logo

རྣལ་འབྱོར་དབང་ཕྱུག་ཆེན་པོ་དཔྱི་ས་སྔགས་མཐུ་ཡབ་སྲས་ཀྱི་བྱུང་བ་རགས་བསྡུས།

རྩོམ་པ་པོ།:གུ་རུ་བཀྲ་ཤིས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-09-17 ཀློག་གྲངས།:
རྣལ་འབྱོར་དབང་ཕྱུག་དཔྱི་ས་སྔགས་མཐུ།
 
       མདོ་སྔགས་ཆོས་ཚུལ་ཟབ་མོའི་ཀློང་ཡངས་སུ། །ཅི་དགར་རྩེན་པའི་རྣམ་དཔྱོད་གཤོག་ཟུང་ཅན། །སྐྱེ་དགུའི་དབུས་ན་ལྷུན་པོའི་གཟི་བྱིན་བཞིན། །མངོན་པར་མཐོ་བའི་དཔལ་ལ་སུ་མི་མཚར། །ཁྱད་པར་དམ་པའི་གདམས་ངག་མཐིལ་བྱུང་ཞིང་། །ཤིན་སྦྱངས་བདེ་ཆེན་རྩལ་ལ་དབང་འབྱོར་བ། །ཆོས་སྐྱོང་མ་ཧ་ཀ་ལིས་བུ་བཞིན་དུ། །སྐྱོང་བའི་རིག་སྔགས་འཆང་བ་དེ་ལ་འདུད། །ཅེས་མཆོད་པའི་ཚིག་གིས་མདུན་བསུས་ནས་དཔྱི་སའི་བན་སྔགས་སམ་བླ་སྔགས་ཞེས་པའི་ཆོས་སྡེ་འདིའི་རིག་གཞུང་གི་ས་བོན་བསྐྲུན་མཁན་ནི། གྲུབ་པའི་རིག་འཛིན་ཆེན་པོ་དཔྱི་སའི་སྔགས་མཐུ་མཆོག་ཡིན་པར་བཤད་ལ། ཡང་འགའ་རེས་རེབ་གོང་གྲུབ་ཐོབ་བརྒྱད་ཀྱི་ཡ་གྱལ་འཕགས་ལི་ཁྲོད་ཡིན་པར་བཤད་པའང་ཡོད་མོད། ཁོ་བོའི་ལག་སོན་བྱུང་བའི་ཡིག་ཆའི་ནང་ལྟར་སྔགས་ཏིའམ་སྔགས་མཐུ་མཆོག་ཐོག་མར་གླེང་ན། ཨ་མགྲིན་མཁས་བཙུན་རྒྱ་མཚོས། མཐའ་སྨུག་རྫོང་གི་བྲག་ར་ན། །ཨ་མཐུའི་སྲས་པོ་གཡུ་རྔོག་གྲུབ། །ཅེས་གསུངས་པའི་གྲུབ་ཆེན་གང་གི་སྐུ་ཚེ་སྨད་ཀྱི་ནང་ཐུགས་སྲས་དམ་པ་ཞུ་བཟའ་དང་ཡང་ན་དཔྱི་སའི་སྔགས་ཏིའམ་སྔགས་མཐུ་ནི་ཡབ་བསྟན་འཛིན་འཇིགས་མེད་དང་ཡུམ་ཧོར་མིག་དམར་བཟའ་རྟ་མགྲིན་སྒྲོལ་མ་གཉིས་ཀྱི་སྲས་སུ་བོད་རབ་བྱུང་གསུམ་པའི་བགྲང་བྱ་བཅུ་བཞི་བ་ལྕགས་འབྲུག་ལ་འཁྲུངས་ཤིང་། ཆུང་དུས་མིང་ལ་ལུང་རྟོགས་རྣམ་རྒྱལ་དུ་བཏགས།(མཐུ་སྟོབས་རྡོ་རྗེ་དང་ནོར་འཛིན་ཕྱུག་མོ་གཉིས་ཀྱི་སྲས་སུ་རབ་བྱུང་གཉིས་པའི་ནང་འཁྲུངས་པར་ཡང་བཤད)
       
དགུང་ལོ་བདུན་བརྒྱད་ཙམ་ནས་ཡབ་ཀྱི་མདུན་དུ་ཡི་གེ་འབྲི་ཀློག་ལ་སྦྱང་བ་དང་། དགུང་ལོ་བཅུ་བ་ཙམ་ནས་བཟུང་མདའ་གྲི་མདུང་གསུམ་སོགས་ཕོ་རྩལ་སྣ་དགུ་ལ་བསླབས། དགུང་ལོ་ཉི་ཤུ་ཙམ་ལ་སླེབས་ཚེ་མདའ་གྲི་མདུང་གསུམ་སོགས་ཕོ་རྩལ་ཀུན་ལ་བྱང་ཆུབ་པར་གྱུར་ཏེ་ཀུན་གྱིས་སྨོན་པའི་གནས་སུ་གྱུར། དགུང་ལོ་ཉེར་བཞི་བ་བོད་རབ་བྱུང་གསུམ་པའི་བགྲང་བྱ་སོ་བདུན་པ་ཆུ་ཡོས་ལོར་མདོ་བ་བཟའ་རིན་ཆེན་སྒྲོལ་མ་ཆུང་མར་བླངས་པ་ལ། སྲས་མིང་སྲིང་བཞི་བྱུང་བའི་ཆེ་བ་ཚེ་དར་སྐྱིད། གཉིས་པ་གཡང་མོ་རྒྱལ། གསུམ་པ་འཕགས་པ་ལི་ཁྲོད། བཞི་བ་བསོད་ནམས་རྒྱ་མཚོ་བཅས་བྱུང་། དགུང་ལོ་སུམ་ཅུ་རྩ་སྨད་དུ་རྩེ་གཞུང་ཕྱོགས་སུ་ལས་དོན་ཞིག་སྒྲུབ་པར་ཕེབས་སྐབས། མགོ་ལོག་ཕྱོགས་ཀྱི་ཇག་པ་ལྔ་བཅུ་ལྷག་ལ་གདོང་ཐུག་བརྒྱབ་པས། ཇག་པ་ཚོས་ཁོང་གི་ཁལ་མ་དང་ཞོན་རྟ་རྣམས་འཕྲོག་རྩིས་བྱས་ཚེ། ཞུ་བཟའི་ལུང་རྟོགས་རྣམ་རྒྱལ་གྱིས་མདའ་གཞུ་སྟེང་དུ་སྤྲད་ནས་ཇག་པ་ཚོར་བཤད་རྒྱུར། ཁྱོད་ཚོར་སྲོག་མི་དགོས་ན་ཚུར་ཤོག་ཟེར་ཞོར་ཁོ་ཚོའི་མགོ་སྟེང་དུ་བྱ་གཉིས་འཕུར་བ་ལ་མདའ་གཉིས་མྱུར་སྟོབས་ཀྱིས་འཕངས་ནས་ཐང་ལ་གཡུགས་པས། ཇག་པ་རྣམས་ཕྱིར་བལྟས་མེད་པར་བྲོས། དེ་ནས་བཟུང་ཞུ་བཟའི་ལུང་རྟོགས་རྣམ་རྒྱལ་ཞེས་སྙན་གྲགས་རྒྱས་འགོ་ཚུགས་ལ། མཚམས་འདི་ནས་བཟུང་ཞུ་བཟའི་མིང་ཟུར་ཆགས་ནས་ཞུ་ས་ཞེས་མིང་གི་འབོད་ཚུལ་བྱུང་བ་རྗེས་སུ་དཔྱི་ས་རུ་གྱུར་པར་ཡང་གླེང་། དགུང་ལོ་བཞི་བཅུ་རྩ་སྟོད་ཙམ་ལ་ཁོ་རང་གྲོགས་པོ་འགའ་དང་ལྷན་དུ་ཁོ་ཚེ་ཕྱོགས་སུ་ཚོང་ལ་སོང་བས། ལམ་བར་དུ་ཇག་མི་སྐོར་ཞིག་དང་འཕྲད་པས་ལག་འཛིང་ཤོར་ཏེ་ལུང་རྟོགས་རྣམ་རྒྱལ་གྱིས་གྲི་གཡུགས་ཐེངས་རེ་ལ་ཇག་མི་རེའི་མགོ་རེ་ས་རུ་གཡུགས་པས་ཇག་པ་འཕྲོ་ལུས་ཚོས་ཞོན་རྟ་དང་བཅས་པ་བསྐྱུར་ནས་བྲོས་ཤིང་ཇག་པའི་རྒྱུ་ནོར་ཚང་མ་ནོམ་ལ་བླངས་པས། ཉེ་རིང་ཀུན་ཏུ་ཞུ་བཟའི་ལུང་རྟོགས་རྣམ་རྒྱལ་ཞེས་དཔའ་སྙིང་སྟོབས་ཀྱི་སྙན་གྲགས་ཡོངས་ལ་གྲགས་མོད། ཁོ་རང་ཆུང་དུས་ནས་བཟུང་བོད་ཀྱི་རིག་གནས་ལ་དགའ་མོས་ཡོད་པས་ཆོས་ཀྱི་བག་ཆགས་ཟབ་སྟབས། མི་མང་བོ་ཞིག་གི་གཅེས་སྲོག་བཅད་པ་ལ་འགྱོད་གདུང་དྲག་པོ་སྐྱེས། དེ་ནས་མཚམས་ཤིག་ཁོ་རང་འཁོར་དང་བཅས་པ་དར་ལྗང་རི་རྩེ་ལ་རི་བསང་གཏོང་དུ་སོང་ནས་བསང་མཆོད་ཡིད་ཚིམ་པ་ཞིག་བྱས་རྗེས་གཉིད་དུ་ཡུར་བ་ན། རྨི་ལམ་དུ་འབྲོག་མི་སྟོབས་ལྡན་ཕྱི་གོས་ལྗང་གུ་གྱོན་པ་ཞལ་ཁྲོ་བོའི་ཉམས་དང་ལྡན་པ་ཞིག་གིས་དཀར་པོ་དུང་ལས་གྲུབ་པའི་བུམ་པ་ཆུང་བ་ཞིག་དང་། སྔོན་པོ་གཡུ་ལས་གྲུབ་པའི་བུམ་པ་ལྟོ་བ་ཤིན་ཏུ་ཆེ་ཞིང་མགྲིན་པ་རིང་བ་ནང་དུ་བདུད་རྩིའི་བཀང་ཡོད་པ་བཅས་བུམ་པ་གཉིས་གནང་ནས། བུམ་པ་དཀར་པོ་ཆུང་བ་འདི། ཨ་ཡངས་ཕྱུག་མོའི་ལུང་མདོ་ན་རི་དཔའ་རྒོད་ལྷོ་རུ་འགྱིངས་པ་ལྟ་བུ་ཁ་ནུབ་ཏུ་ལྟ་བ་ཞིག་ཡོད་པའི་མདུན་ཐང་དུ་སྦོས་ཤིག བུམ་པ་ཆེ་བ་སྔོན་པོའི་ནང་དུ་བདུད་རྩིས་བཀང་བ་འདི་གནས་སྐབས་སུ་བདག་ཉར་མཛོད་དང་། རྗེས་སུ་འདི་ནས་ཤར་ལྷོའི་མཚམས་སུ་ཁྱེར་ན་རྟེན་འབྲེལ་འགྲིགས། ཞེས་གསུངས་རྗེས་མདུང་རིང་སྣེ་མོ་ན་མེ་སྟག་འཕྲོ་བ་ཞིག་ཞུ་བཟའི་ལུང་རྟོགས་རྣམ་རྒྱལ་གྱི་སྙིང་གར་བཙུགས་པ་ན། ཁོ་རང་གཉིད་ལས་སད་པ་རེད། རྗེས་སུ་ཁོང་གིས་རྨི་ལམ་དེ་ཟླ་ཚང་ལྷ་མ་ཟེར་བའི་མངོན་ཤེས་ལ་ཐོགས་པ་མེད་པ་ཞིག་ཡོད་པ་དེར་ཞུས་པ་ན། ལྷ་མ་དེས་གསུང་རྒྱུར། དུང་དཀར་པོས་བརྒྱན་པའི་བུམ་པ་དེ། །ཁང་སྐྱ་ལེབ་ཅན་གྱི་རོང་མི་ཚོ། །གནས་ཨ་ཡངས་སྟག་མོའི་རྫོང་མདོ་ནས། །བུ་ཁྱོད་ཀྱི་གདུང་རྒྱུད་འཛིན་པའི་རྟགས། །མིའི་གདུང་རྒྱུད་ཆུ་ལས་རིང་བའི་བརྡ། །མདོག་འབྲུག་རིས་ཅན་གྱི་བུམ་པ་ནི། །དེ་ཤར་ལྷོའི་མཚམས་སུ་འཁྱེར་རྒྱུ་དེ། །སྦྲ་མཐིང་སྨུག་ཅན་གྱི་འབྲོག་པའི་སྡེ། །གནས་དེ་རུ་དར་རྒྱས་འབྱུང་བའི་བརྡ། །ནང་བདུད་རྩི་སྨན་གྱིས་བཀང་བ་དེ། །རྗེ་དབང་ཐང་ཅན་གྱི་མཁས་པ་ཡིས། །མི་སྡིག་ཅན་ཐར་བར་འདྲེན་པའི་བརྡ། །ཞེས་གསུངས་ནས་ལུང་བསྟན་ཏོ། །
       དེ་ནས་ལུང་རྟོགས་རྣམ་རྒྱལ་ཁོང་གིས་སྲོག་བཅད་ཀྱི་སྡིག་སྒྲིབ་སྦྱངས་ཕྱིར་མཚམས་བསྙེན་སྒྲུབ་ལ་བརྩོན་པའི་སྐབས་ཤིག ཁོང་གི་རྨི་ལམ་ཞིག་ཏུ། བཙུན་ཆུང་ཆོས་གོས་ཁུར་བ་ཞིག་དང་སྔགས་འཆང་བ་ལུས་ལ་གཞོན་མདངས་རྒྱས་པ་གཉིས་བྱོན་ནས་ངེད་གཉིས་ཁྱེད་གདན་འདྲེན་དུ་ཁྱེད་ཀྱི་བླ་མས་མངགས་པ་ཡིན་པས་ཕེབས་པར་ཞུ། ཞེས་པས། ཁོ་རང་གློ་བུར་ཏུ་དགའ་སྤྲོ་དང་བཅས་ཁྱོད་གཉིས་གང་ནས་ཡོང་བ་ཡིན། བདག་གི་བླ་མ་དེ་སུ་རེད། ད་ལྟ་གང་དུ་བཞུགས་པ་རེད། ཅེས་བཀའ་འདྲི་གནང་སྐབས། སྔགས་འཆང་དེས་ལན་དུ། ངེད་གཉིས་ཡོང་བ་བླ་མའི་མདུན་ནས་ཡོང་བ་ཡིན། བླ་མ་ཨ་ཡི་མཚན་ཅན་དེས་དམར་པོ་བྲག་རའི་གནས་ན་ཁྱེད་ལ་སྒུག་གིན་ཡོད་པས། ཁྱེད་ཉིད་བླ་མ་མཇལ་བར་ཕེབས་པར་ཞུ། ཞེས་ཞུས་རྗེས་མེ་ལོང་ལ་ཧ་བཏབ་པ་བཞིན་མི་སྣང་བར་གྱུར་བ་རྨིས། སང་ནངས་མོ་ནས་བླ་མ་དེ་ནམ་མཇལ་གྱི་རེ་བ་ཆེ་ཡང་། བླ་མ་བཞུགས་སའི་གནས་དེ་གསལ་བོ་མི་ཤེས་པས་སྔར་ལྟར་བསྙེན་སྒྲུབ་ལ་འབད་པ་དང་རྨི་ལམ་ལ་བསམ་བློ་གཏོང་བཞིན་བཞུགས། ཁོང་གི་སྣང་བ་ལ་བླ་མ་བགྲེས་པོ་ཞིག་ཏུ་མཇལ་བའི་སྣང་བ་རྒྱུན་དུ་ཤར། ཡང་ཐེངས་ཤིག་གི་མཚན་ལམ་དུ་སྔོན་གྱི་བཙུན་ཆུང་ཆོས་གོས་སེར་པོ་ཅན་དེ་དང་སྔགས་འཆང་བ་ལུས་ལ་གཞོན་མདངས་ཆགས་པ་དེ་གཉིས་ཡོང་ནས་གསུང་དོན། སྔགས་འཆང་བ་ཁྱེད་མཇལ་འདོད་པའི་རྟེན་གཙོ་བོ་སངས་རྒྱས་འོད་དཔག་མེད་ཀྱི་རིང་བསྲེལ་ཆེན་པོ་དེ་ནི་སྟོད་ཕྱོགས་ཀྱི་ནགས་ཚལ་སྟུག་པོ་དགུང་ལ་རེག་པ་ལྟ་བུ་དེའི་དཀྱིལ་དུ་གནས་བྱིན་ཅན་དམར་པོའི་མིང་ཅན་དུ་བཞུགས་ཡོད་པས། ཁྱེད་ཉིད་སང་ནངས་མོར་མྱུར་ཏུ་ཕེབས་དང་། ཁྱེད་ཉིད་ལ་ལམ་སྣ་ཁྲིད་མཁན་ཞིག་ཀྱང་ཡོད། ཞེས་གསུང་ནས་མི་སྣང་བར་གྱུར་བ་རྨིས་པས། ཕྱི་ཉིན་སྔ་མོར་ཁྱིམ་མི་རྣམས་ལ་རྨི་ལམ་བྱུང་ཚུལ་གྱི་ལོ་རྒྱུས་ཞིབ་ཏུ་གསུང་བཞིན་སེམས་སུ་དགའ་སྤྲོ་ཞིག་རྒྱས་ནས་བསམ་བློ་ཞིག་བཏང་བ་ན། གོང་དུ་ལྷ་མས་ལུང་བསྟན་དུ། རྗེ་དབང་ཐང་ཅན་གྱི་མཁས་པ་ཡིས། །མི་སྡིག་ཅན་ཐར་བར་འདྲེན་པའི་བརྡ། །གསུངས་པ་ལྟར་ད་ལྟ་ངས་བླ་མ་བཟང་པོ་དེ་བསྟེན་ན་སྲོག་བཅད་ཀྱི་སྡིག་པ་དེ་བཤགས་ཐབས་ཤིག་རྙེད་ངེས་སྙམ་ནས་གསོལ་བ་དྲག་ཏུ་བཏབ་ནས་བསྡད་པ་ན། ཡུན་རིང་མ་འགོར་བར། སྔགས་འཆང་བ་དགུང་ལོ་བགྲེས་པ་ཞིག་ཟ་མ་སློང་བར་སླེབས་བྱུང་། ཁོང་གིས་སྔགས་འཆང་དེ་ལ་འདྲི་དོན། སྔགས་འཆང་བ་རྒན་པོ་ལགས། ཟ་མ་ཁྱེད་ཉིད་ལ་དྲངས་ཆོག ཁྱེད་ཉིད་ཡུལ་བ་གང་གི་མི་ཡིན། ད་ནངས་གང་ནས་ཡོང་བ་ཡིན། ལས་དོན་གང་འདྲ་ཞིག་གི་དོན་ལ་ཕེབས་པ་ཡིན། ཞེས་བཀའ་འདྲི་གནང་དུས། སྔགས་འཆང་བ་རྒན་པོ་དེས་གསུང་དོན། བདག་ནི་རྒྱལ་བུ་རླངས་པ་དཀར་པོའི་གདུང་རྒྱུད་ཀྱི་སྡེ་ཆུ་སྐྱེས་མཁའ་འགྲོ་འདུ་བའི་ཚོགས་ར་ཆུ་སྐྱེས་ཐང་སྡེ་བ་ནས་ཡིན། མིང་ལ་གསང་ཆེན་ཕུན་ཚོགས་དར་རྒྱས་ཟེར། བདག་ལ་ལས་དོན་གཞན་སྒྲུབ་རྒྱུ་མེད་ཅིང་། སྒྲུབ་རྒྱུ་ཡོད་ཀྱང་ན་སོ་རྒས་པས་སྒྲུབ་མི་ནུས། བདག་གི་འགྲོ་དོན་ནི་བླ་མ་གྲུབ་ཐོབ་པ་ཆེན་པོ་ས་གསུམ་ན་འགྲན་ཟླ་དང་བྲལ་བའི་དྲང་སྲོང་ཆེན་མོ་ཡོངས་གྲགས་སུ་མཚན་ལ་ཨ་མཐུའི་སྲས་པོ་གཡུ་རྔོག་ཅེས་པའི་བླ་མ་རིན་པོ་ཆེ་མཐའ་སྨུག་རྫོང་དམར་བྲག་ར་ཞེས་གྲགས་པའི་སྒྲུབ་གནས་སུ་བཞུགས་པས་བདག་ཁོང་ལ་མཇལ་དུ་འགྲོ་བ་ཡིན། ཞེས་ཞུས་པས། ཁོང་གིས་བླ་མའི་མཚན་ཐོས་པ་ཙམ་གྱིས་དད་པ་ལྡོག་མེད་ཅིག་གཏིང་ནས་སྐྱེས་པ་དང་། མདང་གི་རྨི་ལམ་ཁྲོད་དུ་ལམ་སྟོན་མཁན་ཞིག་འོང་གསུང་བ་འདི་ཡིན་ངེས་སྙམ་ཞིང་། འོ་ན་ང་ཡང་འཁྲིད་རོགས་ཞེས་བཤད་རྗེས། ཁོང་གི་ཁྱིམ་མི་ཀུན་ལ་གསུང་དོན། བདག་གི་རྨི་ལམ་གྱི་ལུང་བསྟན་དུས་ལ་བབ་པས་ང་རང་གནས་སྐབས་སུ་ཁྱེད་རང་ཚོ་དང་ཁ་བྲལ་ནས་འགྲོ་དགོས་གསུང་ནས་སྔགས་འཆང་རྒན་པོ་དེ་དང་འགྲོགས་ནས་བླ་མར་མཇལ་བར་ཆས་སོ། །
       དེ་ནས་ཁོང་གཉིས་རྫོང་དམར་གྲུབ་གནས་སུ་ཐོན་པ་ན། ཨ་མཐུའི་སྲས་པོ་གཡུ་རྔོག་ཞེས་པའི་གྲུབ་ཆེན་དེ་ཉིད་དཔལ་གྱི་རྫོང་དམར་གྲུབ་གནས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་བོའི་རྟོགས་པ་བརྗོད་པ་ཞེས་བྱ་བ་བམ་པོ་གསུམ་པ་ལ་དཔེ་གཟིགས་གནང་བཞིན་བཞུགས་པའི་སྐབས་སུ་ཁེལ་ཞིང་། ཁོང་གིས་བླ་མ་རིན་པོ་ཆེ་མཚན་བརྗོད་པར་དཀའ་བའི་གྲུབ་ཆེན་ཨ་མཐུའི་སྲས་པོ་གཡུ་རྔོག་རིན་པོ་ཆེ་ཉིད་ཀྱི་ཞབས་སྤྱི་བོར་བླངས་ནས། བླ་མ་རིན་པོ་ཆེ་ཁྱེད་ཉིད་དང་མཇལ་བ་སྐལ་བ་བཟང་ཞེས་ཞུས་ཏེ་མིག་ནས་མཆི་མ་རང་དབང་མེད་པར་མུ་ཏིག་གི་ཕྲེང་བ་ལྟར་བབས་པས། བླ་མ་རིན་པོ་ཆེ་ཉིད་ཀྱི་ཞལ་ལས། སློབ་མ་བཟང་བོ། དགེའོ། དགེའོ། ཁྱེད་བདེ་ལགས་སམ། བདག་གིས་སློབ་མ་ཁྱེད་ལ་སྒུག་ནས་ཡུན་རིང་འགོར་སོང་། དགེའོ་དགེའོ་ཤིན་ཏུ་དགེའོ་ཞེས་གསུང་སྟེ་བླ་མས་ཐུགས་དགྱེས་པའི་ཚུལ་མང་པོ་མཛད་ཅིང་། དེ་ནས་ཁོ་ལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྒྲུབ་ཐབས་བརྒྱ་རྩ་བརྒྱད་དང་། ཐུགས་རྗེ་ཆེན་པོ་ཡེ་ཤེས་སེམས་དཔའི་སྒྲུབ་ཐབས། སྤྱན་རས་གཟིགགས་འཁོར་ལོ་གསུམ་པ་སྒོམ་པའི་མན་ངག་གི་གསང་བའི་སྒྲུབ་ཐབས། ཐུགས་རྗེ་ཆེན་པོ་ལྷ་ལྔའི་སྒྲུབ་ཐབས། སྤྱན་རས་གཟིགས་བཅུ་གཅིག་ཞལ་གྱི་སྒྲུབ་ཐབས་རྣམས་གསུངས་ཏེ། ཉིན་ཉེར་གཅིག་གི་རིང་ཐུན་དྲུག་རྣལ་འབྱོར་ལ་བརྟེན་ནས་སྒྲུབས་ཤིག་གསུངས་པས། ཁོང་གིས་བྲག་སྐྱིབས་ཤིག་ཏུ་རྡོ་ཁང་མི་གཅིག