logo

སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན་ལགས་ཀྱི་དགག་སྒྲུབ་བསམ་བློ་དང་དེའི་རྩ་བའི་གཏན་ཚིགས་ལ་དཔྱད་པ།

རྩོམ་པ་པོ།:དགེ་བཤེས་གཙུག་གཤེན་རྒྱལ་མཚན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2026-03-25 ཀློག་གྲངས།:
ནང་དོན་གནད་བསྡུས། རྩོམ་འདིར་དུས་རབས་བཅུ་གསུམ་པའི་དུས་མཇུག་ཏུ་བྱོན་པའི་བོན་གྱི་མཁས་པ་སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན་ལགས་ཀྱི་དགག་སྒྲུབ་བསམ་བློ་དང་དེའི་རྩ་བའི་གཏན་ཚིགས་ཀྱི་བྱུང་ཁུངས་གླེང་ཡོད་ལ། དེའང་ཚན་པ་དང་པོར་ཁོང་གི་ངོ་སྤྲོད་མདོར་བསྡུས་དང་། གཉིས་པར་ཁོང་གི་དགག་སྒྲུབ་བསམ་བློ་དང་སྙིང་སྟོབས་གླེང་བ། གསུམ་པར་ཁོང་གི་དགག་སྒྲུབ་བསམ་བློ་དེའི་རྩ་བའི་གཏན་ཚིགས་གང་ཡིན་པ། བཞི་པར་ཁོང་གི་དགག་སྒྲུབ་བསམ་བློའི་རྩ་བའི་གཏན་ཚིགས་ཀྱི་བྱུང་ཁུངས་དང་། ལྔ་པར་དེའི་ཐུན་མིན་གྱི་ཁྱད་ཆོས་བཅས་གླེང་བ་བརྒྱུད། མཁས་པ་ཁོང་ནི་བོན་གྱི་ལོ་རྒྱུས་ཐོག་གི་སྐྱེས་བུ་དམིགས་བསལ་བ་ཞིག་ཡིན་པ་དང་། ཁོང་གིས་དུས་རབས་བཅུ་པའི་གཡས་གཡོན་ནས་དར་ཁྱབ་བྱུང་བའི་རྒྱུད་སྡེ་གཙིགས་སུ་འཛིན་པའི་རིགས་ལམ་ཐོག་ནས་བོན་གྱི་གཏེར་སྙན་སོགས་གསུང་རབ་རྣམས་ལ་ཕྱིར་རྟོག་དང་བྱི་དོར། སྟོན་པ་བྱོན་ཚུལ་དང་། བསྟན་པ་དར་ནུབ། བོན་སྒོ་བཅོས་བསླད། བཤེས་གཉེན་དོན་ལྡན་ཡིན་མིན་སོགས་ཀྱི་སྐོར་ནས་དོགས་སློང་དང་དགག་བཞག་དག་ཐེར་སོགས་གནང་ཡོད་པ་གླེང་ཡོད།
གནད་ཚིག སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན། དགག་སྒྲུབ་བསམ་བློ། རྩ་བའི་གཏན་ཚིགས།

དང་པོ། ཁོང་གི་ངོ་སྤྲོད་མདོར་བསྡུས།
