logo

༄༅། །སྲིད་གསུམ་འབར་བའི་སྒྲ་བརྒྱ་འདི་ལྟར་ལྡིར།

རྩོམ་པ་པོ།:ཤེར་གྲོལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-12-04 ཀློག་གྲངས།:
༄༅།།ཨོཾ་བདེ་ལེགས་སུ་གྱུར་ཅིག།
འཇམ་དཔལ་མི་ཡི་གར་དུ་ཟློས་པའི་མགོན༎
མགོན་དུ་ཐོབ་པའི་རབ་དགའི་ཡིད་ཀྱི་མཚོ༎
སྲིད་པ་གསུམ་གྱི་ཡུལ་དུ་མ་ཤོང་བར༎
རང་གི་བསོད་ནམས་ར་བའི་ཁོང་བར་ཤོང་༎
ལས་ཉོན་སྟོན་གྱི་བ་མོས་རལ་གྲི་ཡིས༎
བདག་ཡིད་བུང་བ་ཁྱོད་སྐུ་པད་ཚལ་དང་༎
མཛའ་འབྲེལ་གསེར་གྱི་སྐུད་པས་མ་ཆོད་པར༎
རྨི་ལམ་འོད་ཀྱི་གུར་དུ་ཡང་ཡང་འཛོམས༎
མ་ལུས་ཞིང་དུ་འབད་པས་བཙལ་ན་ཡང་༎
ཁྱོད་ལས་གཞན་པའི་སྐྱབས་བཟང་མ་མཆིས་པས༎
བདག་ཡིད་ཁྱོད་ཀྱི་རྗེས་སུ་ཕྱོགས་པ་ནི༎
ཉི་མས་གདུངས་པའི་གླང་ཆེན་པད་མཚོར་བཞིན༎
ཇི་སྐད་འཇམ་མགོན་བླ་མས་གསུངས་པ་ལྟར༎
མཚན་ལམ་འོད་ཀྱི་གུར་ཁྱིམ་ངོ་མཚར་བར༎
ཁྱེད་སྐུ་ཟུར་ཕུད་ལྔ་བའི་སྐུར་བཞེངས་ཏེ༎
བརྩེ་འཛུམ་མངོན་པའི་དགའ་བ་གང་གིས་མཚོན༎
ངུར་སྨྲིག་གོས་ཀྱིས་མཛེས་པའི་བརྗིད་ཆགས་སྐུ༎
སྐུ་སྟོད་ཞལ་ཁྱིམ་རབ་དཀར་གཟི་འོད་བཀྲ༎
བཀྲ་བའི་འོད་ཀྱིས་འཁྱུད་པའི་བྱུ་རུའི་མཆུ༎
མཆུ་སྒྲོས་ལས་མངོན་ཐགས་བཟང་ཚེམས་ཀྱིས་མཛེས༎
མཛེས་ཞལ་བརྩེ་བའི་འཛུམ་རིས་གཡེལ་མེད་དུ༎
དུ་མའི་འགྲོ་ལ་གཅིག་ཏུ་གཟིགས་ན་ཡང་༎
ཡང་སྒོས་ཁྱོད་སྐུ་དྲན་པའི་གཟིར་བའི་བུ༎
བུ་སྡུག་བཀྲོངས་པའི་མ་ལྟར་བརྩེ་བར་དགོངས༎
ཁྱོད་ནི་སྐུ་ན་གཞོན་པའི་དུས་ཉིད་ནས༎
སྙན་ངག་སྨྲ་བའི་ཁྲི་འཕང་ལེགས་ཟིན་མོད༎
དར་ཟབ་གོས་ཀྱིས་གཡོགས་པའི་སྤྲུལ་བའི་སྐུ༎
ཁ་ཅིག་དེ་ལྟར་ངག་གི་རྩལ་མངོན་པ༎
གཡོ་ཟོལ་རྫུན་གྱི་ཟློས་གར་འཁྲབ་བོ་ཞེས༎
ཟག་བཅས་ལས་ཀྱིས་བསྡམས་པའི་བློ་དང་ཡིད༎
ཁྱོད་ཐུགས་གཙང་མའི་ཡེ་ཤེས་མེ་ལོང་ལ༎
བབ་ཅོལ་གཏམ་གྱིས་འཁྲབ་པའི་སྨྱོན་པའི་གར༎
མི་སྨྲ་འཇམ་པའི་སྐུ་ཡིས་དྭངས་པར་མཛད༎
ཇི་ལྟར་སངས་རྒྱས་མཐུ་ཡིས་བརྒྱ་ལམ་ན༎
འཇིག་རྟེན་བསོད་ནམས་བློ་གྲོས་ཐང་འགའ་འབྱུང་༎
དེ་ལྟར་ད་དུང་ཁྱོད་སྐུས་ཐུགས་རྗེ་མཐུས༎
འཇམ་དཔལ་གཞོན་ནུའི་རིག་འཕྲུལ་ཅུང་ཙམ་མངོན༎
ཁྱོད་ཀྱི་རྣམ་དཔྱོད་ལང་ཚོའི་རྩལ་རྫོགས་པ༎
རིག་གཞུང་ལྷ་ཡི་གོས་བཟང་སྤྲས་པས་མིན༎
རིག་བྱེད་ངག་གི་སེང་ཆེན་ལ་བཅིབས་ཏེ༎
རྩེད་འཇོའི་གྲོགས་ཀྱི་སྐྱེད་ཚལ་འགྲིམས་པས་ཀྱང་༎
སྙན་ཚིག་ངག་གི་ལང་ཚོའི་རིན་ཆེན་སྐྱེས༎
གྲོགས་སུ་བཏེགས་པའི་རིག་པའི་རོལ་རྩེད་འདིས༎
སྡེ་བཞིའི་དཔལ་གྱི་ངག་རིག་ཕོ་བྲང་ཆེའི༎
གཟི་བརྗིད་མཇལ་བའི་སྐལ་བ་མངོན་སུམ་ཤར༎
རིག་བྱེད་འཁོར་སྒྱུར་གཞོན་ནུའི་མངའ་ཐང་ནི༎
དམ་པའི་གསུང་ཟུར་ནོར་བུ་སྩལ་བས་ཀྱང་༎
ངག་རིག་ཚངས་སྲས་མཛོད་ལ་མངའ་བརྙེས་པ༎
ལེགས་ཚོགས་འབོད་པའི་མཆོད་བརྗོད་རྔ་ཡིས་བསྒྲགས༎
སྨན་གྱི་སྦྱོར་བ་ལ་མཁས་དྲང་སྲོང་གིས༎
གཡེལ་མེད་ཉོན་མོངས་ནད་བརྒྱ་འབྱིན་པ་ལ༎
གཅིག་ཏུ་བརྩོན་པའི་ངོ་མཚར་ཐར་བའི་རྒྱན༎
རིག་བྱེད་ངག་གི་དར་ཆེན་མཐོན་པོས་སྤུད༎
འཆར་ཡན་བློ་ཡི་བཟོ་འཕྲུལ་ངོ་མཚར་བས༎
སུམ་རྩེན་གྲོང་གི་ལྷ་དབང་བརྒྱ་བྱིན་ཡང་༎
རང་སྲིད་འཆོར་དོགས་སོམ་ཉིའི་སྡུག་བསྔལ་གྱིས༎
དཔྲལ་བའི་རི་མོ་བསྡུ་བའི་ལྟད་མོ་མཐོང་༎
རིག་བྱེད་འཁོར་སྒྱུར་རྣམ་དཔྱོད་དར་དྲགས་པས༎
ཕྱོགས་བཅུའི་ཆབ་འབངས་གུས་པས་བཀའ་ལུང་བརྩི༎
ངོ་མཚར་མཇལ་བའི་མགྲོན་པོ་སྤྲིན་ལྟར་འདུ༎
མཛའ་འབྲེལ་གསེར་གྱི་ཟམ་པ་ཕྱོགས་བཞིར་བརྐྱངས༎
