ཀྱིས་ཕྱག་བཏབ་པ་ཞིག་ཡིན་པ་ཚོད་བགམ་བྱ་ཆོག་གོ །
       དགོན་འདི་དང་ཁྱུང་བཙུན་གཡུང་དྲུང་ཕུན་ཚོགས་བར་འབྲེལ་བ་གང་འདྲ་ཡོད་དམ་ཟེར་ན། བྱ་བཏང་ཚེ་དབང་འགྱུར་མེད་ཀྱིས་བརྩམས་པའི«རྣལ་འབྱོར་བཟོད་པ་རྒྱལ་མཚན་གྱི་རྣམ་ཐར་དད་མོས་ཡིད་ཀྱི་བདུད་རྩི»ལས“ཁྱུང་སྤྲུལ་གཡུང་དྲུང་ཕུན་ཚོགས་གདན་ས་ཆེ། །”ཞེས་སོགས་དགོན་འདི་ཁྱུང་བཙུན་གཡུང་དྲུང་ཕུན་ཚོགས་མཆོག་གི་གདན་ས་ཡིན་པ་གསུངས་གནང་བ་དང་། ཁྱུང་བཙུན་ཁོང་གི་རང་རྣམ་ལས་ཀྱང་ཁོང་དགོན་འདིར་ཡུན་རིང་བཞུགས་ཏེ་བསྟན་པ་བསྐྱངས་པ་དང་བོན་རིའི་དཀར་ཆག་སོགས་ཤིང་པར་བརྐོས་པ་གསལ་བས་དགོན་འདི་ཁོང་གི་གདན་ས་གཙོ་བོ་ཞིག་ཡིན་པ་བསྙོན་དུ་མེད། ཁོང་གིས་དགོན་པ་སྟེང་བསྐྱར་བཞེངས་གནང་གྲུབ་རྗེས་དགོན་འདིར་མཚམས་སྒྲུབ་ཉམས་ལེན་གནང་སྟེ་བཞུགས་མཁན་རྒྱུན་ཆད་མེད་པར་བྱུང་ཞིང་། ལྷག་ཏུ་ཁྱུང་པོ་རྣལ་འབྱོར་བཟོད་པ་རྒྱལ་མཚན(༡༨༦༦-༡༩༤༥) མཆོག་གིས་དགོན་པ་འདི་ཉིད་བསྐྱར་བཞེངས་དང་ཉམས་གསོ་གནང་བ་ཡིན་ཏེ། བྱ་བཏང་ཚེ་དབང་འགྱུར་མེད་ཀྱིས་བརྩམས་པའི«རྣལ་འབྱོར་བཟོད་པ་རྒྱལ་མཚན་གྱི་རྣམ་ཐར་དད་མོས་ཡིད་ཀྱི་བདུད་རྩི»ལས“ཁྱུང་སྤྲུལ་གཡུང་དྲུང་ཕུན་ཚོགས་གདན་ས་ཆེ། །དགོན་སྟེང་ཞེས་པ་ལྷ་ཁང་གསར་བཞེངས་ནས། གཙོ་ཁང་ནང་དུ་སྟོན་པ་གཙོ་འཁོར་གསུམ་དང་རྣམ་རྒྱལ་བྱམས་མ་བཅས། ཐོག་བརྩེགས་གཉིས་སླེབས་ཅན་དང་ལྷ་བཞེངས་དང་། ལོག་བྲིས་ལ་སོགས་མཐའ་རུ་ཕྱིན་པར་མཛད།”(༣༣༠)ཅེས་གསལ་བས་ཤེས་ཐུབ། དེ་ནས་དུས་འགྱུར་བར་རྒྱུན་ལྡན་ལྟར་གནས་ཤིང་དུས་འགྱུར་ལོ་བཅུའི་གོད་ཆག་ནང་འཐོར་ཞིག་སོང་རྗེས་ད་ལྟ་མཚམས་ཁང་ཁ་ཤས་ལས་དགོན་པ་བསྐྱར་བཞེངས་གནང་ཐུབ་མེད་པ་བཅས་སོ། །གཞན་ཡང་བཟོད་པ་རིན་པོ་ཆེ་མཆོག་གི་རྣམ་ཐར་ལས“ཁྱུང་སྤྲུལ་རྗེ་ཉིད་གདན་ས་རྟ་མགྲིན་བྲག །མདུན་དུ་ལྷ་ཁང་བཞེངས་མཛད་བྱམས་མ་དང་། །རྣམ་རྒྱལ་སྟོན་པ་གསུམ་བཞེངས་ལོག་བྲིས་ནི། །སངས་རྒྱས་སྟོང་སྐུ་གསས་མཁར་མཆོག་ལྔ་དང་། །ཤིང་སྤྲོས་བྱ་འབྲུག་ཚིག་བརྒྱན་ཀ་ཁྲབ་དང་། །ཀ་བ་ཟུར་བཞི་ལོག་བརྒྱད་ཀ་རྒྱན་བཅས། །མཐར་ཕྱིན་ཐང་སྐུ་མཛད་པ་བཅུ་གཉིས་དང་། །ཆོ་ག་བཅུ་གཉིས་ལ་སོགས་མང་དུ་བཞེངས། །”(༣༣༡)ཞེས་གསལ་བར་བལྟས་ན་ཀོང་པོ་བོན་རིར་ད་དུང་ཡང་ཁྱུང་བཙུན་གཡུང་དྲུང་ཕུན་ཚོགས་ལགས་ཀྱི་གདན་ས་ཞིག་ཡོད་པ་ཤེས་ཐུབ། འོན་ཀྱང་། དགོན་པ་འདིའི་སྐོར་ནས་གནས་ཚུལ་གཞན་རྒྱུས་ལོན་མ་བྱུང་།
       གཉིས། ཀོང་པོ་སྲིད་རྒྱལ་དགོན་སོགས་ཀྱི་བླ་མ་མཛད་པ།
       དགེ་བཤེས་ཤེས་རབ་གྲགས་པས་བཏུས་རྩོམ་བྱས་པའི«ཞང་བོད་གདན་རབས»སོགས་ལས་ཁྱུང་བཙུན་ཁོང་ཀོང་པོ་སྲིད་རྒྱལ་དགོན་གྱི་བླ་རབས་ཁྲོད་བཞག་འདུག་ཅིང་། ཉག་སྒོམ་རིན་ཆེན་ལྷུན་གྲུབ་ཀྱིས་སྤྱི་ལོ༡༨༡༩ལོར་བརྩམས་པའི«སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན་གྱི་རྣམ་ཐར་གསལ་བྱེད་དངུལ་གྱི་མེ་ལོང»ལས་སྐྱང་སྤྲུལ་རིན་པོ་ཆེ་སྤྱི་ལོ༡༧༨༥ལོར་ཀོང་པོར་ཟླ་བ་ཁ་ཤས་བཞུགས་པའི་སྐབས་དེར་ཁྱུང་བཙུན་ཁོང་སྲིད་རྒྱལ་དགོན་དུ་བཞུགས་པ་གསལ་བ་སོགས་ལ་བརྟགས་ན་ཁོང་གིས་སྲིད་རྒྱལ་དགོན་གཟིགས་སྐྱོང་མང་པོ་གནང་ཡོད་པ་ཤེས་ཐུབ། གཞན་ཡང་ཁོང་སྐུ་ཚེའི་སྨད་དུ་ཁྱུང་ཡུལ་དུ་བཞུགས་ཏེ་གངས་རྒྱལ་གཡུང་དྲུང་དཔལ་རི་གནས་སྒོ་ཕྱེས་པ་དང་། ལོ་ལྟར་བོད་ཟླ་ལྔ་པའི་ཚེས་བཅུ་བཞི་ཉིན་ཡབ་སྲས་གསུམ་སྤྲུལ་པའི་བྱ་མཇལ་ཞེས་པ་དེ་བྱུང་བ་ཡིན་འདུག དུས་མཚུངས་སུ་ཡུལ་དེའི་དགོན་པ་ཡང་རྫོང་དགོན་དང་སྒོ་ཐི་དགོན་གཉིས་ཀར་གཟིགས་སྐྱོང་གནང་བ་སོགས་གཡུང་དྲུང་དཔལ་རི་དགོན་གྱི་ལོ་རྒྱུས་ནང་གསལ་བ་ལྟར་རོ། །
       གསུམ། དཀར་ཆག་ཤིང་པར་བརྐོས་པ་དང་གནས་སྒོ་ཕྱེས་པའི་སྐོར།