       མཁས་པ་ཁོང་ནི་བོན་གྱི་ལོ་རྒྱུས་ཐོག་གི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམིགས་བསལ་བ་ཞིག་ཡིན་ནའང་ཁོང་གི་ལོ་རྒྱུས་དེ་ད་བར་གསལ་པོ་ཞིག་བྱུང་མེད། དེ་ནི་ཁོང་གི་ལོ་རྒྱུས་ཐད་ནས་དཔྱད་གཞི་འཐུས་ཚང་དེ་འདྲ་མིན་པས་ཡིན། ཕྲན་ནས་ཀྱང་འདིར་ཁོང་གི་ངོ་སྤྲོད་མདོར་བསྡུས་ཤིག་ལས་ཞུ་ཐབས་མ་བྱུང་། ཁོང་གི་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་ཆ་ལ་མཚོན་ན་ཁག་གསུམ་བགོ་ཆོག་སྟེ། དང་པོ་ནི་ཁོང་གི་གསུང་རྩོམ་དག་གི་ཁྲོད་དུ་བཞུགས་པའི་འབྲེལ་ཡོད་གནས་ཚུལ་དང་། གཉིས་པ་ནི་གཡུང་དྲུང་གླིང་གི་སློབ་དཔོན་མཁས་གྲུབ་ལུང་རྟོགས་རྒྱ་མཚོ(༡༨༧༩-༡༩༡༦)ལགས་ཀྱིས་མཛད་པའི«བསྟན་འབྱུང»[1]ཁྲོད་དུ་བཞུགས་པའི་ཁོང་གི་ལོ་རྒྱུས་དེ་ཡིན། གསུམ་པ་ནི་ཉེ་རབས་རྩོམ་པ་པོས་བཀོད་པའི་ཁོང་གི་གནས་ཚུལ་དག་རེད། འདི་དག་ལས་ཁུངས་བཙན་ཤོས་ནི་དང་པོ་དེ་ཆགས་ཡོད་མོད། ཁོང་ནི་བོད་ཀྱི་མཁས་གྲུབ་མང་པོ་ཞིག་དང་འདྲ་བར་རང་གི་ལོ་རྒྱུས་དེ་ཧ་ཅང་བཏང་སྙོམས་ངང་དུ་བཞག་སྟེ་གསུང་རྩོམ་ཁྲོད་དུ་མང་པོ་གླེང་མེད། ཁོང་གི་གསུང་རྩོམ ་དག་གི་མཇུག་ཏུ་ས་བཅད་མ་སྟོང་ཙམ་བཀོད་ཡོད་པ་དག་ལས་མངོན་པ་ནི་ཁོང་གི་རུས་རིགས་སྒ་ཡིན་པ། འཁྲུངས་ཡུལ་ནི་ཁ་བ་ཅན་གྱི་ཤར་ཕྱོགས་རྒྱལ་མོ་རོང་ཡིན་པ། སློབ་དཔོན་གཙོ་བོ་ནི་ཞང་སྟོན་བསོད་རིན་ལགས་ཡིན་པ། རང་གཞན་གྲུབ་མཐའ་ཀུན་ལ་བློ་གྲོས་ཀྱི་སྣང་བ་ཕྱོགས་མེད་དུ་སྦྱངས་པ། དཔལ་ལྡན་བཟང་པོ་རི་དང་རྟགས་བསྡུས་གཞིགས་གནས་རི་ཁྲོད་སོགས་སུ་བཞུགས་པ་བཅས་རེད། ཡང་ཁོང་གི་གསུང་རྩོམ་གྱི་ནང་དོན་ལ་བརྟགས་ན་ཁོང་ནི་འབྲི་གུང་གླིང་ལོག་གི་དོན་རྐྱེན་བྱུང་བའི་རྗེས་ཤིག་ལ་བྱོན་པ་གསལ[2]ཡོད། དེ་ནས་ལོ་བརྒྱ་ཕྲག་མང་པོ་འདས་རྗེས་ཀྱི་དུས་རབས་བཅུ་དགུ་པའི་ནང་གཞི་ནས་ཁོང་གི་ལོ་རྒྱུས་ཚན་པ་ཞིག་བྱུང་ཡོད། དེ་ནི་གོང་དུ་གླེང་བའི་མཁས་གྲུབ་ལུང་རྟོགས་རྒྱ་མཚོ་ལགས་ཀྱི་བསྟན་འབྱུང་དུ་གསལ་བ་དེ་རེད། བསྟན་འབྱུང་འདིར་སྒ་སྟོན་ལགས་ནི་གཡས་རུ་དབེན་ས་ཁའི་བླ་མ་མཁས་བཙུན་རྒྱལ་བའི་སྐུ་དུས་ཙམ་ལ་རྒྱལ་རོང་ཆུ་ཆེན་ཡུལ་དུ་ཡབ་གེ་ཁོད་ཅེས་པའི་སྲས་སུ་འཁྲུངས་ཤིང་། གཞོན་ནུའི་དུས་ནས་གཞན་དང་མི་འདྲ་བའི་རྟགས་མཚན་མངའ་བ། ཅུང་ཟད་ནར་སོན་པ་དང་དབུས་གཙང་ཕྱོགས་སུ་ཕེབས་ནས་སྟོད་ལུང་ཤེར་བཟང་དང་དར་ལྡིངས་ཀྱི་སློབ་དཔོན་བསོད་རིན་སོགས་ལས་སྡེ་སྣོད་ཀུན་ལ་དཔྱིས་ཕྱིན་པར་སྦྱངས། དེ་ནས་གཡས་རུ་དབེན་ས་ཁ་དང་སྙེ་མོ་བཟང་རིར་བྱོན་ནས་ཐོས་བསམ་མཛད་པ་སོགས་གསུངས་ཡོད། དེང་དུས་ཁོང་གི་གསུང་རྩོམ་དཔར་སྐྲུན་བྱས་པ་དག་གི་ནང་དུ་བཀོད་པའི་ཁོང་གི་ངོ་སྤྲོད་དག་གི་གཞི་བཅོལ་ས་འདི་ཡིན་པར་བཤད།[3] ཁོང་གི་སྐོར་ཆེད་དུ་ཞིབ་འཇུག་བྱས་པའི་དཔྱད་རྩོམ་དེ་འདྲ་མཐོང་དཀོན་པོ་ཡིན་ནའང་། ཕྲན་ཙམ་ནི་ཞིབ་འཇུག་པ་དག་གི་རྩོམ་ཡིག་ནང་དུ་གསལ་ཡོད། དཔེར་ན། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་སྟོང་སྐོར་ཚེ་རིང་ཐར་ལགས་ཀྱིས་བརྩམས་པའི«བོན་བསྟན་རིག་གནས་སྐོར་གྱི་དཔྱད་བརྗོད་ཁྱུང་རུའི་འོད་སྣང»ཞེས་པ་ལས“སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན་ནི་དབེན་ས་ཁ་དགོན་པའི་གཡས་རུའི་སྟོན་པ་བཅོ་བརྒྱད་ཀྱི་གྲས་ཡིན་པས་ཁོང་མ་མཐའ་ཡིན་ནའང་སྤྱི་ལོ་༡༣༨༦གི་སྔོན་དུ་བཞུགས་ཡོད་དགོས་པས་ཁོང་གིས་བསྒྲིགས་པའི་གཏེར་གྱི་ཁ་བྱང་ནི་བོན་གྱི་བསྟན་བཅོས་ཐོག་མ་ཡིན་པ་འདྲ།”[4]ཞེས་བརྗོད་ཡོད་ཅིང་། ཕྱི་རྒྱལ་གྱི་བོད་རིག་པའི་ཞིབ་འཇུག་པ་ཏན་མར་ཐིན་ལགས་ནས་སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན་གྱིས་སྤྱི་ལོ་དུས་རབས་བཅུ་བཞི་པའི་དུས་འགོར་མཛོད་ཕུགས་ཀྱི་འགྲེལ་བ་མཛད་པ[5]བརྗོད་ཡོད། དེ་ལྟར་ཁོང་གི་གསུང་རྩོམ་གྱི་བརྗོད་བྱ་དང་ཞིབ་འཇུག་པ་དག་གི་བཞེད་སྟངས་སོགས་ཕྱོགས་ཡོངས་ནས་བརྟགས་ན་ཁོང་ནི་དུས་རབས་བཅུ་གསུམ་པའི་དུས་མཇུག་ཙམ་ལ་རྒྱལ་རོང་ཆུ་ཆེན་ཡུལ་དུ་ཡབ་གེ་ཁོད་སྲས་སུ་འཁྲུངས་པར་མངོན། ནར་སོན་པ་དང་བོད་ཡུལ་དབུས་སུ་ཕེབས་ཤིང་། བོན་གྱི་གྲྭ་ས་གཤེན་དར་ལྡིངས་དང་གཡས