ངག་རིག་འཕྲུལ་གྱི་རིགས་པའི་ལེགས་བཞེངས་པའི༎
རྨད་བྱུང་འདོད་ཡོན་ལོངས་སྤྱོད་ངོ་མཚར་བ༎
སྔོན་མེད་རིག་བྱེད་ངག་གི་ཕོ་བྲང་ནི༎
ཁྱེད་ཀྱི་སོར་རྩེས་བཞེངས་པ་ཨེ་མ་མཚར༎
འགའ་ཞིག་རིག་བྱེད་ཕོ་བྲང་འདི་མཇལ་བས༎
ལྔ་གསུམ་དགུང་གྲངས་དུས་ཀྱི་བཟོ་བོ་ཁྱེད༎
བཞེངས་པར་སོམ་ཉིའི་སྒྲོག་གིས་བཅིངས་པ་ནི༎
འཇམ་དབྱངས་གཞོན་ནུའི་ཚུལ་ལ་རྒོལ་དང་མཚུངས༎
འཛམ་གླིང་རིག་བྱེད་སྨྲ་བ་ཀུན་གྱི་གྲལ༎ 
གཞོན་ནུའི་དུས་ནས་ཉིད་ཀྱིས་ལེགས་ཟིན་པའི༎
ངོ་མཚར་གཏམ་གྱི་རོལ་མོ་ལྷང་ངེར་བ༎ 
དཔྱོད་ལྡན་གཟུར་གནས་དྲན་དབང་ངག་ན་མཛེས༎
དགའ་ལྡན་བསྟན་པ་འཕེལ་རྒྱས་གླིང་ཕྲན་དུ༎
དུ་མའི་མགོན་གྱི་རིག་པའི་བདུད་རྩི་བཅུད༎
བཅུད་དུ་ཉིན་མཚན་མེད་པར་ལེགས་སྒོམ་པ༎
པ་ཊུའི་རྒྱལ་ཐབས་ཆུང་ནས་ལེགས་ཟིན་མོད༎
ལྷ་རམས་ཉི་ཟླའི་འོད་ཀྱིས་ལེགས་དྲངས་དཔལ༎
རིག་པའི་སྐྱ་རེངས་གསར་བའི་དགའ་སྟོན་གྱིས༎
བསྩལ་བའི་མི་འཇིགས་རྣམ་དཔྱོད་གཤོག་རྩལ་ནི༎
མདོ་རྒྱུད་རྒྱ་མཚོའི་མཁའ་ལ་བསྐྱངས་འདུན་སྐྱེས༎
རིག་པའི་ནོར་མང་བློ་གྲོས་མཛོད་ལ་དབང་༎
རིག་བྱེད་རྒྱལ་པོའི་ཁྲི་ལ་ཆུང་ནས་བཞུགས༎
རིག་གཏེར་ནོར་བུའི་རྒྱ་མཚོའི་ཀློང་ཆེན་པོར༎
རིག་པའི་མ་ངོམས་ཞུགས་པའི་སྤོབས་པ་རྒྱལ༎
དབུས་གཙང་གཉིས་པར་བསྔགས་པའི་ཆེད་བརྗོད་མཚན༎
དོན་གྱིས་བརྗིད་པའི་མདོ་སྨད་ཆོས་སྡེ་ཆེ༎
བཀྲ་ཤིས་འོ་མཚོ་གཡས་སུ་འཁྱིལ་བའི་དགོན༎
རིག་གཞུང་གཏེར་གྱི་ནོར་བུའི་གླིང་དུ་གཟིགས༎
བརྩེ་བའི་ཐུགས་ཀྱིས་བསྐྱངས་པའི་དྲང་སྲོང་རྒན༎
བུ་ལྟར་བསྐྱངས་པའི་ཐུགས་སྲས་དཔྲལ་བའི་མིག།
བྲལ་བའི་གཏམ་གྱི་ཚ་གདུང་བཟོད་མིན་ཞེས༎
ཉིད་ཀྱིས་གསང་རྒྱའི་སྤྲིན་གྱི་ཐབས་འདི་བརྟེན༎
