ཁྱུང་པོ་ནང་ཆེན་གྲགས་པ་རྒྱལ་མཚན་གྱི་ངོ་སྤྲོད་མདོར་བསྡུས།
རྩོམ་པ་པོ།:དགེ་བཤེས་གཙུག་གཤེན་རྒྱལ་མཚན།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2025-03-18
ཀློག་གྲངས།:
དང་པོ། ཁོང་སྐུ་ནར་སོན་པའི་བརྒྱུད་རིམ་སྐོར།
ཁྱུང་པོ་ནང་ཆེན་གྲགས་པ་རྒྱལ་མཚན་མཆོག་ནི་བོད་རབ་བྱུང་བཞི་པའི་ལྕགས་བྱི(༡༢༤༠)ལོར་བོན་གྱི་གདུང་རྒྱུད་ཀྱི་རྒྱལ་པོ་སྡེ་དྲུག་ལས་དམ་པ་ཁྱུང་གི་གདུང་རྒྱུད་དེ། ཁྱུང་པོ་རྒྱ་ཚ་སྤུན་དྲུག་གི་ནང་གསེས་ཡབ་ཁྱུང་པོ་སྟོན་འབུམ་དང་ཡུམ་ཨ་འཚོ་བཟའ་གཉིས་ཀྱི་སྲས་སུ་དབུས་ཀྱི་བྱིའུ་ལུང་ཞེས་པའི་ས་གནས་སུ་སྐུ་མཆོག་མངོན་པར་བཞད། དབུས་ཀྱི་བྱིའུ་ལུང་ཞེས་པ་འདིར་བཞེད་སྟངས་ཁ་ཤས་ཡོད་མོད། གུས་པས་དེང་གི་ཁྱུང་པོ་སྟེང་ཆེན་རྫོང་ག་ངས་ཤང་གི་ཕྱོགས་སུ་ངོས་འཛིན་བྱས་ཡོད། ཁོང་སྐུ་བཞད་པའི་དུས་དེ་ནི་ཧོར་གོ་དན་རྒྱལ་པོས་དོར་རྟ་དམག་དཔུང་བོད་ལ་བཏང་སྟེ་མདོ་སྟོད་ཕྱོགས་ནས་མི་གསོད་རྒྱུ་འཕྲོག་བྱས་པ་དང་དབུས་ནས་འཕན་པོ་རྒྱལ་ལྷ་ཁང་མེར་བསྲེགས་བཏང་བའི་ལོ་དེར་ཁེལ་ཡོད། འབྲེལ་ཡོད་ཡིག་ཆ་ལྟར་ན་དོར་རྟས་ཁྱུང་སྒར་བརླག་པའི་ནངས་མོ་དེར་ཁོང་སྐུ་འཁྲུངས་ཞེས་འཁོད་ཡོད། སྐབས་དེར་ཁོང་གི་ཁུ་བོ་རུ་གཏོགས་པ་ཁྱུང་པོ་དཔོན་དགེ་དང་དཔོན་དབུས་སོགས་ཧོར་དམག་གིས་བགྲོངས་ཤིང་། གཅེན་པོ་ཁྱུང་ཨ་བླ་ཞུ་བ་དགུང་ལོ་དྲུག་ལ་སོན་པ་ཧོར་ཡུལ་དུ་ཁྱེར་ཡོད་འདུག ཁོང་དང་མ་ཡུམ་གཉིས་ནི་འོ་བརྒྱད་མི་སྡེའི་རོགས་རམ་འོག་ཏུ་འཚོ་གནས་ཐུབ་པ་བྱུང་ཡོད། ཡིག་ཆ་འགའ་རུ་ཁོང་མ་ཡུམ་དང་འགྲོགས་ནས་དེང་གི་ནང་ཆེན་ཞེས་པའི་ཡུལ་དུ་བསྐྱོད་པར་བཤད་པ་ནི་ཕྱིས་ཀྱི་བཤད་སྲོལ་ཞིག་ལས་ཁུངས་ཐུབ་ཀྱི་ཡིག་ཆ་ཁག་ཏུ་གསལ་མེད། ཁོང་གི་མཚན་ཟུར་གྱི་ནང་ཆེན་ཞེས་པ་ནི་གོ་ཐོབ་ཀྱི་མིང་ཡིན་པ་ལས་སྒོམ་སྡེ་ནང་ཆེན་དང་འབྲེལ་བ་མེད། ཁོང་མ་བུ་གཉིས་གསོ་སྐྱོང་གནང་མཁན་གྱི་འོ་བརྒྱད་མི་སྡེ་ནི་དེང་གི་ནག་ཆུ་སྦྲ་ཆེན་རྫོང་རྐྱང་སྨད་ཤང་གི་ཡེ་ཐ་བར་ཐ་གྲོང་དང་མཾ་མཐའ་གྲོང་། རོང་ཆེན། འབུ་ཚབ་སོགས་སུ་གཞིས་ཆགས་འདུག ཁོང་དགུང་ལོ་བཅོ་ལྔ་གཡས་གཡོན་ཐོག་ཏུ་ཡུལ་སྡེ་རྣམས་ཀྱིས་ཁོང་ལ་ཁབ་བཞེས་དགོས་ཞུས་མོད། ཁོང་གིས་དང་ལེན་མ་གནང་སྟེ་བོན་གྱི་གདན་ས་ཆེན་མོ་ཞུ་རི་ཞིང་ལ་ཕེབས་ནས་ཞུ་སྟོན་རྒྱལ་མཚན་དར་འབུམ་སོགས་ལ་གཏུགས་ནས་དྲང་སྲོང་གི་སྡོམ་ཁྲིམས་རྫོགས་པར་ཞུས་འདུག ཁྱུང་རབས་འགའ་ཞིག་ཏུ་ཁོང་གིས་ཞུ་སྟོན་ནམ་མཁའ་རྒྱལ་མཚན་ལ་གཏུག་ཞེས་གསལ་མོད། ཁྱུང་རབས་སྔ་མ་དག་ཏུ་རྒྱལ་མཚན་དར་འབུམ་ཡིན་པ་གསལ་པོར་འཁོད་ཡོད། ཞུ་སྟོན་རྒྱལ་མཚན་དར་འབུམ་ནི་ཞུ་ཇོ་བདེ་ཞེས་པའི་སྲས་གཉིས་ཀྱི་གོང་མ་ཡིན་ལ། བྲུ་སྟོན་འདུལ་བ་རྒྱལ་མཚན་གྱི་དགེ་བསྙེན་སྡོམ་ཁྲིམས་བཞེས་སའང་ཡིན་པ་གསལ་ཡོད། ཁྱུང་པོ་ནང་ཆེན་གྲགས་པ་ཁོང་ལ་སྲུང་བའི་གཤེན་བཞི་ཡོད་པ་གསལ་ཞིང་། དེ་དག་ནི་གོ་ལྡེ་འཕགས་པ། ཀོ་ལམ་བོན་ཞིག བུ་འབོར་སྤྲུལ་སྐུ། མདོ་སྨད་ཞིག་མོ་བཞི་ཡིན་ལ། གོ་ལྡེ་འཕགས་པས་རྒྱ་ཡི་མཆོད་རྟེན་ཀ་རུ་དང་རག་ཁྲོམ། གོ་ཡི་ཕ་བོང་གཡག་རོ་སོགས་ནས་བོན་སྡེ་རྩ་ཆེན་མང་པོ་ཟབ་གཏེར་བཞེས་ཤིང་། ནང་ཆེན་གྲགས་པ་མཆོག་ནི་ཟབ་གཏེར་དེ་དག་གི་བོན་བདག་མཛད་པ་ཡིན་ནོ། །
གཉིས་པ། ཁོང་གིས་དགོན་པ་ཕྱག་བཏབ་པའི་སྐོར།