       «མཇུག་བྱང»ལས“དཀར་ཆག་ཞལ་བཤུས་བཀའ་ལ་གཞིར་བླངས་ནས། །གནས་ཆེན་མདུན་དྲང་དཔལ་ལྡན་དགོན་པ་སྟེང་། །རང་ལོ་ལྔ་བཅུ་གྲངས་ཀྱི་མེ་ལུག་ཟླ། །ཡར་ཚེས༣དབུ་འཛུགས་ཡོ་བྱད་བརྩོན་འགྲུས་ཀྱིས། །གནས་ཀྱི་ཞིང་བཀོད་དཀར་ཆག་གསོལ་འདེབས་བཅས། །རིག་གྲོལ་ཕྱུག་པའི་དགེ་རྒན་ཚེ་དབང་དང་། །རྟ་མགྲིན་ཤེས་རབ་གསུམ་གྱིས་པར་བརྐོས་ཤིང་། །ཟླ་བ་ཞག་གྲངས་ཞབས་ཏོག་མཉམ་པར་ཞུས། །”ཞེས་ཁོང་དགུང་ལོ་ལྔ་བཅུ་བཞེས་པའི་སྤྱི་ལོ༡༧༨༧ལོར་གཏེར་སྟོན་སངས་རྒྱས་གླིང་པའི་སྙན་རྒྱུད་གནས་མཆོག་བོན་རིའི་དཀར་ཆག«ཡིད་བཞིན་ལྗོན་པའི་ཕྲེང་བ»སོགས་ཤིང་པར་བརྐོས་པ་དང་། དེའི་ལོ་རྗེས་མར་གཏེར་སྟོན་སངས་གླིང་གིས་བརྩམས་པའི«ཐུགས་སྤྲུལ་བོན་རིའི་གསོལ་འདེབས་ཡན་ལག་བདུན་ལྡན»ཞེས་པ་ཤིང་པར་བརྐོས་གནང་བ་རེད། དེ་ནས་ཁོང་དགུང་ལོ་ལྔ་བཅུ་ལྷག་ཙམ་གྱི་ཐོག་ཏུ་ལྷ་སྲུང་གི་ལུང་གིས་བསྐུལ་བ་ལྟར་ཕ་ཡུལ་ཁྱུང་པོའི་ཕྱོགས་སུ་ཕེབས་པ་དང་། གཡུང་དྲུང་དཔལ་རི་གནས་ཀྱི་དབལ་རོང་སྒྲུབ་ཕུག་ཏུ་ཞི་བ་དབང་ཆེན་སྒྲུབ་པའི་ཐུན་མཚམས་སུ་དྲན་པ་ཡབ་སྲས་གསུམ་གྱིས་ལུང་བསྟན་ཏེ་གངས་རྒྱལ་གཡུང་དྲུང་དཔལ་རི་གནས་སྒོ་ཕྱེས། གནས་ཀྱི་དཀར་ཆག་ཕབ་སྟེ་བཀའ་རྟགས་རང་བྱོན་ངོས་འཛིན་མཛད། མཐར་གནས་མཆོག་དེར་ལོ་ཤས་བཞུགས་ཏེ་སྐུ་གཤེགས། སྐུ་གཤེགས་རྗེས་ཡང་སྲིད་ངོས་འཛིན་སྲོལ་བྱུང་བ་དང་། ཡང་སྲིད་རིམ་བྱོན་གྱིས་གཡུང་དྲུང་དཔལ་རི་སྡེ་དགོན་གཉིས་ཀྱི་སྐྱིད་སྡུག་ལྟ་སྲོལ་བྱུང་བ་ཡིན་འདུག། ཁྱུང་སྤྲུལ་སྐུ་ཕྲེང་གཉིས་པ་གཡུང་དྲུང་གཙུག་ཕུད(༡༧༩༩-?) ཁྱུང་སྤྲུལ་སྐུ་ཕྲེང་གསུམ་པ་གཡུང་དྲུང་བསྟན་འཛིན་གྲགས་པ(༡༨༦༡-༡༨༩༡) ཁྱུང་སྤྲུལ་སྐུ་ཕྲེང་བཞི་པ་བསྟན་འཛིན་ཕུན་ཚོགས(༡༩༠༤-༡༩༨༩) ཁྱུང་སྤྲུལ་སྐུ་ཕྲེང་ལྔ་པ་གཡུང་དྲུང་ཚུལ་ཁྲིམས(༡༩༩༤-)བཅས་སྐུ་ཕྲེང་ལྔ་ཙམ་བྱོན་ཟིན། གོང་གི་ཡང་སྲིད་ཁག་གི་འཁྲུངས་འདས་ལོ་ཚིགས་འདི་དག་ཁྱུང་པོ་སྟེང་ཆེན་དེབ་དང་པོའི་ནང་གི་གཡུང་དྲུང་དཔལ་རི་དགོན་གྱི་ལོ་རྒྱུས་ལྟར་བཀོད་པ་ཡིན།
       བཞི། ཁོང་གིས་སློབ་ཚོགས་བསྐྱངས་པའི་སྐོར།
       ཁོང་གི་མདུན་ནས་ཁྲིད་གདམ་ཉན་མྱོང་བའི་སློབ་མ་མང་པོ་ཞིག་ཡོད་པ་བཤད་མི་དགོས་ཀྱང་། མང་པོ་ཞིག་ལོ་རྒྱུས་ཡིག་ཚང་དུ་མ་འཁོད་པས་འོལ་ཚོད་ཀྱིས་གླེང་ཐབས་བྲལ། གུས་པས་མཇལ་བའི་ཡིག་ཚང་ནང་འཁོད་པ་ཁ་ཤས་གླེང་ན། དེ་ཡང་ཉག་སྒོམ་རིན་ཆེན་ལྷུན་གྲུབ་ཀྱིས་སྤྱི་ལོ༡༨༡༩ལོར་བརྩམས་པའི«སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན་གྱི་རྣམ་ཐར་གསལ་བྱེད་དངུལ་གྱི་མེ་ལོང»ལས“དེ་ནས་དགུང་ལོ་བཅུ་དྲུག་བཞེས་དུས་ཡར་གྲྭ་ས་བསྐོར་དུ་ཕྱིན་ཏེ།ཞེས་པ་ནས། དེ་ནས་རྗེ་མཚུངས་མེད་འགྲན་བྲལ་ཁྱུང་སྤྲུལ་གཡུང་དྲུང་ཕུན་ཚོགས་དང་མཇལ་ཏེ།”ཞེས་དང་། “དེ་ནས་སེམས་དཔའ་ཟླ་བ་གྲགས་པའི་སྤྲུལ་སྐུ་དང་བདག་གཉིས་ལ་ཟླ་བ་གཅིག་གི་བར་དུ་དབང་ལུང་གནང་།”(༣༦༤)ཞེས་སྐྱང་སྤྲུལ་དགུང་ལོ་བཅུ་དྲུག་ཐོག་ཀོང་པོ་བོན་རིར་གནས་མཇལ་བྱོན་སྐབས་ཁོང་གི་སྐུ་མདུན་དུ་ཟླ་བ་ཁ་ཤས་བཞུགས་ཏེ་མ་ཏྲི་རིན་ཆེན་སྒྲོན་མའི་ནང་དབང་དང་། རྫོགས་པ་ཆེན་པོ་ཞང་ཞུང་སྙན་བརྒྱུད། བྲུ་རྒྱལ་བའི་ཕྱག་ཁྲིད་སོགས་ཀྱི་དབང་ལུང་ཁྲིད་གསུམ་གནང་མཛད་པ་དང་མཚན་ལ་ནམ་མཁའ་རྒྱལ་མཚན་ཞེས་གསོལ་ཏེ་ཡི་དམ་མེ་རི་དགོས་ཚུལ་བཀའ་ལུང་བསྩལ་བ་སོགས་གསལ། སྐབས་དེར་སྐྱང་སྤྲུལ་དང་མཉམ་དུ་ཟླ་གྲགས་སྤྲུལ་སྐུ་ཞིག་ཁོང་གི་སྐུ་མདུན་ཡོད་པ་གསལ་བ་ལས་མཚན་ཆ་ཚང་སྨོས་མེད། «ཁྱུང་པོ་སྟེང་ཆེན་དེབ༡»ནང་དུ་ཀོ་རྒྱལ་དགོན་གྱི་ལོ་རྒྱུས་ཤིག་བཞུགས་འདུག་ཅིང་། དེའི་ནང་ཟླ་གྲགས་སྐུ་ཕྲེང་དྲུག་ཙམ་གྱི་ལོ་རྒྱུས་མདོར་བསྡུས་ཤིག་བཀོད་འདུག་ཀྱང་ཁོང་རྣམས་ཀྱི་འཁྲུངས་འདས་ལོ་ཚིགས་གསལ་པོ་ཞིག་བཀོད་མི་འདུག