རྒྱ་མཚོའི་གླིང་དུ་བསྐྱོད་པར་ཚོང་དཔོན་གྲུ༎
མ་བརྟེན་གཅིག་པུས་རྐྱལ་གྱིས་ཡོང་མིན་ལྟར༎
ཕྱོགས་དེར་བགྲོད་པའི་འབྲོག་གི་ཨ་མཆོད་གྲོགས།
གྲོགས་སུ་སྦྲན་ཏེ་མཉམ་སྐྱོད་ཁ་ཆད་བྱས༎
ལོ་ལེགས་འབྲུ་ལྔས་གསེར་རྡོག་ཁུར་གྱི་ལྕི༎
མ་ཐེག་ཤེད་རྩལ་འགྲན་པའི་རྐང་བཞི་ཕྱུགས༎
གྲོགས་སུ་འབོད་པའི་བརྡ་འཕྲིན་གཞོང་གི་ཆུས༎
ལྷུང་ལྷུང་གླུ་རུ་བསྒྱུར་ཏེ་བར་མེད་བསྒྲགས༎
གཡུར་ཟའི་འབྲས་བུ་སྨིན་པའི་སྟོན་གྱི་དུས༎
བརྒྱད་གཉིས་ལང་ཚོའི་དཔལ་གྱིས་མཛེས་པའི་སྐུ༎
མདོ་སྔགས་འབྲུ་ལྔའི་གསེར་གྱི་སྙེ་མའི་སོན༎
བློ་ཡི་བང་མཛོད་འགེང་ཕྱིར་གནས་དེར་ཆས༎
དགུང་ན་ཕྲ་ཡང་རིག་པའི་གཡུ་རལ་མཛེས༎
ད་དུང་འཇིགས་མེད་སྤོབས་པའི་གཟི་བརྗིད་འདིས༎
ཐུབ་བསྟན་གངས་རི་སྐྱོང་ལ་འགྲན་མེད་པ༎
ལོ་པཎ་གངས་རིའི་སེང་ཆེན་དག་ཀྱང་དྲན༎
མི་བཟད་ལ་ལུང་བརྒལ་བའི་རྩོལ་བ་ནི༎
སྣང་ཤས་གཟེབ་དུ་ཚུད་པའི་གཟིགས་ངོ་ན༎
སྐྱོ་ཤས་གདུང་བས་གཙེས་པའི་ཁུར་ལྕི་མོད༎
གཏན་བདེའི་གྲོང་ཁྱེར་འགྲིམས་སྣང་ཁོང་ལ་མངའ༎
ཤེས་བཞིན་གསེར་གྱི་ཉི་མའི་དཔལ་མངའ་བས༎
ཉོན་མོངས་མུན་པའི་ཁུང་བུར་འཇུག་པའི་གླགས༎
གཞར་ཡང་མེད་པས་འབྲོག་གི་ཨ་མཆོད་པའི༎
ཇི་གསུངས་ཕྱི་བཞིན་འབྲངས་པའི་སྐབས་མ་མཆིས༎
ཁྱུ་བྲལ་གདུང་བའི་འཚེར་སྣང་མ་མཆིས་པར༎
གཅིག་པུར་རྒྱུ་བའི་སྤོས་ཀྱི་གླང་བོ་ཆེ༎
ཤེས་རབ་རྒྱ་མཚོ་མི་ཡི་ཁྱུ་མཆོག་ནི༎
ཕྱོགས་བཅུའི་རྒྱལ་བས་བསྟོད་པའི་ཡུལ་དུ་བརྗིད༎
ཁྱོད་ནི་བླ་མ་ཡི་དམ་མཁའ་འགྲོ་ཞེས༎
རྩ་གསུམ་ཀུན་འདུས་གང་ཉིད་མཆོད་སླད་དུ༎
ཚོགས་ཆེན་རུང་ཆབ་ལེན་པའི་མ་ཆེན་དཔུང་༎
གང་ཉིད་བསུ་བའི་ཟོལ་གྱིས་གདོང་འཛོམས་བྱུང་༎