དམ་པ་ཁོང་གིས་གདན་ས་མང་པོ་ཞིག་བཏབ་ཡོད་པ་ནི«དཀར་ཆབ་ཆེན་མོ»ལས“ནང་ཆེན་གྲགས་པ་རྒྱལ་མཚན་གྱིས་སྐུ་ཚེའི་སྟོད་དུ་སྒར་པ་བཀྱགས་ས་དབུ་ལེ་དར་ཐང་ན་ཤས་ཆེར་མཛད། མཆོག་རྒྱན་རི་བཀྲ་ན་དགོན་པ་ལྷ་ཁང་བཅས་པ་བཞེངས། རྒུན་ས་ཤས་ཆེར་རག་སྟག་རིན་ཆེན་སྟེངས་ན་མཛད། དར་ཡད་ལྷ་ཁང་དགོན་པ་དང་བཅས་པ་རྒྱས་པར་བཏབ། ཁྱུང་པོ་ཨ་བླས། དབྱར་ས་ཤས་ཆེ་ཕུག་བྲག་དཀར་ལ་དགོན་བཅས། རྒུན་ས་ཝ་འཇི་ལ་སོགས་བཞུགས། ཕྱིས་ནས་སྡེ་པ་ཁ་གསུམ་ལ་སོགས་མི་སྡེ་འབྲོག་པ་རྣམས་འབྲི་ཆུ་བུད་ནས། འགྱི་རྐེ་འདོར་གསུམ་གཡུ་གཤིས་ལ་སོགས་འབྲི་སྟོད་རྣམས་བཟུངས། ནང་ཆེན་གྲགས་པ་གཡུ་གཤིས་སུ་ལྷ་ཁང་དང་དགོན་པ་མཛད། དེ་ནས་མི་སྡེ་ལྷོ་རྫ་ཡར་བུད་ནས། ཚ་བ་སྒང་ནས་ཡུལ་བཟུང་། ནང་ཆེན་གྲགས་པ་དང་བྱང་ཤེས་ཁུ་དབོན་གཉིས་ཀྱིས་ཚ་བ་སྒང་གི་གུར་ཁྱིམས་ན་དགོན་པ་བཏབ། དེ་སྤོས་པ་དང་རྒྱ་འབྲོང་ན་དགོན་པ་བཏབ། དེ་ནས་ཡང་འབོག་གདུང་ན་དགོན་པ་བཏབ།”[1]ཅེས་གསལ་བས། ཁོང་མདོ་སྟོད་ནས་ཕྱིར་འབྲི་ཆུ་རྒྱུད་དུ་ཕེབས་ནས་མདོ་གམ་གླིང་ཚང་དང་འདན་ཁོག་སོགས་སུ་དགོན་པ་བཏབ་པ་དང་། དེ་རྗེས་ཚ་བ་སྒང་སོགས་ལ་དགོན་པ་ཁག་འགའ་ཞིག་བཏབ་པ་གསལ་ཡོད། ཡིན་ནའང་དགོན་པ་འདེབས་སའི་ས་གནས་ཞིབ་ཕྲ་དང་དགོན་པ་དེ་དག་གི་ཆགས་འཇིག་ལོ་རྒྱུས་ཞིབ་ཕྲ་གསལ་པོར་འཁོད་མེད། འདི་དག་ནི་འུ་ཅག་གིས་མུ་མཐུད་འཚོལ་ཞིབ་དགོས་པའི་གནས་སུ་ལྷག་ཡོད་པ་བཅས་སོ། །
གསུམ་པ། ཁོང་གིས་རྟ་ལྗང་གི་མི་སྡེའི་ཚེ་སྲོག་བསྐྱབས་པའི་སྐོར།
དེ་ཡང«དཀར་ཆབ་ཆེན་མོ»ལས་སྟོན་ཚུལ་ཞེས་པ“གོང་མ་ཡོན་མཆོད་ཀྱིས་མདོ་གམ་གྱི་དཔོན་ཆེན་དུ་བསྐོས་པས་སྨར་ཁམས་ན་ཁྲིམས་ར་བཙུགས་ཤིང་ངོ་ལོག་རྣམས་བཏུལ། ལྷོ་སྟོད་ཁྲི་སྐོར་གྱི་ནང་ནས་སྟ་ཤོད་སྟོང་སྐོར་དང་མགྱོགས་ཤོད་སྟོང་སྐོར་གཉིས་མ་ཐུལ་ནས་དེའི་སྟེང་དུ་ཧོར་དམག་དྲངས་པས། སྟ་འགྱག་གི་མི་སྡེ་རྣམས་སྐྲག་སྟེ་ཤེལ་ལེ་རྒྱ་སྐར་ཅན་གྱི་བྲག་རྫོང་ལ་ཞེན་པས། ཧོར་གྱིས་དེལ་ལི་ཆེ་ཆུང་གཉིས་ཀྱི་མགོར་དམག་