་ཤོང་བ་ཙམ་ཞིག་བརྩིགས་ནས་ཉིན་མཚན་མེད་པར་སྒྲུབ་པ་ལ་གཞོལ། ཉིན་བཅུ་བཞི་སོང་བའི་མཚན་མོར་རྨི་ལམ་དུ་མི་ཁྲོ་བོའི་གཟུགས་ཅན་མང་བོ་ཡོང་ནས་ཁོང་གི་སྟེང་དུ་མཚོན་ཆ་སྣ་ཚོགས་ཀྱིས་བརྒྱབ་ནས་ཤ་ཁྲག་རྣམས་སོ་སོར་ཁྱེར་བ་རྨིས། ཡང་ཉིན་བཅོ་བརྒྱད་པའི་མཚན་མོར་བུ་མོ་ཤིན་ཏུ་མཛེས་པ་བཅུ་དྲུག་གིས་ཁོང་ལ་ཁྲུས་བྱེད་པ་རྨིས། ཉིན་ཉེར་གཅིག་པའི་ཐོ་རེངས་ཀྱི་དུས་སུ་མཚན་ལམ་དུ་ཁོ་རང་རྫོང་དམར་གྱི་རྒྱབ་རིའི་རྩེ་ལ་བྱོན་ནས་ཕྱོགས་སོ་སོར་ལྟད་མོར་བལྟས་པ་ན། རི་དེའི་ནུབ་ཕྱོགས་སུ་རི་ཆུང་གསུམ་ཡོད་པ་དང་། དབུས་རི་མེ་ཏོག་དམར་པོས་ཁེངས་ཤིང་། གཡས་རི་མེ་ཏོག་སེར་པོས་ཁེབས་པ། གཡོན་རི་མེ་ཏོག་སྔོན་པོས་བརྒྱན་ཡོད། སྐབས་དེར་ཁོང་གི་འགྲམ་དུ་སྔོན་མཚན་ལམ་དུ་བླ་མས་མངགས་པ་ཡིན་ཟེར་བའི་བན་སྔགས་དེ་གཉིས་ཡོད་ལ། ཁོ་རང་དབུས་རིར་སོང་ནས་མེ་ཏོག་དམར་པོ་མང་ཙམ་བཏུས་པ་དང་། བན་ཆུང་དེ་གཡས་རིར་སོང་ནས་མེ་ཏོག་སེར་པོ་བཏུས། སྔགས་པ་དེ་གཡོན་རིར་སོང་ནས་མེ་ཏོག་སྔོན་པོ་བཏུས་པ་རྨིས། ཕྱི་ཉིན་བསྙེན་མཚམས་ལས་བཞེངས་ནས་བླ་མའི་མདུན་དུ་སོང་སྟེ་རྨི་ལམ་རིམ་པ་གསུམ་རྨིས་པའི་གནས་ཚུལ་རྣམས་ཞིབ་པར་ཞུས་པས། བླ་མ་ཤིན་ཏུ་དགྱེས་ནས་གསུངས་དོན། ཨོ་ལེགས་སོ། རྨི་ལམ་མི་ངན་རྨི་ལམ་བཟང་། རྒྱབ་རིའི་རྩེ་ལ་འགོས་པ་དེ། །སངས་རྒྱས་ཀྱི་ས་ལམ་སྙེག་པའི་བརྡ། །ནུབ་ཏུ་རི་གསུམ་འགྱིང་བ་དེའི། །རི་དཀྱིལ་མ་གསང་བདག་དཔལ་གྱི་རི། །གཡས་སུ་རི་ཞིག་འགྱིང་བ་དེ། །བཤད་གྲྭ་ངུར་སྨུག་དར་བའི་བརྡ། །གཡོན་དུ་རི་ཞིག་འགྱིང་བ་དེ། །གོས་དཀར་ལྕང་ལོ་ཅན་གྱི་གནས། །ཁྱེད་རང་བླ་སྔགས་རྣམ་གསུམ་དེ། །རིགས་གསུམ་མགོན་པོས་རྗེས་བཟུང་པས། །ལས་སྣང་དག་པའི་ལྷ་མི་གསུམ། །རྫོགས་པའི་ས་ལམ་བགྲོད་པར་ངེས། །ཞེས་གསུངས་ནས་བླ་སློབ་རྣམ་གཉིས་གཙོ་བྱས་པའི་རི་ཁྲོད་འགའ་ཡོད་པ་འཚོགས་ནས་བཙུན་པ་གསུམ་ཡོད་པ་གཡས་གྲལ་དང་། སྔགས་འཆང་བཞི་ཡོད་པ་གཡོན་གྲལ་བྱས། ཁོང་བླ་སློབ་གཉིས་དབུས་སུ་བཞུགས་ནས་ཉིན་བདུན་གྱི་རིང་ཚོགས་འཁོར་གྱི་ཆོ་ག་རྒྱ་ཆེན་པོ་ཞིག་བསྐོར། དེ་ནས་བླ་མ་རིན་པོ་ཆེས་འཁོར་སློབ་རྣམས་ལ་དབང་ལུང་ཁྲིད་གསུམ་གྱི་ཆོས་འཁོར་རྒྱ་ཆེན་པོ་བསྐོར་རྗེས་རང་རང་གི་གནས་སུ་བཏང་ནས་སྒྲུབ་པ་མཛད་དུ་བཅུག ཞུ་བཟའ་བ་ཁོང་སྔར་བཞིན་བླ་མའི་མདུན་དུ་གཡེངས་པ་མེད་པར་སྒྲུབ་པ་ལ་བརྩོན་བཞིན་བསྡད་པའི་སྐབས་ཞིག་ལ། བླ་མའི་ཞལ་ནས་ཞུ་བཟའ་བ་ཁྱོད་ཀྱིས་མཎྜལ་ཞིག་ཕུལ་དང་། བདག་གིས་ཁྱོད་ལ་ཟབ་ཆོས་ཀྱི་མན་ངག་རྣམས་གནང་བ་ཡིན་གསུངས་ནས། གསང་སྔགས་བླ་མེད་ཀྱི་ཆོས་ཚན་མང་བོའི་སྒྲུབ་ཐབས་མན་ངག་ཞལ་ཤེས་དང་བཅས་ཏེ་བུམ་པ་གང་བྱོའི་ཚུལ་དུ་གནངས། ཁྱད་པར་ཏུ་དཔལ་རྡོ་རྗེ་ཕུར་བའི་དབང་ལུང་མན་ངག་མཁའ་འགྲོའི་ཞལ་རླངས་ཐུལ་བ་རྣམས་སྙན་བརྒྱུད་མན་ངག་གིས་བརྒྱན་ནས་གནང་བ་དང་། དཔལ་ལྡན་ལྷ་མོ་རེ་མ་ཏིའི་ཆོས་སྐོར་གྲུབ་ཐོབ་གང་གི་ནོག་ཆོས་སུ་ཡོད་པ་རྣམས་གནང་བ་ལ་བརྟེན་ནས་སྒྲུབ་པ་གནད་སྨིན་བྱས་ཤིང་། ཐེངས་ཤིག་དཔོན་སློབ་གཉིས་བསྙེན་མཚམས་ལ་བཞུགས་སྐབས་ཤིག་ལ་ཆར་སྤྲིན་དྲག་ཏུ་འཁྲིགས་ཤིང་གློག་ཞགས་ཀྱིས་གནམ་ས་འགང་བར་བྱས། མཚམས་ཤིག་དེང་སང་ཐོང་རྩེའམ་མཐོང་རྩེ་རུ་འབོད་པའི་རིའི་རྩེ་མོར་དཔལ་ལྡན་ལྷ་མོ་རེ་མ་ཏིའི་ཞལ་གཟིགས་དངོས་སུ་གནང་ཞིང་། སྒྲུབ་ཁང་གི་ཁོར་ཡུག་ཀུན་ཏུ་ཆར་ཞོད་དྲག་པོས་རྡུང་སྟེ་སྤང་ཤ་རྣམས་ཉུལ་ནས་ས་རྡོ་དམར་སེང་ངེ་གྱུར་པས་སྒྲུབ་ཁང་གི་ཁོར་ཡུག་ཀུན་ཏུ་སྤང་རྩྭ་མི་ཐོགས་པར་གྱུར། རྗེས་སུ་སྔགས་མཐུ་ཁོང་ལ་དུས་རྒྱུན་དཔལ་ལྷ་མོས་ཞལ་གཟིགས་གནང་ཞིང་མས་བུ་ལ་བརྩེ་བ་བཞིན་ཁོང་གི་རིགས་རྒྱུད་ཀུན་ལ་འགོ་བའི་ལྷར་ཁས་བླངས་པས་ཁོང་གི་རྗེས་རབས་པ་ཚོས་དཔལ་ལྡན་མོ་སྒྲུབ་ཚེ་སྒྲུབ་ཐག་ཉེ་བའི་རྟགས་མཚན་མངོན་པར་བཤད། ཡང་ཐེངས་ཤིག་བླ་མས་སློབ་ཚོགས་རྣམས་ལ་གསུངས་རྒྱུར། དེ་རིང་སློབ་བུ་འགའ་མདུན་གྱི་ཆུ་འགྲམ་དུ་སོང་དང་ང་ཚོར་དངོས་གྲུབ་ཅིག་ཡོད་ངེས་གསུང་བ་དང་། སློབ་བུ་འགའ་ཆུ་འགྲམ་དུ་སོང་དུས། ཆུ་འགྲམ་དུ་བྱིས་པའི་བེམ་རོ་གཙང་མ་ཞིག་རྙེད་པ་ཁྱེར་འོང་ནས་བླ་མར་ཞུས་ཚེ། བླ་མས་རྟེན་འབྲེལ་ཧ་ཅང་བཟང་གསུང་ནས་ཚོགས་འཁོར་དུ་རོལ་ཅིང་། དེ་དུས་ཞུ་བཟའ་བ་ཁོང་ལ་སྲིན་མཛུབ་གཡབ་མོ་གནངས་པ་དང་། དེའི་རྟེན་འབྲེལ་གྱིས་ཁོ་རང་དྲག་པོ་མངོན་སྤྱོད་ཀྱི་ལས་ལ་ཐོགས་རྡུག་བྲལ་བར་གྱུར་པར་བཤད།
       དེ་ལྟར་མི་ལོ་བཅོ་བརྒྱད་ཀྱི་རིང་བླ་མ་དང་སྔས་འབྲེལ་ནས་བསྡད་ཅིང་། ཐོས་བསམ་སྒོམ་གསུམ་ལ་རྡོ་རུས་ཐུག་པར་འབད་པས་གྲུབ་པའི་རྟགས་མཚན་མང་དུ་བྱུང་ཞིང་བླ་མའི་ཐུགས་ཀྱི་སྲས་པོར་གྱུར་ལ། ནམ་ཞིག་བླ་མས་གསུངས་རྒྱུར། ད་ཁོ་བོའི་གདམས་ངག་ཟབ་མོའི་མན་ངག་ཞལ་ཤེས་ཐམས་ཅད་ཁྱོད་ལ་གནངས་ཚར་བ་ཡིན་པས་ཁྱེད་རང་ཕ་ཡུལ་དུ་སོང་ནས་སྒྲུབ་པ་ལ་བརྩོན་བཞིན་ཆོས་རྒྱུད་སྤེལ་དང་། ཁྱེད་ཀྱི་རིང་ལ་བླ་སྔགས་གཉིས་དར་རྒྱས་ཆེན་པོ་འབྱུང་བར་དཀའ་མོད། ཁྱོད་ཀྱི་མི་རབས་བཞི་བ་ཙམ་ནས་བཟུང་རིམ་བཞིན་དར་རྒྱས་བྱུང་ནས་བླ་སྔགས་གཉིས་ཀྱིས་ཆོས་སྒྲ་འུར་འུར་དུ་སྒྲོག་པའི་དུས་ཤིག་ཤར་འོང་གསུངས་སོ། །
       དེ་ནས་ཞུ་བཟའ་བ་ཁོ་རང་ཕ་ཡུལ་དུ་ཕེབས་ནས་བན་སྔགས་རིས་མེད་ཀྱི་སློབ་མ་འགའ་རེ་སྐྱོང་ཞོར་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ། ཚོགས་འཁོར་སོགས་ཀྱི་དུས་སུ་བན་སྔགས་མཉམ་དུ་འཚོགས་པས། དུས་དེ་ནས་བཟུང་ཆོས་རྒྱུན་སོགས་སུ་བན་སྔགས་སམ་བླ་སྔགས་མཉམ་དུ་འཚོགས་སྲོལ་ཚུགས་སོ། །ཁོང་གིས་རྫོང་དམར་དང་འདབ་བུ་བྲག་དཀར། མཁར་ཐོག་ལ་ཁ་སོགས་སུ་ཆུ་བཅུད་ལེན་སོགས་ལ་བརྟེན་ནས་ཉམས་ལེན་མཛད་པས་སྒྲུབ་རྟགས་ཁྱད་པར་ཅན་མང་དུ་བྱུང་ཞིང་ཞུ་བཟའ་འམ་ཞུ་སའི་སྔགས་མཐུ་ཞེས་སྙན་པའི་གྲགས་པ་རེབ་གོང་སྟོད་སྨད་ཀུན་ཏུ་ཁྱབས་སོ། །
       ད་ལྟའི་དཔྱི་ས་རོང་གི་ཉེ་འགྲམ་དུ་སྒྲུབ་ཁང་སྣ་ཁ་ཞེས་པ་ཞིག་ཡོད་པའང་ཁོང་གིས་སྒྲུབ་པ་མཛད་པའི་ཤུལ་ཡིན་པར་བཤད་ལ། སྔགས་མཐུ་མཆོག་ཆུ་མིག་བརྒྱ་རྩ་འགྲིམས་པའི་སྐབས་ཤིག་ཁལ་གཡག་ཞིག་ཡོད་པ་ཆུ་མིག་འགྲུབ་ལ་ཉེ་བའི་སྐབས་རྐུན་མ་ཞིག་གིས་བརྐུས་པས། ཁོང་གིས་ཇ་མཚམས་ཞིག་ཏུ་གསོལ་ཐབ་པར་བཤད་རྒྱུར། ཚེ་ཆད་རྒྱུ་དེ་སུ་ཡིན་ནམ་གསུངས། ཉིན་འགའི་རྗེས་སུ་དཔལ་ལྡན་ལྷ་མོས་སྙིང་ཞིག་དམར་ཙར་རེ་ཁྱེར་ཡོང་ནས་རྐུན་མ་འདི་ཡིན་ཟེར། དེ་ནས་སྔགས་མཐུས་ཁྱོད་ཀྱིས་གཞན་ལ་གནོད་པ་བྱེད་དོན་ཅི་ཡིན་གསུང་པ་ན། ལྷ་མོས་འོ་ན། ཁྱེད་ཀྱིས་ཚེ་ཆད་རྒྱུ་དེ་སུ་ཡིན་ནམ་མ་གསུངས་སམ་ཟེར། དེ་ལྟར་དཔལ་ལྡན་ལྷ་མོ་ལ་མི་དང་མིའི་བར་ལབ་པ་ལྟ་བུར་གྱུར། མཐར་དགུང་ལོ་གྱ་ལྔ་པ་སྤྱི་ལོ༡༢༤༤ལ་འདས། ཁོང་ལ་བརྩམས་ཆོས་གཞན་མ་མཐོང་མོད་གསང་བདག་པདྨ་ཞེས་པའི་ནང་གི་ཚིག་འགའ་ཨ་མཐུའི་སྲས་པོ་གཡུ་རྔོག་ཚང་གི་གསུང་ཡིན་པ་དང་ཚིག་འགའ་སྔགས་མཐུའི་གསུང་ཡིན་པར་བཤད་པའང་ཡོད། ཁོང་གི་སློབ་ཚོགས་ཀྱིས་དགོངས་རྫོགས་ཀྱི་ཆོ་ག་རྒྱ་ཆེན་པོ་སྒྲུབ་པ་ལ་བསྟེན་ནས་སྔགས་མཐུའི་ཆོས་རྒྱུན་ཞེས་པ་རིམ་བཞིན་ཆགས་སོ། ། ཁོང་གི་གདུང་རྒྱུད་དུ་དམར་ནག་པདྨ་རིག་འཛིན་དང་བྲག་དཀར་རྟ་རྒྱུག་ཚང་ཟེར་བ་སོགས་བྱོན་པར་གྲགས།
ཟུར་ཞུ།
       