དྭངས་བསིལ་ཡན་ལག་བརྒྱད་ཀྱི་མཆོད་པའི་ཆབ༎
སྒེག་ལྡན་དྲེལ་དང་རྟ་ཁྱུས་བཏེགས་པའི་ཁྱུ༎
མདུན་དུ་བདར་བའི་རྟེན་འབྲེལ་བསམ་མི་ཁྱབ༎
རྒྱལ་བ་མཆོད་བྱེད་ངོ་མཚར་རྟགས་སུ་འཁུམས༎
དེའི་ཚེ་བཀྲ་ཤིས་གཡས་འཁྱིལ་ཆོས་སྡེ་ནས༎
བཀྲ་ཤིས་འབོད་པའི་ཨ་ཙ་ར་ཡི་དུང་༎
མཁའ་ཁྱབ་སྒྲ་ཡིས་ཁྱོད་སྐུའི་སྙན་ལམ་དུ༎
ངོ་མཚར་བཅུད་དུ་རྫོགས་པའི་ཟོལ་གྱིས་འཇོ༎
སྔོ་བསངས་མཁའ་ལ་སྤྲིན་དཀར་བླ་བྲེས་མཛེས༎
ཁྲི་གདུགས་ཉི་མའི་རྩིབས་སྟོང་ཕྱོགས་བཞིར་འབར༎
གཙུག་ལག་ཁང་གི་གཟི་འོད་ལམ་ལམ་འཚེར།།
བཀྲ་ཤིས་འཁྱིལ་གྱི་ལང་ཚོ་སྙིང་གི་དཔྱིད།།
འདི་ཡི་མཛེས་སྡུག་རིམ་གྱིས་འཐུངས་པའི་མོད༎
ཡུན་རིང་བྲལ་བའི་སྡུག་གི་མནར་བའི་བུས༎
མ་ཡི་འཛུམ་ཞལ་གློ་བུར་མཇལ་བ་ལྟར༎
རབ་དགའི་ཡིད་ཀྱི་དཔེས་ཀྱང་མཚོན་དུ་མེད༎
ཐུབ་དབང་བྱམས་པའི་སེམས་ལ་བརྒྱ་བྱིན་དང་༎
ཡང་ན་བྱམས་མགོན་ཁྱི་མོའི་དཔེ་ལྟར་ཏུ༎
གནས་བརྟན་དགེ་འདུན་རྒན་པའི་ཉམས་སད་ལ༎
ངོ་མཚར་རིགས་ལམ་འཕྲུལ་གྱི་བརྡ་ལན་ཕུལ༎
མཐུ་འདིས་ཚོགས་ཞུགས་བསླབ་པ་རྒན་པ་ཚོས༎
གསར་འབྱོར་ཕྱོགས་ཐོན་བློ་གསལ་སློབ་གཉེར་བར༎
བཀྲ་ཤིས་འཁྱིལ་གྱི་བསྟན་འཛིན་སྲོག་ཤིང་དུ༎
འགྱུར་པར་ཐུགས་སྨོན་གནང་པའི་སྲོལ་བཟང་ཕྱེ༎
སྤངས་རྟོགས་རྒྱ་མཚོའི་ཕ་རོལ་ལེགས་སྒྲོལ་རྟེན།། 
ཐོས་བསམ་གླིང་གི་གཟིངས་ཆེན་ལ་ཞུགས་ཏེ༎
བློ་གྲོས་མཛོད་འཛིན་དེད་དཔོན་ཐབས་མཁས་ཀྱིས༎
རིག་པའི་རྒྱ་མཚོར་བགྲོད་པའི་དཔའ་གདེང་བསྩལ༎
མཐའ་མེད་རིག་པའི་དབྱིངས་ཀྱི་ངོ་བོ་ཉིད།།
འདོད་རྒུར་བསྒྱུར་པའི་བྱེད་པོར་ལུང་བསྟན་གྱིས།། 
བསྟན་འགྲོའི་རྩ་ལག་མཁའ་ལྡིང་གཞོན་ནུའི་དབང་།།