ཁྱུང་བཙུན་ཁོང་གིས་ཟླ་གྲགས་སྐུ་ཕྲེང་དང་པོ་བླ་མར་བསྟེན་མྱོང་བ་སོགས་ལོ་རྒྱུས་ཀྱི་བབ་ལ་བརྟགས་ན་སྐབས་འདིར་ཁོང་གི་སྐུ་མདུན་ཡོད་པའི་ཟླ་གྲགས་སྤྲུལ་སྐུ་དེ་ཟླ་གྲགས་སྐུ་ཕྲེང་གཉིས་པ་རིན་ཆེན་དཔལ་བཟང་མཆོག་ཡིན་ནམ་སྙམ། འོན་ཀྱང་། ད་དུང་ཞིབ་ཏུ་འདིའི་ཐད་ཤེས་འདོད་ཡོད་པ་ཚོས་ཞིབ་འཇུག་གནང་རྒྱུ་གལ་ཆེའོ། །མཇུག་ཏུ་ཞུ་རྒྱུ་ཞིག་ལ་ཁོང་གིས་མཛད་པའི་དཔེ་ཆ་ལ་བོན་རིའི་དཀར་ཆག«མཛེས་ལྡན་ལྗོན་པའི་ཕྲེང་བ»ཞེས་པ་ཞིག་བཞུགས་ཡོད་པ་དང་། དཀར་ཆག་འདི་ནི་བོན་རིའི་ཉེ་འདབས་ཀྱི་དགོན་པ་ཁག་གི་ལོ་རྒྱུས་དང་བོན་རིའི་གསོལ་འདེབས། གནས་ཀྱི་ཕན་ཡོན། བོན་གྱི་གདུང་རབས་དང་འབྲེལ་བའི་གནས་ཚུལ། ཁོང་གི་ལོ་རྒྱུས་བཅས་ལས་གྲུབ་པ་ཞིག་ཡིན། གུས་པས་བལྟས་ན་ཡིག་ཆ་འདི་ནི་ལོ་རྒྱུས་དཔྱད་གཞི་གལ་ཆེན་ཞིག་ཡིན་པ་དང་ནང་དོན་ཐད་ད་དུང་དཔྱད་དགོས་ས་དང་བསམ་གཞིག་བྱ་དགོས་ས་མང་དུ་སྣང་། གཞན་ཡང་ཁོང་གིས་མཛད་པའི་གཡུང་དྲུང་དཔལ་རིའི་གནས་ཀྱི་དཀར་ཆག«མཐོང་བ་དོན་ལྡན»སོགས་ཡོད་འདུག་གོ །
       ཞེས་ཁྱུང་ཡུལ་སྤུ་རྒྱལ་གནས་ཀྱི་ཤར་ཕྱོགས་སུ་དལ་རྟེན་རྙེད་པའི་དགེ་མིང་ཙམ་འཛིན་པ་གཙུག་གཤེན་རྒྱལ་མཚན་གྱིས་རིག་འཛིན་བརྒྱད་ཅུའི་གདན་ས་ཁྱུང་པོ་རི་བོ་རྩེ་དྲུག་དགོན་དུ་མ་ཡུམ་དུས་ཆེན(༢༠༢༢-༥-༨)ཉིན་མོར་མཇུག་རྫོགས་པར་བགྱིས་པའི་དགེ་རྩ་འདིས་ཀྱང་། བདག་གི་བྱམས་ལྡན་ཨ་མ་ལགས་སྐུ་ཚེ་བརྟན་ཞིང་ན་ནད་ཞི་བ་དང་། ཕྱི་མར་ཡང་ངན་སོང་གནས་ལས་ཐར་ཏེ་དལ་བརྒྱད་འབྱོར་བཅུ་ལྡན་པའི་མི་ལུས་བཟང་པོ་ཞིག་འཐོབ་སྟེ། བརྩེ་བ་དང་ཤེས་རབ་ཟུང་ལྡན་གྱི་སྐྱེས་བུ་རྨད་དུ་བྱུང་བ་ཞིག་ཏུ་སྐྱེ་བའི་སྨོན་ལམ་ཞུས་པ་ལགས་སོ། །

དཔྱད་གཞིའི་ཡིག་ཆ།  
[1] «བོན་རིའི་དཀར་ཆག་མཛེས་ལྡན་ལྗོན་པའི་ཕྲེང་བ» ཁྱུང་བཙུན་གཡུང་དྲུང་ཕུན་ཚོགས་ཀྱིས་བརྩམས། གཡང་གི་ཕྱུག་མོ་པར་སྐྲུན་ཁང་གིས་བསྐྲུན།