ར་བཟུང་ནས་ཉིན་མཚན་ཀུན་ལ་ཆུ་བཀག་པས། མི་ཕྱུགས་ཚབ་ཆེན་སྐམ་གྲིར་འཆི་བཞིན་ཡོད་པ་ལ། སྟོན་ཚུལ་གྱིས་སྡིག་པ་དེ་ལ་འགྱོད་པ་སྐྱེས་ཀྱང་ཧོར་གྱི་བབས་འཛུལ་གྱི་སྣ་ལེན་པ་ནི་ཁྲིམས་ལུགས་ལ་མི་སྲིད་པས། སྟོན་ཚུལ་གྱིས་སུས་ཀྱང་མ་ཚོར་བ་ལ་མི་བཏང་ནས་ཁྱུང་པོ་གྲགས་པ་ཚ་བ་སྒང་དུ་བཞུགས་པ་ལ། ཁྱེད་མྱུར་དུ་འདིར་གཅིག་བྱོན་དང་དཔག་མེད་ཀྱི་དགེ་ཆེན་ཞིག་ད་ལན་འགྲུབ་པ་ཡོད་བྱས་པས། དེང་སང་གི་ཞྭ་དཀར་འདི་དེ་དུས་ཁྱུང་ཞྭ་སྤྱི་རིངས་སུ་གྲགས་ནས། ཁྱུང་པོ་ཚང་གི་དགེ་བཤེས་རྣམས་ཀྱིས་གྱོན་པ་ཡིན་པས། ཉིན་གཅིག་ཙ་ཞྭ་ངང་གྱི་ལི་ལི་མང་པོ་གཤར་བྱུང་བས། ཧོར་དམག་ན་རེ། བོད་གཞན་དང་མི་འདྲ་བའི་བཅའ་ཁ་ཅན་འདི་སུ་རེད་ཟེར། སྟོན་ཚུལ་ན་རེ། འདི་མདོ་གམ་སྤྱིའི་བླ་མཆོད་བོན་པོ་ཐམས་ཅད་ཀྱི་བདག་པོ་ཁྱུང་པོ་གྲགས་པ་བྱ་བ་ཡིན། རང་རེ་དང་མཇལ་འཕྲད་ལ་འོང་ཟིན་བྱས་པས། རྟེན་འབྲེལ་བཟང་ཟེར་ནས་ཧོར་དམག་ཡང་དགའ་འོ། དེར་ཁྱུང་པོས་ཧོར་གྱི་མི་ཆེན་རྣམས་ལ་རྟ་དྲིལ་གསུམ་ཕུལ་ནས། དེ་སྔ་བོད་ཀྱིས་ཁྲིམས་ཚོར་མ་མྱོང་བས་མ་ཤེས་པ་ཡིན། ད་ཕྱིན་ཆད་ཁྲིམས་ལུགས་བཞིན་འཇུག་པས། ངེད་བོད་ནི་སྡིག་པ་འདི་ཤིན་ཏུ་ཡ་ང་བས། ད་ལན་གོང་མའི་སྐུའི་རིམ་གྲོར་དམིགས་ནས་མི་ཕྱུགས་འཆི་འཕྲོ་འདི་རྣམས་ཚེ་ཐར་བཏང་ཞུ་བྱས་པས།[ཞེས་སོགས]དེར་ཧོར་གྱི་མི་ཆེན་ན་རེ། བླ་མས་ནན་ཆགས་ཤིན་ཏུ་ཆེ་བར་འདུག་ཙ། ད་ལན་ཁྱུང་ཕོ་དོ་ཡོན་ངོ་ཆེ་རུ་ཆུག་གཅིག འདི་གོང་མའི་སྙན་དུ་མ་སོང་བར་གལ་ཆེ། གོང་མས་གསན་ན་རང་རེ་ཡོན་མཆོད་ཐམས་ཅད་ལ་ཉེས་པ་ཕོག་དགོས་ཡོད་ཟེར་ནས་ཀློད་དོ།”[2]ཞེས་འགྲོ་མགོན་འཕགས་པས་བོད་ཀྱི་སྲིད་དབང་བཟུང་ནས་བོད་ཁམས་ཡོངས་ལ་དབང་སྒྱུར་སྐབས། དེང་གི་བོད་ལྗོངས་ཆབ་མདོ་ཁྱུང་པོ་སྟེང་ཆེན་རྫོང་གི་གྱང་སྔོན་ཤང་ཁོངས་ཀྱི་རྟ་ཤོད་ཡུལ་སྡེ་དང་ས་སྒང་ཤང་ཁོངས་ཀྱི་ལྗང་ཤོད་ཡུལ་སྡེ་གཉིས་ཀྱིས་ས་སྐྱའི་དབང་སྒྱུར་དང་ལེན་མ་ཞུས་རྐྱེན། མདོ་ཁམས་དཔོན་གྱིས་ཧོར་དམག་ཡུལ་དེར་དྲངས་པ་དང་། གནས་དེའི་ཡུལ་མི་རྣམས་རྟ་ལྗང་གཉིས་ཀྱི་བར་དུ་གནས་པའི་བོན་གྱི་གནས་མཆོག་ཤེལ་ལེ་རྒྱ་གར་ཞེས་རི་ངོས་སུ་འགོས་ནས་བསྡད་པ་གསལ་ཡོད། ཤེལ་ལེ་རྒྱ་སྐར་རམ་ཁྱུང་པོ་རི་བོ་རྩེ་དྲུག་གི་ངོ་ཐི་ཞེས་པའི་རི་མགོ་དང་རྟ་རྒྱལ་རྫོང་ཆེན་ལ་སྐབས་དེར་བཞེངས་པའི་མཁར་རྫོང་དང་ཁང་པའི་ཤུལ་ད་ལྟ་ཡང་གསལ་པོར་མཐོང་རྒྱུ་ལྷག་ཡོད་ལ། གནས་འདིའི་ཡུལ་མི་རྣམས་ལའང་སྐབས་དེའི་གནས་ཚུལ་སྐོར་གྱི་ངག་རྒྱུན་ཡང་མ་ཉམས་པར་ད་ལྟ་བཤད་རྒྱུ་འདུག རྟ་ལྗང་གི་ཡུལ་སྡེས་ས་སྐྱའི་དབང་སྒྱུར་དང་ལེན་མི་ཞུ་བའི་རྒྱུ་མཚན་སྐོར་བསམ་བློ་བཏང་ན། ཕལ་ཆེར་ཡུལ་ཁམས་འདི་དག་དེའི་སྔོན་དུ་འབྲི་གུང་གིས་དབང་བྱས་འདུག་པས། སྐབས་དེའི་འབྲི་གུང་བཀའ་རྒྱུད་དང་ས་སྐྱའི་བར་གྱི་རྩོད་རྙོག་དང་འབྲེལ་བ་ཡོད་སྙམ་མོ། །
བཞི་པ། ཁོང་གི་གོ་ཐོབ་དང་མངའ་ཐང་གླེང་བ།
དེ་ཡང«དཀར་ཆབ་ཆེན་མོ»ལས“སེ་ཆེན་རྒྱལ་པོའི་རིང་ལ་ནང་ཆེན་གྲགས་པ་རྒྱལ་མཚན་ལ། ཐམ་ཁ་སྟག་མགོ་ཤེད་བསྐྱེད་ཀྱི་འཇའ་ས། གནམ་དོ་ཡོན་གྱི་ལས་ཁ། ས་དོ་ཡོན་གྱི་ལས་ཁ། ཆེན་པོ་དོ་ཡོན་གྱི་ལས་ཁ། མང་པོ་དོ་ཡོན་གྱི་ལས་ཁ་རྣམས་བསྐོས་ཤིང་། ཟོན་བུ་ཟི་བའི་མི་དཔོན་ཐམས་ཅད་ཀྱི་མདོ་ཁམས་སྤྱིའི་བླ་མཆོད་དུ་བཏེགས་ནས། ཞྭ་དཀར་མོ་ཅན་གྱི་ཁྲིམས་སྒོ་ཕྱེས། ཞྭ་ལྕགས་གཉིས་ཀྱི་ལམ་ཕྱེས། རྒྱ་ལ་ངོ་ཆེ། བོད་ལ་དྲིན་ཆེ། བོན་གཤེན་གྱི་སྡེ་བཀོད། སྲུང་བའི་གཤེན་བཞི། བླ་མཆོད་ཁ་བཞི། བསྟན་པ་ཡ་བཞི། ཐུགས་ཀྱི་སྲས་བཞི་ཁྲ་སྐྱ་གོ་