དབུས་འགྱུར་དབྱིངས་ལ་བསྐྱོད་པའི་གཤོག་ཡངས་བརྐྱངས།།
ལྷ་ལྡན་ཆོས་ཀྱི་འདུན་སའི་ཞི་བསིལ་ཡིས།།
ཡིད་དབང་རབ་དགའི་སྤྲོ་བའི་འཁྱུད་ན་ཡང་།།
སྙིགས་མའི་གདོལ་སྤྱོད་དར་བའི་ཕེ་རིང་པའི།།
རྩུབ་སྦྱོར་མདུང་གིས་བདེ་བའི་གོ་དེ་འཕྲོག།
མཆོག་གསུམ་བྱིན་མཐུ་རྡོ་རྗེའི་ར་བ་ལ།།
དམ་པའི་གཉེན་གཤིན་བྱམས་པའི་ཐབས་མཁས་འཛོམས།།
གེ་སར་རྗེས་འགྲོ་དཔའ་བོའི་གད་རྒྱངས་ཀྱིས།།
དགྲ་སྡེ་རང་སའི་གནས་ལ་ཞི་བར་གཤེགས།།
བདེན་བཞིའི་འཇུག་ལྡོག་མ་ནོར་རྣམ་བྱང་ཞི་བའི་མདུན་ས་ཆེར།།
སྡུག་བསྔལ་བདེན་པའི་ཆོས་ཀྱི་སྣང་བས་དྲན་ཤེས་གསོས་བཏབ་སྟེ།།
ཡང་དག་ཆོས་ཀྱི་གནད་ལ་དེ་ལྟར་ཉམས་སུ་ལེན་བྱ་ཞེས།། 
འདི་ཀོ་མཆོག་གསུམ་བདེན་པའི་སྟོབས་ཀྱིས་བསྟན་པའི་མཚན་མར་རྙེད།། 
བློ་བཟང་རྒྱལ་བའི་ཐུགས་བསྐྱེད་རྒྱ་མཚོ་ལས།།
འཁྲུངས་པའི་འཛམ་གླིང་འདི་ན་ཉི་ཟླ་ལྟར།།
བསྔགས་པའི་གདན་ས་གསུམ་གྱི་ཏོག་ལྟ་བུ།།
དཔལ་ལྡན་འབྲས་སྤུངས་ཐེམ་སྐས་ལེགས་པར་ཟིན།།
མཁས་གྲུབ་འབུམ་ཕྲག་འདུན་སའི་གཙུག་ལག་ཆེ།།
བཀྲ་ཤིས་སྒོ་མང་ཀླུ་འབུམ་ཁམས་ཚན་རྩེར།།
དམ་པའི་ལེགས་བཤད་འཐུངས་པའི་དུང་གི་སྒྲ།།
སྲིད་གསུམ་འགེངས་པའི་བཀྲ་ཤིས་དབྱངས་ཀྱིས་འཇོ།།
མདོ་རྒྱུད་རྒྱ་མཚོའི་འཇིངས་ལ་འཇུག་པའི་དཔའ།།
ལྟོ་སྐྱ་གོས་ཧྲུལ་གདུག་སྲིན་ཆེན་པོའི་ཁས།།
ཁམ་དུ་བགྱིད་སྙམ་མཆོག་གསུམ་བདེན་བྱིན་གྱིས།།
ཀུན་ནས་བསྐྱངས་པའི་ངོ་མཚར་བསམས་མི་ཁྱབ།།
ལྷག་པའི་ལྷས་བྱིན་ཤེས་རབ་དབྱར་གྱི་རྔ་གསང་སྒྲ།།
ཁམས་གསུམ་ཀུན་ཏུ་ཁྱབ་པའི་འཇིགས་མེད་ཟིལ་ཤུགས་ལ།།
སྐྱབས་རྗེ་འབུལ་སྡུད་མཆོག་གིས་ཞི་འཇམ་ཀུན་བདེའི་གསོས།།
ཐོག་མཐའ་བར་དུ་བདེ་བའི་བྱིན་རླབས་བདུད་རྩི་གནང་།།
སྔོ་འཛིན་མིག་ཤེས་རིགས་ལམ་རྡོ་རྗེའི་ཟིལ།།
ཀླུ་འབུམ་ཚོམས་དང་སྒོ་མང་ཆོས་ཀྱི་ར།།
དབྱར་གྱི་གསང་ཕུ་འཇང་གི་དགུན་ཆོས་སུ།།
རིགས་སྨྲ་བྱེ་བའི་དབུས་ན་གྲགས་པ་འབར།།
རང་རྒྱུད་རིགས་པའི་ནོར་བུས་ལེགས་གཏམས་ནས།།
མཆེད་གྲོགས་དེ་རུ་འཇུག་པའི་འཁུར་འཁྱེར་པའི།།
སྒོ་མང་ཆོས་གྲྭའི་སྐྱོར་དཔོན་གནང་པའི་ཚེ།།
སྔོན་མེས་དམ་པ་དེ་དག་ཐུགས་རེ་ཚིམ།།
བློ་ཡི་བུམ་པར་གཞུང་དོན་བདུད་རྩིས་ཀུན་ནས་ལེགས་གཏམས་པ།།
དེ་དོན་སྨྲ་ལ་ལུང་རིགས་བྱིན་རླབས་ཟེགས་མ་ཀུན་ཏུ་འགྲེམས།།
རབ་འབྱམས་གཞུང་བརྒྱ་སྨྲ་བའི་གཟི་བརྗིད་ཐིག་ལེ་མདོངས་མཐའི་སྒྲོ།།
གང་གི་གཙུག་ཏུ་མཛེས་པའི་གྲགས་སྙན་མཐའ་དབུས་མེད་པར་ཁྱབ།།
གང་སྐུ་པད་དཀར་ལྗོན་པའི་སྙིང་པོ་ལ།།
སྐབས་གསུམ་ཕྱེ་བའི་ཐོས་པའི་འོད་སྣང་གིས།།
བསུང་ཞིམ་རྒྱལ་བའི་ཡོན་དུ་བསྐྲུན་པ་ནི།།
སྲིད་པའི་དོ་རར་སྒྲ་བརྒྱ་པ་བཞིན་རྒོད།།
མདོ་རྒྱུད་ཆུ་གཏེར་ཡངས་པའི་ཟབ་ཀློང་དུ།།
མཁྱེན་དཔྱོད་ཚངས་དབང་ཐུགས་ཀྱིས་ཉེར་བསྲུབས་ལས།།
འཁྲུངས་པའི་གང་ཐུགས་ཟླ་བ་བརྒྱ་བརྩེགས་ནི།།
ཐུབ་བསྟན་མཁའ་དབྱིངས་མཛེས་པའི་རྒྱན་དུ་འཚེར།།
ཤར་ནུབ་སྙིགས་སྤྱོད་འཐོར་སྤྲིན་ནག་པོའི་དཔུང་།།
རྒྱལ་བའི་ཉི་འོད་འཕྲིན་ལས་ཁ་ལོ་ལ།།
གཙེས་ཤིང་སྡང་པའི་སྤྲིན་རིམ་ལས་གྲོལ་ཏེ།།
རྒྱལ་སྲས་དཔལ་གྱི་འདབ་སྟོང་གང་ལ་ཕོག།
གཞུང་ལུགས་སྦྱངས་པའི་ལུས་སྟོབས་དཔུང་ཤེད་རྒྱས།།
གདམས་ངག་ནོར་བུའི་ཕྲ་ཞིབ་རིགས་ལམ་འཛོམས།།
གཞན་དོན་འཁུར་བསྐྱེད་ཐུགས་བསྐྱེད་གོ་ཆ་བགོས།།
རྒྱས་སྲས་དཔའ་བོའི་ཁྱུ་མཆོག་ཐུབ་བསྟན་རྒྱན།།
དེ་དག་རིགས་པའི་གཡུལ་ངོར་གཤར་བའི་ཚེ།།