[2] «སངས་རྒྱས་གླིང་པའི་སྐྱེས་རབས་གཏེར་འབྱུང་ལོ་རྒྱུས་རྡོ་རྗེ་རིན་ཆེན་ཕྲེང་བའི་རྒྱན» སངས་རྒྱས་གླིང་པས་བརྩམས། པོད་གཟུགས་ཡིག་རྙིང་བྲིས་མ་ཞིག་ཡིན། ད་ལྟ་རྩེ་དྲུག་དགོན་དུ་བཞུགས།
[3] «བོན་གྱི་ལོ་རྒྱུས་ཡིག་ཆ་ཕྱོགས་སྒྲིག» གཞོན་ནུ་ནོར་བཟང་གིས་བསྒྲིགས། སྤྱི་ལོ༢༠༡༠ལོར་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས།
[4] «གནའ་བོའི་ཞང་བོད་ཚིག་མཛོད» དགེ་བཤེས་བློ་གྲོས་རབ་གསལ་ལགས་ཀྱིས་བསྒྲིགས། སྤྱི་ལོ༢༠༡༠ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན།
[5] «རྣལ་འབྱོར་བཟོད་པ་རྒྱལ་མཚན་གྱི་རྣམ་ཐར་དད་མོས་ཡིད་ཀྱི་བདུད་རྩི» བྱ་བཏང་ཚེ་དབང་འགྱུར་མེད་ཀྱིས་བརྩམས། བོན་གྱི་བརྟེན་འགྱུར་ཆེན་མོ། སོག་སྡེ་བསྟན་པའི་ཉི་མ་མཆོག་གིས་དཔར་སྐྲུན་བྱས།
[6] «ཁྱུང་པོ་སྟེང་ཆེན༡» བོད་ལྗོངས་སྟེང་ཆེན་རྫོང་སྲིད་གྲོས་ཁང་གིས་རྩོམ་སྒྲིག་བྱས། སྤྱི་ལོ༢༠༠༥ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན།
[7] «སྲིད་པའི་དཀའ་ཐུབ་པ་གྲུབ་དབང་མེ་སྟོན་ཉི་མ་རྒྱལ་མཚན་གྱི་སྐྱེས་རབས་རྣམ་ཐར་སྐལ་བཟང་དང་འདྲེན» མེ་སྟོན་ཉི་མ་རྒྱལ་མཚན་གྱིས་བརྩམས། སྤྱི་ལོ༢༠༡༦ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན།
[8] «ཞང་བོད་གདན་རབས» དགེ་བཤེས་ཤེས་རབ་གྲགས་པ་ལགས་ཀྱིས་བརྩམས། སྤྱི་ལོ༢༠༡༥ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན།
[9] «བསྟན་འབྱུང་སྐལ་བཟང་མགྲིན་རྒྱན» མཁས་དབང་དཔལ་ལྡན་ཚུལ་ཁྲིམས་ལགས་ཀྱིས་བརྩམས། སྤྱི་ལོ༢༠༡༠ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན།
[10] «སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན་གྱི་རྣམ་ཐར་གསལ་བྱེད་དངུལ་གྱི་མེ་ལོང» ཉག་སྒོམ་རིན་ཆེན་ལྷུན་གྲུབ་ཀྱིས་བརྩམས། སོག་སྡེ་བསྟན་པའི་ཉི་མས་བསྒྲིགས། བོན་གྱི་བཀའ་བརྟེན་ཆེན་མོ།
འབྲེལ་ཡོད་འོས་སྦྱོར།