་རུ་དབེན་ས་ཁ། དཔལ་ལྡན་ཟངས་རི་དགོན་སོགས་སུ་སློབ་གཉེར་གནང་བ་དང་། གཞན་སྡེའི་གྲྭ་ས་གཙང་གི་སྣར་ཐང་དང་དབུས་ཀྱི་གསང་ཕུ་ནེའུ་ཐོག་དགོན་བཅས་སུ་གྲྭ་སྐོར་བྱོན་ཏེ། སྐབས་དེའི་དབུས་གཙང་གི་གདན་ས་གྲགས་ཅན་ཁག་ཏུ་ཐོས་བསམ་ཕྱོགས་མེད་དུ་སྦྱངས། དབེན་གནས་དང་རི་ཁྲོད་འགྲིམས་ཏེ་སྒོམ་སྒྲུབ་ལ་བརྩོན་པར་མཛད། རང་གཞན་གསུང་རབ་ཀུན་ལ་དཔེ་གཟིགས་རྒྱ་ཆེར་གནང་སྟེ་དཔྱད་ཞིབ་བྱས་པ་བརྒྱུད་ཕྱི་རབས་པའི་ཤེས་རབ་དགའ་སྟོན་དུ་གསུང་རྩོམ་དུ་མ་རྗེས་བཞག་མཛད་པ་ཡིན་ནོ། །
       ཁོང་གི་གསུང་རྩོམ་སྐོརལ། ༡ «ཐེག་པའི་རིམ་པ་གསལ་བྱེད་མེ་ལོང»འདི་ནི་བོན་གྱི་གསུང་རབ་ཁྲོད་དུ་བཞུགས་པའི«ཐེག་འགྲེལ་མེ་ལོང་དགུ་སྐོར»ཞེས་པའི་གཞུང་གི་འགྲེལ་བ་ཞིག་ཡིན། གཞུང་འདི་ནི་བོན་གྱི་ཐེག་དགུའི་ལྟ་སྒོམ་སོགས་ཀྱི་རྣམ་གཞག་རྒྱས་པར་བསྟན་པའི་རྫོགས་ཆེན་གྱི་བོན་སྡེ་ཞིག་ཡིན་ལ། གཙང་གི་བན་དེ་མི་གསུམ(སུམ་པ་དབང་གྲགས། འབྲེ་བན་ཚུལ་ཁྲིམས་སེང་གེ གཅེར་བུ་དབང་ཕྱུག་གྲགས་པ།)གྱིས་རབ་བྱུང་གཉིས་པའི་མེ་ཡོས(༡༠༨༧)ལོའི་གཡས་གཡོན་དུ་ལྷ་སའི་ཡེར་པ་བྲག་ནས་གཏེར་བཞེས་པར་གྲགས། གཞུང་འདི་ཐོག་དང་པོར་འགྲེལ་བ་རྩོམ་མཁན་ནི་སྒ་སྟོན་ལགས་ཡིན་པ་དང་། ཁོང་གིས་གཞུང་འདིའི་བཤད་སྲོལ་གཏོད།[6] ༢ «གཞི་ལམ་འབྲས་བུའི་དོན་གསལ་རྣམ་འབྱེད་རྒྱན» ༣ «ཐེག་པ་ཆེན་པོ་གཞི་ལམ་འབྲས་བུའི་རང་འགྲེལ་གསལ་བྱེད་མེ་ལོང»རྩ་འགྲེལ་འདི་གཉིས་ནི་ཐེག་པ་ཆེ་ཆུང་གི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་རྒྱས་པར་བསྟན་པའི་གཞུང་ཞིག་ཡིན། ༤ «ཀུན་ལས་བཏུས་པ་སྲིད་པའི་མཛོད་གཞུང» ༥ «བདེན་པའི་མཛོད་ཕུགས་རྣམ་པར་འབྱེད་པའི་ལྡེ་མིག»གཞུང་འདི་གཉིས་ནི་ཁོང་གིས་གཤེན་ཆེན་ཀླུ་དགའི་གཏེར་མ«སྲིད་པའི་མཛོད་ཕུགས»ཀྱི་གཞུང་ལ་འགྲེལ་བ་བཏབ་པ་ཞིག་ཡིན། ༦ «བསྟན་པ་བོན་གྱི་ཀླད་དོན»གཞུང་འདི་ལས་ཁོང་གིས་བཀའ་དང་བཀའ་བརྟེན་དང་སྡེ་སྡོད་གསུམ་སོགས་ཀྱི་སྐོར་ནས་འབྱེ་འབྱེད་དང་རྣམ་གཞག་བསྟན་ཡོད། ༧ «གཏེར་གྱི་ཁ་བྱང»གཞུང་འདི་ནི་ཁོང་གིས་བོན་གྱི་གཏེར་མ་ཁག་གི་དཀར་ཆག་དང་འབྲེལ་ཡོད་གནས་ཚུལ་ཐོ་འགོད་དང་ཕྱོགས་བསྒྲིགས་བྱས་ཤིང་། དེ་དག་ལ་སུན་འབྱིན་དང་ཤན་འབྱེད་དཔྱད་བརྗོད་སོགས་གནང་ཡོད། འདི་ནི་བོན་གྱི་ལོ་རྒྱུས་ཐོག་གི་གསུང་རབ་དཀར་ཆག་ཕྱོགས་བསྒྲིགས་གནང་བ་ཐོག་དང་པོ་ཡིན་པར་བཞེད་ཡོད།[7] གཞུང་འདིའི་ངོས་ནས་བལྟས་ན་ཁོང་གིས་བོན་གྱི་ལོ་རྒྱུས་ཞིབ་འཇུག་དང་དཀར་ཆག་རིག་པའི་ཐད་ལ་བྱས་རྗེས་བླ་ན་མེད་པ་བཞག་ཡོད། ༨ «བསྟན་པའི་ཤན་འབྱེད་འཕྲུལ་གྱི་མེ་ལོང་རབ་གསལ་སྒྲོན་མེ»གཞུང་འདི་ལས་ཁོང་གིས་སྤོབས་པ་ཆེན་པོས་སྟོན་པ་བྱོན་ཚུལ་དང་། བསྟན་པ་དར་ནུབ། བོན་སྒོ་བཅོས་བསླད། བཤེས་གཉེན་དོན་ལྡན་ཡིན་མིན་སོགས་ཀྱི་སྐོར་ནས་དོགས་སློང་དང་དགག་བཞག དག་ཐེར་སོགས་གནང་ཡོད། སྤྱིར་ན་ཁོང་གི་གསུང་རྩོམ་བྱིངས་དང་སྒོས་སུ་འདི་ཉིད་ལས་ཁོང་གི་དགག་སྒྲུབ་ཀྱི་སྙིང་སྟོབས་དང་། སུན་འབྱིན་གྱི་སྤོབས་པ། ཐུན་མིན་གྱི་ལྟ་བ་དང་ལངས་ཕྱོགས། རྣམ་འགྱུར་སོགས་མངོན་པར་བྱས་ཡོད།
གཉིས་པ། ཁོང་གི་དགག་སྒྲུབ་བསམ་བློ་དང་སྙིང་སྟོབས་གླེང་བ།
       སྨན་རིའི་མཁན་ཆེན་ཉི་མ་བསྟན་འཛིན(༡༨༡༣-)ལགས་ནས«བཤད་པའི་གཞུང་བསྒྱུར་གཞའ་འོད་གུར་ཁྱིམ»ནང་དུ“རྩོད་སྤང་དང་ཤན་འབྱེད་ཀྱི་རིགས་པ་ལ་མངའ་བསྙེམས་པ། སྒ་སྟོན་དམ་པ་ཚུལ་ཁྲིམས་རྒྱལ་མཚན”[8]ཞེས་སྒ་སྟོན་མཆོག་གི་དགག་སྒྲུབ་ཀྱི་བསམ་བློ་ལ་གདེང་འཇོག་མཛད་ཡོད། ཁོང་གིས་གསུང་རྩོམ་དག་གི་ཁྲོད་དུ་དོགས་སློང་དང་དགག་བཞག་མང་དུ་མཛད་ཡོད་པ་ལས་དཔེ་མཚོན་ཚུལ་དུ་ཁ་ཤས་དྲངས་ན། གཅིག