ཉོན་མོངས་བརྒྱད་ཁྲི་བཞི་སྟོང་འཇོམས་པའི་མཐུ།།
འཇམ་དཔལ་རྡོ་རྗེ་རྣོན་པོའི་ཡེ་ཤེས་མཚོན།།
དཔལ་མངའ་གང་ལ་འགྲན་མེད་གཟི་བརྗིད་ཐོབ།།
ནོར་གླིང་རྩོད་རྒྱུགས་སྨོན་ལམ་རབ་འབྱམས་གྲྭར།།
བློ་གསལ་བྱེ་བར་རིགས་ལམ་དགའ་སྟོན་སྦྱིན།།
དད་གུས་འབུམ་དུ་བརྩེགས་པའི་གཟིགས་གཟོས་ལ།།
དང་པོ་དང་པོའི་མཚན་སྙན་གཟི་བརྗིད་བསྩལ།།
གྲུ་འཛིན་གཉིས་པའི་གཞལ་ཡས་ཁང་བཟང་དང་།།
རྒྱལ་མཚན་དཀར་པོའི་གདུགས་ཀྱི་མཐོངས་དབྱིངས་ནས།།
རིགས་ལམ་ཉི་མའི་སྣང་བས་འོད་འབྱེད་ཚེ།།
མཁས་གྲུབ་སྐར་ཚོགས་དགྱེས་པའི་གཟི་འོད་བཀྲ།།
འབྲོག་རིའི་སྤོ་ནས་གསང་ཆེན་རྒྱུད་སྡེའི་ཆོས།།
འབུམ་ཕྱག་བསགས་སྦྱངས་སུམ་སྒྲིལ་ཐུགས་དམ་གྱིས།།
བདེ་ཆེན་ཟླ་བ་ཕྱག་རྩེར་ཐོབ་འདོད་པ།།
རྒྱལ་བའི་བཀའ་ལུང་ཉི་མའི་འོད་ཀྱིས་དྲངས།།
ཐུབ་བསྟན་མཁའ་ལམ་བྱི་དོར་རྒྱལ་བའི་ཐུགས།།
སྒྲུབ་པར་བུ་སྟོན་པར་གསར་སྐྱ་རེངས་ཀྱིས།།
སྔོན་མེད་ཕན་བདེའི་ལང་ཚོ་གསར་འཆར་བའི།།
ཅི་དགར་འཇུག་པའི་རྣམ་སད་རྫིང་དེ་བསྐྲུན།།
                         ཞེས་སྲིད་གསུམ་འབར་བའི་སྒྲ་བརྒྱ་འདི་ལྟར་ལྡིར་ཞེས་པ་རྗེ་བཙུན་ཤེས་རབ་རྒྱ་མཚོ་འཇམ་དཔལ་དགྱེས་པའི་བློ་གྲོས་དཔལ་བཟང་པོས་ཀློག་པ་ཐོས་བསམ་གྱི་འཁོར་ལོ་མདོ་རྒྱུད་རྒྱ་མཚོའི་གཞུང་ལ་སློབ་གཉེར་གནང་ཚུལ་གྱི་རྟོགས་པ་བརྗོད་པའི་སྙན་ཚིག་གི་རིག་བྱེད་འདི་ཡང་ཤེར་གྲོལ་འབོད་པས་བྲིས་པ་ཆོས་དབང་གྲགས་པའི་རྗེས་འཇུག་རྡུལ་གྱི་ཕྲན་བུར་གྱུར་ཏེ་གངས་ལྗོངས་རིག་པའི་སྒྱུ་རྩལ་སྔར་བས་དར་བའི་སྨོན་སེམས་དང་བཅས་ཕུལ་བ་དགེའོ།།

རྩོམ་ཁུངས། ༢༠༢༣ལོའི«སྦྲང་ཆར»དེབ་དང་པོ།
འབྲེལ་ཡོད་འོས་སྦྱོར།