གསུམ་ལ་སོགས་བསྟན་འཛིན་དུ་མའི་མངའ་བདག་ཏུ་གྱུར།”[3]ཞེས་དང་། “ཡར་འབྲོག་ར་བ་དམར་མོ་ཕྱིན་ཆད་དང་། ཤར་ཀེ་ཆུ་ལྕགས་སྒོ་སྔོན་མོ་ཡན་ཆད། ཁྱུང་པོ་གྲགས་པ་རྒྱལ་མཚན་གྱི་དབང་དུ་གུག་ལ། དབོན་པོ་བྱང་ཤེས་ཀྱི་གང་ཟེར་ལ་ཉོན། མི་ཉན་པ་བྱུང་ན་ངེད་ལ་གཏུགས་དང་ངེད་ཤེས་པ་ཡིན་ཟེར་བའི་ལུང་བུད།”[4]ཞེས་དང་། “བོན་རྙིང་ཚོ་གསུམ་ཕྱིན་ཆད། སྣང་ཞིག་རྒྱལ་བུ་ཡན་ཆད་རྣམས་བོན་སྲིད་སྦྲིལ་ནས་བོན་པོ་ཞྭ་དཀར་མོ་ཅན་ཐམས་ཅད་ལ་བཀའ་དྲིན་ཁྱུང་པོ་གྲགས་པ་ཆེ་སྟེ། བསྟན་པའི་ཤེད་བསྐྱེད་ནུས་པ་བྱུང་ངོ་།”[5]ཞེས་གསལ་བ་སོགས་ལ་བལྟས་ན། ཁོང་གིས་མདོ་ཁམས་སྟོད་སྨད་ཕལ་ཆེར་གྱི་བོན་སྡེ་ཡོངས་ལ་ཆོས་སྲིད་གཉིས་ཀྱི་མངའ་དབང་བསྒྱུར་ཡོད་པ་ཤེས་ཐུབ་ལ། བྱེ་བྲག་གི་ས་གནས་གང་དག་ཏུ་ལུགས་གཉིས་ཀྱི་འཁོར་ལོ་བསྒྱུར་བ་ཁྱུང་རབས་རྒྱས་འབྲིང་བསྡུས་གསུམ་སོགས་སུ་གསལ་ཡོད་ལ། «ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་རྣམ་ཐར»ལས“རྒྱལ་ཁྱུང་གི་རིགས་བརྒྱུད་ནང་ཆེན་གྲགས་པ་རྒྱལ་མཚན་ཅེས་པ་ཆེན་པོ་གླིང་གི་བླ་མར་བཀུར་བའི་དབོན་བརྒྱུད་རོང་རྒྱབ་ཏུ་ཆགས་པ།”[6]ཞེས་ནང་ཆེན་གྲགས་རྒྱལ་མཚན་གླིང་ཚང་གི་བླ་མར་གྱུར་པའི་སྐོར་འཁོད་ཡོད་པ་སོགས་ཡིག་ཆ་མང་པོར་གསལ་བ་ལགས་སོ། །
ལྔ་པ། ཁོང་གི་ཆོས་ཕྱོགས་ཀྱི་མཛད་པ་ཟུར་ཙམ་གླེང་བ།
གོང་དུ་གླེང་བ་ལྟར་ཁོང་གིས་མདོ་ཁམས་སྟོད་སྨད་ལ་དགོན་པ་མང་པོ་བཏབ་པ་ཕུད། ཆོས་ཕྱོགས་ཀྱི་མཛད་པ་ཁ་ཤས་གླེང་ན། «དཀར་ཆབ་ཆེན་མོ»ལས“དེའི་དབོན་པོ་ནང་ཆེན་གྲགས་པ་རྒྱལ་མཚན་དེ་ཡང་སྐུ་གཟི་བརྗིད་ལྡན་ཅིང་དྲེགས་པ་ཐམས་ཅད་དབང་དུ་འདུས་པ། བློ་ཆེ་ལ་ཁྱོན་ཡངས་པ། བསྟན་པ་དང་སེམས་ཅན་གྱི་དོན་འབད་མེད་ལྷུན་གྲུབ་ཏུ་རྟེན་འབྲེལ་གྱི་ཆེ་བ་ཕུན་སུམ་ཚོགས་པ་དེ། ཞུ་སྟོན་རྒྱལ་མཚན་དར་འབུམ་ལ་སོགས་ལ་ཐུག་ནས་དག་པ་དྲང་སྲོང་མཛད། རི་ཞིང་དུ་ལན་གསུམ་བྱོན། ལས་ཚན་ཁ་བཞི་ཕྱེས། གྲྭ་གཞིས་སྐོར་གསུམ་གྱི་བཅའ་བཀོད་རྣམས་མཛད། ཁྲོ་བོ་དབང་ཆེན་གྱི་ལྷ་ཚོགས་མ་ལུས་དང་། ཞི་ཁྲོ་དུ་མའི་ཞལ་གཟིགས། མཁའ་འགྲོ་དང་བོན་སྐྱོང་འདུན་ཚོགས་གཞན་གྱིས་ཀྱང་མཐོང་སར་སྐུ་ལ་འཁོར། མཐུ་བྱིན་རླབས་མངོན་པར་ཤེས་པ་དཔག་ཏུ་མེད་པ་མངའ།”ཞེས་དང་། “བླ་མ་ཞུ་ཚང་ལ་བསྟན་པའི་ཞབས་ཏོག་རྒྱུ་དངོས་ཀྱི་འབུལ་བ་ནོར་དང་བཅས་པ་ལ། དུས་ད་ལྟ་ཡན་ཆད་དུ་ནང་ཆེན་གྲགས་པ་ལས་ཆེ་བ་མ་བྱུང་ཟེར་རོ།”[7]ཞེས་གསལ་བ་སོགས་ཀྱིས་ཤེས་ཐུབ་པ་ནི་ཁོང་གིས་ཞུ་ཚང་གི་བསྟན་པ་ལ་ཞབས་ཏོག་རྒྱ་ཆེར་ཞུས་པ་དང་། སྒོམ་སྒྲུབ་ཉམས་ལེན་ཟབ་མོ་གནང་ཡོད་པ་ཤེས་ཐུབ། གཞན་ཡང་ཁོང་གིས་ཐུགས་དམ་ཁམས་ཆེན་གསེར་བྲིས་ཆེན་མོ་བཞེངས་ཡོད་པ་ནི«གདུང་རབས་མེ་ཏོག་ཕྲེང་བ»ལས“ཐུགས་དམ་གསེར་ཁམས་བཞེངས་པའི་དབུ་རྫོགས་གཞུང་གསུམ་ལ། བྲུ་ཞུ་གཤེན་གསུམ་མན་ཆད། སྲུང་བའི་གཤེན་བཞི་ལ་སོགས་གྲུབ་ཐོབ་གང་ཟག་བཟང་བའི་ཕྱག་ནས་འཐོར་བས། མི་མ་ཡིན་ཐམས་ཅད་ཀྱིས་ཕྱག་དང་སྐོར་བ་བྱེད་ཅིང་འདི་ཡི་ཡིག་འབྲུ་རེ་རེར་བདེ་བར་གཤེགས་པའི་སྐུ་རེ་རེ་སྣང་བས། གསུང་རབ་འདི་ཉིད་ནི་འཛམ་བུ་གླིང་གི་རྒྱན་དུ་འདུག་གོ །འདི་གར་བཞུགས་པ་ན་བོན་སྐྱོང་རྣམས་ཀྱང་བཀའ་ལ་འཁོར་ཅིང་། བསྟན་འཛིན་གྱི་སྡོང་གྲོགས་བྱའོ། །ཞེས་ཟེར་ནས་མི་མ་ཡིན་གྱི་འཛམ་གླིང་རྒྱན་དུ་བཏགས་པའོ། །མདོ་གམ་ན་ཁམས་ཆེན་གསེར་གྱིས་བྲིས་པ་དེ་ལས་སྔ་བ་མེད། ཞལ་བསྲོས་བརྒྱ་ལ་རྟ་བརྒྱ་ཉིན་གཅིག་ལ་གནང་ངོ་།”[8]ཞེས་གསལ་བ་སོགས་ཀྱིས་ཁོང་གི་སྐུ་གསུང་ཐུགས་ཀྱི་མཛད་པ་རྟོགས་ཐུབ་བོ། །
དྲུག་པ། ཁོང་སྐུ་མི་རྟག་མྱ་ངན་འདས་པའི་སྐོར།
«དཀར་ཆབ་ཆེན་མོ»ལས“དགུང་ལོ་དྲུག་ཅུ་རྩ་གཉིས་བཞེས་ནས་གཡུ་ཕུག་གཤིར་མདའ་ན་འདས། གདུང་འབོག་མདོ་ན་བཞུས་པ་ལ། རྟེན་ཀུན་བཟང་གི་སྐུ་གཅིག་དང་། དབལ་གསས་ལྷ་རྒོད་གཙོ་མཆོག་བླ་ཆེན་གྱི་ལྡེམས་སྐུ་ལ་སོགས་ཤིན་ཏུ་མང་བར་བྱོན། ཁོང་རང་གི་ཕྱག་རྟེན་པ་དོ་ཁང་དགེ་བཤེས་རིང་མོས་གདུང་ཐལ་སྤར་གང་ལོན་པའི་ནང་ནས་ཀྱང་། ཤ་རི་རམ་བཅུ་ཐམ་པ་བྱུང་འདུག་གོ །”[9]ཞེས་གསལ་བས་ཁོང་དགུང་ལོ་དྲུག་ཅུ་རེ་གཉིས་བཞུགས་པ་ཤེས་ཐུབ། དེ་ལྟར་ན་ཁོང་རབ་བྱུང་ལྔ་པའི་ལྕགས་གླང(༡༣༠༡)ལོར་གཤེགས་པ་དཔོག་ཐུབ། ཁོང་སྐུ་གཤེགས་པའི་ས་གནས་གཡུ་ཕུག་གི་གཤེར་མདའ་ཞེས་པ་འདི་ད་སྔོན་གང་དུ་ཡིན་པ་གསལ་པོ་མ་ཤེས་མོད། «དཀར་ཆབ་ཆེན་མོ»ལས“འགྱི་རྐེ་འདོར་གསུམ་གཡུ་གཤིས་ལ་སོགས་འབྲི་སྟོད་རྣམས་བཟུངས། ནང་ཆེན་གྲགས་པས་གཡུ་གཤིས་སུ་ལྷ་ཁང་དང་དགོན་པ་མཛད།”ཅེས་གསལ་བས། འབྲི་ཆུ་རྒྱུད་ཀྱི་སྟོད་ངོས་སུ་ཡོད་པ་ཤེས་ཐུབ་བོ། །
དཔྱད་གཞིའི་ཡིག་ཆ།
[1][2][3][4][5][7][9] ཁྱུང་པོ་བློ་གྲོས་རྒྱལ་མཚན། «རྒྱལ་ཁྱུང་དཀར་པོའི་གདུང་རབས་རྣམ་ཐར་གྱི་དཀར་ཆབ་ཆེན་མོ་བཞུགས་སོ། །» དབུ་མེད་ལག་བྲིས་དཔར་མ། ད་ལྟ་རྩོམ་པ་པོའི་ལག་ཏུ་ཡོད། ཤ༧༤ ཤ༥༦ ཤ༢༠ ཤ༦༥ ཤ༥༨ ཤ༢༠༧ ཤ༢༧
[6] ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་མཛད། «ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་རྣམ་ཐར» སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༨ལོར། ཤ༧༡
[8] ཁྱུང་པོ་བློ་གྲོས་རྒྱལ་མཚན། «བོན་གྱི་གདུང་རབས་ཕྱོགས་བསྒྲིགས།» བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༢༣ལོར། ཤ༢༤༢

འབྲེལ་ཡོད་འོས་སྦྱོར།