སྔགས་ཏིའི་རྣམ་ཐར་ཉུང་བསྡུས་འདི་འབྲི་དུས་ལོ་རྒྱུས་ཡིག་ཚགས་ཡོངས་གྲགས་ཤིག་ལག་སོན་མ་བྱུང་མོད། བློན་ཆེ་ཚེ་རིང་རྒྱལ་ལགས་ཀྱིས་སུག་བྲིས་སུ་ཕབ་པའི་དཔྱི་སའི་བླ་སྔགས་ཀྱི་ལོ་རྒྱུས་དང་དཔྱི་སའི་རུས་མཛོད་ཅེས་པ་གཉིས་ལས་བཏུས་ཤིང་སྒྲིག་པའི་སྟེང་རང་ཉིད་ཀྱིས་ཐོས་པའི་ངག་རྒྱུན་སྐོར་ཞིག་བར་དུ་བཅུག་ནས་བྲིས་པ་ཡིན་ལ། སྔགས་མཐུ་དང་ཨ་མཐུའི་སྲས་པོ་གཡུ་རྔོག་གཉིས་བླ་སློབ་ཡིན་པར་བཤད་ན་ཡང་། ཁོང་གཉིས་བྱོན་པའི་དུས་ཚོད་ཀྱི་ཐད་ནས་གསལ་ཐག་ཆོད་པའི་ལོ་ཚིགས་ཤིག་མི་ཤེས་ལ། རེབ་གོང་ཕྱོགས་ཀྱི་ལོ་རྒྱུས་འགའ་ན་ཨ་མཐུ་མཆོག་གི་བྱོན་དུས་ལ་སྣ་ཚོགས་ཤིག་བྲིས་ཡོད་མོད། དོན་དུ་རེབ་གོང་གདན་རབས་སོགས་ལས། སྔོན་རེ་སྐོང་གི་ཕྱོགས་འདིར་འབྲི་གུང་བླ་མ་རིན་ཆེན་བཟང་པོའི་སློབ་མ་གྲུབ་ཆེན་གསུམ་གྱི་ནང་ཚན་ཡུལ་སྐྱོང་དཔལ་བཟང་ཞེས་བྱ་བའི་རྣལ་འབྱོར་བ་ཞིག་བྱོན། དེ་ལ་སྲས་ཨ་བོ་མཐུ་ཆེན་ཟེར་བ་ཞིག་ཡོད་པ་ལ་ཕྱིས་སུ་ཨ་མཐུ་ཞེས་གྲགས། ཞེས་བྲིས་ཡོད་པ་ལྟར་ན། འབྲུ་གོང་སྐྱོབ་པ་རིན་པོ་ཆེའི་དངོས་སློབ་བླ་མ་རིན་བཟང་བ་རབ་བྱུང་གསུམ་པའི་སྟོད་སྤྱི་ལོ༡༡༩༦ཙམ་ལ་བླ་མས་ལུང་བསྟན་བཞིན་མདོ་སྨད་དུ་ཕེབས་ཚུལ་བྲིས་ཡོད་པ་དང་། སོ་ནག་ཨ་ཁུ་བརྩོན་འགྲུས་ཀྱི་ལོ་རྒྱུས་ཤིག་ཏུ་ཨ་མཐུའི་སྲས་པོ་གཡུ་རྔོག་སྤྱི་ལོ༡༢༢༩ལ་འདས་པར་བཤད་ཡོད་པ་ལ་བསམ་ན། ཨ་མཐུའི་སྲས་པོ་རབ་བྱུང་གསུམ་པའི་ནང་བྱོན་པ་ཞིག་ཡིན་པར་གསལ། ཡིག་ཆ་རེ་འགའ་ན་སྔགས་མཐུའི་མཚན་ལ་འཇིགས་མེད་མཐུ་སྟོབས་ཟེར་བ་རབ་བྱུང་གཉིས་པ་ཙམ་ལ་བྱོན་པར་བྲིས་པའང་ཡོད་མོད། དུས་ཚིགས་དང་ལོ་རྒྱུས་ཀྱི་འོས་བབ་དང་བསྡུར་ན་ཆུང་དུས་ཀྱི་མཚན་ལ་ལུང་རྟོགས་རྣམ་རྒྱལ་ཟེར་བའི་རབ་བྱུང་གསུམ་པའི་ནང་བྱོན་པ་འདི་ཡིན་པར་ངེས།
       སྤྱིར་ན་རྣམ་ཐར་འདི་འབྲི་དུས་བཏུས་སྒྲིག་བྱས་པའི་མཚམས་རྣམས་སུ་གསལ་བཤད་རེ་བྲིས་ན་འོས་མོད། ཀློག་པ་པོས་ཀློག་བདེ་བའི་ཆེད་དུ་ཤར་མུར་མཐུད་དེ་བྲིས་པ་ཡིན། རྗེ་འཇིགས་མེད་ཐེག་མཆོག་གིས་དཔྱི་ས་སྔགས་མཐུའི་རིང་དར་རྒྱལ་ཀླད་ནས་སྒྱོགས་རྡོ་འཕངས་ཏེ་ཀ་ཅིའི་མཁར་བཤིག་པའི་ལོ་རྒྱུས་ཡོད་པར་བྲིས་ཡོད་པའང་རབ་བྱུང་གང་ཞིག་ཡིན་མིན་མི་གསལ། རེབ་གོང་ཕྱོགས་ཀྱི་ལོ་རྒྱུས་རེ་འགའ་ན། ཡབ་རྗེ་བླ་མས། ཨ་མདོ་བསྟན་པ་སྔ་དར་དུས་རེབ་གོང་དུ་གྲུབ་གནས་བརྒྱད་དུ་གྲུབ་པ་ཐོབ་པའི་མི་བརྒྱད་བྱོན་པར་གསུང་བ་སོགས་ལ་བརྟེན་ནས་རེབ་གོང་གྲུབ་ཐོབ་བརྒྱད་སློབ་དཔོན་པདྨའི་དངོས་སློབ་ཡིན་པ་དང་། ཡང་ན་རབ་བྱུང་དང་བོའི་ནང་ཙམ་ལ་དུས་མཉམ་ཙམ་དུ་བྱོན་པར་འདོད་པ་སོགས་ནི་བློ་ཅུང་རྩིང་བའི་ལས་སུ་ཆེ་སྟེ། གྲུབ་ཐོབ་དེ་རྣམས་དུས་མཉམ་དུ་འབྱོན་དགོས་པའི་ལུང་དང་གཏན་ཚིག་ཀྱང་མེད་ལ། ཨ་མདོའི་བསྟན་པ་སྔ་དར་ཞེས་པ་དེའང་བོད་ཡུལ་སྤྱིའི་བསྟན་པ་སྔ་དར་དང་ཁྱད་པར་ཆེ། ཁྱད་པར་དུ་རེབ་གོང་གདན་རབས་སུ། སྔོན་དཔོན་པདྨས་ཡུལ་འདིར་ཞབས་ཀྱིས་བཅགས་པ་ནས་ལྷ་རྗེ་བྲག་སྣ་བ(གླིང་རྒྱའི་བླ་མས་ལྷ་རྗེ་བྲག་སྣ་བ་རབ་བྱུང་ལྔ་བའི་སྟོད་ཙམ་ལ་མདོ་སྨད་དུ་བྱོན་པར་བཤད།)བྱོན་ནས་ཆོས་སྲིད་ཀྱི་བསྟན་པ་རྒྱས་པར་བྱས་པའི་བར་ལ་རིག་འབྱུང་ཡུལ་གྱི་བསྟན་པ་སྔ་དར་དང་། རོང་བོའི་བླ་མ་བསམ་གཏན་གྱིས་ཆོས་རྗེ་དོན་གྲུབ་རིན་ཆེན(སྤྱི་ལོ༡༣༤༠ཙམ་ལ་མདོ་སྨད་དུ་བྱོན)ལ་བསྟེན་ནས་རེབ་གོང་ཕྱོགས་སུ་བསྟན་པ་སྤེལ་ལ་རིག་འབྱུང་ཡུལ་གྱི་བསྟན་པ་བར་དར་དང་། ཡབ་རྗེ་བླ་མ་སྐལ་ལྡན་རྒྱ་མཚོ་བྱོན་པ་ནས་མར་ནང་འཇིགས་མེད་དམ་ཆོས་རྒྱ་མཚོ་ཡབ་སྲས་ཀྱིས་བསྟན་པ་སྤེལ་བའི་བར་ལ་རིག་འབྱུང་ཡུལ་གྱི་བསྟན་པ་ཕྱི་དར་ཡིན་པར་གསུངས་ཡོད་པས།  གྲུབ་ཐོབ་བརྒྱད་པོ་ཨ་མདོའི་བསྟན་པ་སྔ་དར་གྱི་དུས་སུ་བྱོན་ཡང་ཚང་མ་རབ་བྱུང་དང་པོའི་ནང་ཙམ་ལ་འཚང་མི་དགོས་པའང་རང་ཤུགས་ཀྱིས་ཤེས་འགྲོ་བ་རེད་ལ། དེ་བས། དཔྱི་སའི་སྔགས་མཐུའམ་སྔགས་ཏི་བླ་སློབ་གཉིས་ཀྱང་རབ་བྱུང་གསུམ་པའི་ནང་བྱོན་པར་དོགས་པ་འཆང་མི་དགོས་སོ་སྙམ།

རྗེ་བཙུན་ཆེན་པོ་འཕགས་པ་ལི་ཁྲོལ་ལམ་ལི་གྲོལ།
 
       མཇལ་དཀའ་གདམས་ངག་མཛོད་འཛིན་བཤེས་དང་མཇལ། །གནང་དཀའ་མན་ངག་ཟབ་མོའི་དབང་ལུང་གནངས། །ཐོབ་དཀའ་སྒྱུ་ལུས་ཟུང་འཇུག་རྩལ་ཆེན་ཐོབ། །གྲུབ་དཀའ་འཇའ་ལུས་རྡུལ་གྱི་དབྱིངས་སུ་དྭངས། །དབང་དཀའ་མན་ངག་རྒྱ་མཚོའི་གཏེར་ལ་དབང་། །འཛིན་དཀའ་རྒྱུད་སྡེ་རྒྱ་མཚོའི་ལྡེ་མིག་འཛིན། །ཆུབ་དཀའ་ཉམས་ལེན་རྒྱ་མཚོ་བྱང་དུ་ཆུབ། །གྲུབ་ཐོབ་འཕགས་པ་ལི་གྲོལ་ཞབས་ལ་འདུད། །ཞེས་མཆོད་པའི་ཚིག་གིས་མདུན་བསུས་ནས་གང་བརྗོད་པར་བྱ་བ་ནི།
       ༧གྲུབ་ཆེན་ཆོས་པ་རིན་པོ་ཆེས། འདམ་བུ་བྲག་དཀར་གསེར་ཁང་དུ། །སློབ་དཔོན་འཕགས་པ་ལི་ཁྲོད་གྲུབ། །ཅེས་གསུངས་པ་ལྟར། ༧རྗེ་བཙུན་ཆེན་པོ་འཕགས་པ་ལི་ཁྲོད་དམ་ལི་གྲོལ་ཏུའང་འབོད་པ་ནི་ཡབ་ལུང་རྟོགས་རྣམ་རྒྱལ་ལམ་སྔགས་མཐུ་དང་ཡུམ་མདོ་བ་བཟའ་རིན་ཆེན་སྒྲོལ་མ་གཉིས་ཀྱི་སྲས་སུ་རབ་བྱུང་གསུམ་པའི་བགྲང་བྱ་ཞེ་བཞི་བ་ལྕགས་ཁྱི་ལོར་འཁྲུངས། ཐར་མོ་ཞེས་པ་ཞིག་གི་བུ་རུ་འཁྲུངས་པར་བཤད་པ་ཡང་ཡོད། ཆུང་དུས་མིང་ལ་འཕགས་པ་སྐྱབས་ཟེར་ཞིང་། ཡབ་ཀྱི་མདུན་ནས་ཡི་གེ་འབྲི་ཀློག་ཐོག་མར་བསླབས་ཅིང་འདོན་ཆོས་སྤྱོད་ལ་སྦྱངས། ཁོང་གིས་ཉིན་གཅིག་གི་རིང་དབྱངས་གསལ་སོ་བཞི་བློ་ནས་ཐོགས་མེད་དུ་འབྲི་ཐུབ་སོང་པས་མི་ཀུན་ཡ་མཚན་པར་གྱུར་ཅིང་། ཀུན་གྱིས་བྱང་ཆུབ་སེམས་དཔའ་གང་ཞིག་གི་རྣམ་སྤྲུལ་ཡིན་ངེས་ཞེས་གླེང་། དགུང་ལོ་བཅུ་ཡས་མས་སུ་རླངས་ཆུ་སྐྱེས་མཁའ་འགྲོའི་ཁྲོམ་ར་ཞེས་པའི་གནས་སུ་བསྐྱལ་ནས་ཆུ་སྐྱེས་ཉི་མའི་འཁོར་ལོ་ཞེས་པའི་གྲུབ་ཐོབ་ཆོས་གོས་ཉི་ཐིག་ལ་འགེལ་བ་ཞིག་བྱུང་བའི་མདུན་དུ་ལོ་ངོ་བཅུ་གསུམ་ཙམ་ལ་གཞུང་ལུགས་མན་ངག་དང་བཅས་པ་ཀུན་རྡོ་རུས་ཐུག་པར་འབད་པས་བླ་མས་གདམས་ངག་རྣམས་བུམ་པ་གང་བྱོའི་ཚུལ་དུ་གནངས།
       དགུང་ལོ་ཉི་ཤུ་རྩ་སྟོད་ཙམ་ལ་ཨ་ཡངས་འདམ་བུ་བྲག་དཀར་དུ་བྱོན་ནས་ཐོས་དོན་ཉམས་སུ་ལེན་པ་ལ་རྩེ་གཅིག་ཏུ་གཞོལ་བས་རིག་པའི་ཀློང་བརྡོལ་བར་གྱུར་ཅིང་། འདམ་བུའི་ནང་དང་བྲག་དཀར་དུ་ཡུན་རིང་བཞུགས་ཞིང་གྲུབ་པའི་རྟགས་མཚན་མངོན་པར་བྱུང་། ཐེངས་ཤིག་ཁོང་གིས་བྲག་དཀར་མཚམས་ཁང་དུ་སྒོམ་སྒྲུབ་བྱེད་བཞིན་བཞུགས་ཚེ་ཀླུ་མ་རུང་ཞིག་གིས་ཕྲག་དོག་གི་དབང་གིས་ཁོང་ལ་ཀླུ་ནད་ཚབས་ཆེན་བཏང་པས། ཁོང་གིས་དཔལ་གསང་བའི་བདག་པོ་དྲག་ཏུ་སྒྲུབ་པས་ཀླུ་ནད་དེ་ལས་གྲོལ་བ་དང་། སླར་ཡང་གསང་སྔགས་བསྐྱེད་རྫོགས་ལ་བསྟེན་ནས་ཀླུ་ལ་གནད་དུ་གཟིར་བ་ན། ཀླུས་རང་གཟུགས་དངོས་སུ་བསྟན་ནས་ངེད་ཀྱིས་མ་ཤེས་པའི་དབང་གིས་སློབ་དཔོན་ལ་ཁ་རླངས་བཏང་བ་ཉེས་པར་སོང་བས་བདག་སྡུག་བསྔལ་འདི་ལས་གྲོལ་མཛོད་དང་། ཁྱེད་ཀྱིས་ཅི་གསུངས་བཀའ་བཞིན་སྒྲུབ་ངེས་ཟེར་བ་ན། སློབ་དཔོན་གྱི་ཞལ་ནས། ཁྱོད་ཀྱིས་གདུག་པའི་སེམས་སྤངས་ནས་གཞན་ལ་ཕན་པ་སྒྲུབ་ན་གཏོང་གསུངས་པས། ཀླུས་ཐམས་ཅད་ཁས་བླངས་ཏེ་རྨ་རིགས་སྤྱི་དང་ཁྱད་པར་དུ་གཉན་ནད་འཇོམས་པར་དཀར་པོ་ཆིག་ཐུབ་ལྟ་བུའི་སྨན་ཆུ་ཞིག་སྐྱེ་འགྲོའི་བསོད་ནམས་ཀྱི་དཔལ་དུ་བསྐྲུན། དེ་ནི་ད་ལྟའང་འདམ་བུའི་ཆུ་ཚན་དུ་གྲགས་པ་སྐྱེ་བོ་སྟོང་ཕྲག་མང་བོའི་ནད་བརྒྱ་དྲུངས་ནས་འབྱིན་པའི་ཆུ་ཚན་འདི་ཡིན་ལ། ཕྱིན་ཆད་ལྷ་ཀླུ་གདུག་པ་ཅན་གྱིས་མི་གནོད་པའི་ཆེད་དུ་འཇམ་དབྱངས་ནཱ་ག་རཀྴའི་གཙུག་ལག་ཁང་ཞིག་བཞེངས་པ་དང་། ནང་རྟེན་དུ་གསང་བདག་དང་སེངྒེ་སྒྲ། གཏུམ་པོ་ཁྱུང་ལྔ། གོས་སྔོན་ཅན། རྟ་མགྲིན་ཞལ་སྔོན་ཅན་སོགས་བཞེངས་སྟེ་རབ་གནས་ཀྱང་མཛད་པར་བཤད། གཙུག་ལག་ཁང་ཞིག་གི་རྗེས་ཤུལ་ཉེ་བའི་ཆར་ཡང་ཡོད་པར་རེབ་གོང་གདན་རབས་སུ་བྲིས་ཡོད། མདོ་སྨད་ཆོས་འབྱུང་དུ། འདིར་འཕགས་པ་ཟེར་བའི་རི་ཁྲོད་པ་ཞིག་ཀླུ་ནད་ཀྱི་བཏབ་པར་གསང་བདག་གྲུབ་པས་ནད་ལས་གྲོལ། ནད་བདག་ཏིང་འཛིན་གྱིས་གཟིར་བས་གཉན་ནད་རྨ་རིགས། ཆུ་སེར་སོགས་ལ་ཕན་པའི་སྨན་ཆུ་ཕུལ་བ་ལ་ད་ལྟ་འདམ་བུ་ཆུ་ཚན་ཟེར། ཞེས་བྲིས་ཡོད། གནས་དེར་དམ་པ་ཁོང་གིས་གཙོ་བོ་ལྷ་བདེ་མཆོག་དང་དཔལ་གསང་བའི་བདག་པོ་གཉིས་ཀྱི་ཟབ་ལམ་རྣལ་འབྱོར་ལ་བརྟེན་ནས་གྲུབ་པའི་གོ་འཕང་མངོན་དུ་བྱས་ཤིང་། ཁོང་གི་བཞུགས་གནས་ཀྱི་བྲག་ལ་མགོན་པོ་ཀླུ་སྒྲུབ་དང་ལྟུང་བཤགས་ཀྱི་ལྷ་ཚོགས། དཔལ་རྡོ་རྗེ་འཇིགས་བྱེད་དང་མཆོད་རྟེན་སོགས་ཀྱི་རི་མོ་རང་བྱོན་མང་པོ་ཡོད། སྐུ་ལྕིགས་མདའ་དར་དུ་བཅིངས་ནས་བྲག་དཀར་དཀྱིལ་ལ་འཕུར་ཏེ་བྲག་ལ་རྗེས་བཏབ་པ་ད་ལྟའི་བར་མཇལ་དུ་ཡོད། དེ་ལྟར་གྲུབ་ཐོབ་ཁོང་མི་ཚེ་གང་བོར་གཙོ་བོ་སྒྲུབ་པ་ལ་གཞོལ་བས་སློབ་མ་བསྐྱངས་པའི་ལོ་རྒྱུས་མ་མཐོང་།དེ་ཡང་ཇི་སྐད་དུ། བསོད་ནམས་དགེ་བའི་བར་ཆད་ཡིན། །རྙེད་བཀུར་འཆིང་བའི་ཞགས་པ་ཡིན། །དུག་ལ་སྨན་དུ་མ་ལྟའང་། །ཞེས་གསུངས་པ་ལྟར་རོ། །
       ཐེངས་ཤིག་ཞུ་སའི་གྲོང་མི་འགའ་ལ་མཛེ་ནད་ཀྱིས་གཙེས་པ་ལ་བཅོས་ཀ་ཞིག་མཛད་པས་ནད་ཀྱི་སྡུལ་བསྔལ་ལས་གྲོལ་བར་ཡང་བཤད། ཚེ་སྨད་ཙམ་ལ་ཞུ་བཟའ་འམ་ཞུ་སའི་སྔགས་མཐུའི་ཆོས་རྒྱུན་ཅུང་ཙམ་བསྐྱངས་ཤིང་། ད་ལྟའི་བྲག་དཀར་མཚམས་ཁང་སྟེང་གི་ཐེམ་ཆ་དེར་ཡུན་རིང་བསྙེན་མཚམས་ལ་བཞུགས་པ་དང་། དེ་ནས་རིམ་གྱིས་ད་ལྟའི་གྲུབ་གནས་སུ་ཕེབས་ཏེ་སྒོམ་སྒྲུབ་མཛད་པས་རྟོགས་པ་ཀློང་དུ་བརྡོལ། མཐར་དགུང་ལོ་དོན་གཅིག་པར་གྲུབ་གནས་གཡས་ཟུར་གྱི་བྲག་ཐེམ་བུམ་པའི་ལྟོ་བ་ལྟ་བུ་ལས་སྐུ་འཇའ་ལུས་བརྙེས་པར་བཤད། འདི་བའི་གདུང་རྒྱུད་ཡིན་ཞེས་དཔྱི་ས་རོང་དུ་ད་ལྟའང་ཁྱིམ་ཚང་འགའ་རེ་ངོས་འཛིན་རྒྱུ་ཡོད།
འདི་ལ་ལོ་རྒྱུས་ཡིག་ཆ་རྣམས་སུ་འཕགས་པ་ལི་ཁྲོད། འཕགས་པ་ལི་གྲོལ། འཕགས་པ་ཀླུ་གྲོལ་ལམ་ཀླུ་སྒྲུབ་སོགས་སྣ་ཚོགས་ཤིག་བྲིས་ཡོད།
       ད་ལྟ་ཁོང་གི་སྐྱེ་ཕྲེང་ལ་འདམ་བུ་བྲག་དཀར་ཚང་ཞེས་བྲིས་ཡོད། སྔོན་གྱི་ཡིག་ཆ་རྣམས་སུ་འཁྲུངས་ཡུལ་དཔྱི་ས་ཡིན་པར་བྲིས་པ་ལས་ཁོང་བྱོན་པའི་དུས་ལ་གསལ་ཁ་མེད། ཉེ་བའི་ལོ་རྒྱུས་ཡིག་ཆ་ཞིག་ཏུ་རབ་བྱུང་དང་བོའི་ནང་གཡས་ལུང་གྲོང་བ་ཞེས་པའི་སྡེ་རུ་འཁྲུངས་ཞེས་བྲིས་པའང་ཡོད་མོད། ཁོ་བོས་བློན་ཆེ་ཚེ་རིང་རྒྱལ་གྱིས་སུག་བྲིས་བགྱིས་པའི་ཞུ་སའི་བླ་སྔགས་ཀྱི་ལོ་རྒྱུས་དང་ཞུ་སའི་རུས་མཛོད་ཅེས་པའི་ནང་ལྟར་བྲིས་པ་ཡིན།
ཟུར་ཞུ།
       
གོང་དུ་སྔགས་མཐུའི་སྐབས་བཤད་པ་ལྟར་གྲུབ་ཐོབ་འདི་ཡང་རབ་བྱུང་དང་བོའི་ནང་བྱོན་དགོས་པའི་ངེས་མེད་ལ། ཁྱད་པར་དུ་ལོ་རྒྱུས་འགའ་རེ་ན་འདི་བའི་བླ་མ་ཆུ་སྐྱེས་ཉི་མའི་འཁོར་ལོ་ཞུ་བ་དེ་ཡིན་པར་བྲིས་ཡོད། དེ་ལྟར་ན། ཆུ་སྐྱེས་རྟོགས་ལྡན་པ་པདྨ་རིག་འཛིན་ནམ་ཆུ་སྐྱེས་ཉི་མའི་འཁོར་ལོ་ནི་རབ་བྱུང་གཉིས་པའི་ཆུ་སྦྲུལ་སྤྱི་ལོ༡༡༡༣ལ་འཁྲུངས་ཤིང་རབ་བྱུང་གསུམ་པའི་ཤིང་གླིང་སྤྱི་ལོ༡༢༠༥ལོར་འདས་པར་བཤད་པས། བློན་ཆེ་ཚེ་རིང་རྒྱལ་གྱིས་འཕགས་པ་ལི་ཁྲོད་རབ་བྱུང་གསུམ་པའི་ནང་བྱོན་པར་བྲིས་ཡོད་པ་དེ་ཁུངས་དག་པར་ངེས། གཞན་ཡང་། གཡས་ལུང་གྲོང་བ་ཞེས་པར་འཁྲུངས་ཞེས་བྲིས་པ་ནི། གླིང་རྒྱའི་བླ་མའི་ལོ་རྒྱུས་སོགས་སུ་གྲོང་བོའི་འཕགས་པ་ཀླུ་སྒྲུབ་ཁོང་རྐྱེན་དབང་གིས་སྐུ་ཚེ་མ་རིང་། ཞེས་བྲིས་པའི་མཁས་པ་དེ་དང་གྲུབ་ཐོབ་འདི་གཉིས་གཅིག་ཏུ་ནོར་བ་ཡིན་ནམ་ཡང་སྙམ།
       ཀུན་མཁྱེན་འཇམ་དབྱངས་བཞད་པས། ལ་ལ་འཁྲུལ་འབྱམས་ཁ་ཅིག་མུ་ཏོའི་ཕྱེ། །ཕལ་ཆེར་ཐེ་ཚོམ་འགའ་ཞིག་དོན་བྲལ་རྫུན། །འགའ་ཞིག་ཤེས་རློམས་ཐུབ་ཚོད་སྨྱོན་པའི་གར། །མང་བོས་མུན་མདའ་གཏད་བྲལ་ཅི་ཡང་བྱས། །ཞེས་པ་འདི་ལ་བསམ་བྱ་མང་དུ་ཡོད་པར་ངེས་སོ། །
འབྲེལ་ཡོད་འོས་སྦྱོར།