སྔ་རབས་མཁས་པ་དག་གི་བཞེད་སྟངས་ལ་དགག་སྒྲུབ་གནང་བ། ཁོང་གི«མཛོད་འགྲེལ»ལས“དེས་ན་མཛོད་ཀྱི་བྱེད་བྱས་ལས། རླུང་བཞིའི་འཁོར་ལོས་ཡོངས་སུ་བསྐོར། ཞེས་པ་ལ། སློབ་དཔོན་དྲན་པས། ཉི་ཟླའི་སྐོར་བྱེད་ལ་སྦྱར་བ་ནི། ལུང་དེ་དག་གི་དགོངས་པ་མ་ལོན་པར་ཟད་དོ། །”[9]ཞེས་དང་། ཡང་དེ་ཉིད་ལས“གཉིས་པ་ལོག་རྟོག་དགག་པ་ནི། སློབ་དཔོན་དྲན་པ་དང་ལི་ཤུ་མགྲིན་གཅིག་ཏུ། མེས་བསྲེག་པའི་ཐལ་བ་ཆུས་འཁྲུད། དེའི་ལྷག་མ་རླུང་གིས་གཏོར་ཏེ། མེ་ཆུ་རླུང་གསུམ་མུ་ཆགས་སུ་འདོད་པ་དྲན་པའི་སྒྲ་འགྲེལ་དང་། ལི་ཤུའི་ཡང་རྩེ་ཀློང་ཆེན་གྱི་དྲང་དོན་ལས་བཤད་དོ། །འོ་ན་ནི་དགེ་བའི་ལྷ་རིགས་དང་། འོད་ཀྱི་ལྷ་རིགས་ཐམས་ཅད་བར་ཆད་ཁོ་ནར་འགྱུར་ཏེ། ཚེ་ཚད་བསྐལ་ཆེན་གཉིས་ནས་བཟུང་སྟེ་དྲུག་ཅུ་རྩ་བཞིར་མི་ཐིམ་པ་ལ། ཆུ་རླུང་གི་འཇིག་བྱེད་དུས་ཀུན་དུ་འབྱུང་བར་ཐལ་བས་སོ། །མཛོད་ལས། མུ་མར་རྐྱེན་སད་འོག་མིན་གནམ། བར་གྱི་བསྐལ་པ་ཞེས་བྱ་བ། ཁྲི་དང་གཉིས་སྟོང་ལྔ་བརྒྱར་གནས། ཞེས་པའི་ཕྱིར་རོ། །ཞེ་ན། འོ་ན་མདོ་འདུས་དང་ནམ་མཁའ་སེམས་མཛོད་ལས། མེ་ཡིས་བདུན་ནོ་ཆུ་ཡིས་གཅིག། ཅེས་དང་། མདོ་ལས། མེ་བདུན་ཆུ་གཅིག་བྱུང་ཙམ་ན། ཞེས་པ་ལ་སོགས་ཏེ་སྡེ་སྣོད་མཐའ་དག་ལས། མེ་བདུན་ཆུ་གཅིག་བརྩི་བའི་གོ་དོན་མེད་དེ། མེ་ཆུ་རླུང་གསུམ་སྤེལ་མར་བྱུང་ཡང་འགལ་བ་མེད་པར་ཐལ་བས་སོ། །”[10]ཞེས་བོན་གྱི་ལོ་རྒྱུས་ཐོག་གི་གྲགས་ཆེ་བའི་སྔ་རབས་མཁས་པ་བླ་ཆེན་དྲན་པ་ནམ་མཁའ་དང་། སྙ་ཆེན་ལི་ཤུ་སྟག་རིང་གཉིས་ཀྱི་བཞེད་སྟངས་ལ་དགག་བཞག་གནང་ཡོད། ཡང་ཁོང་གིས་གཡས་རུ་སྟོན་པ་བཅོ་བརྒྱད་ཀྱི་ནང་ཚན་གཉོས་སྟོན་ཚུལ་ཁྲིམས་རྒྱལ་མཚན(༡༡༤༤-)ལགས་ཀྱི་དགོངས་བཞེད་ལ་སུན་འབྱིན་བྱས་ཡོད་དེ། ཁོང་གི་གསུང་རྩོམ«བསྟན་པ་བོན་གྱི་ཀླད་དོན»ལས“གཉོས་རྒྱལ་གྱིས། མཛོད་ནི་ཐེག་ཆུང་འཕན་ཡུལ་པ་ཡིན་ཞེས་པ་ནི། གཞན་སྡེའི་མཛོད་ཉན་ཐོས་བྱེ་བྲག་ཏུ་སྨྲ་བའི་གྲུབ་མཐའ་ཡིན། ཞེས་པས་དེ་ལ་འགྲེས་ནས་རང་གི་རྣམ་གཞག་གི་དགོངས་པ་མ་ལོན་པ་ཡིན་ནོ། །”[11]ཞེས་གསུངས་ཡོད། དེ་བཞིན་ཁོང་གིས་སྤ་སྟོན་དཔལ་མཆོག་བཟང་པོ(༡༠༡༤-)དང་། རྨེའུ་མཁས་པ་ཚུལ་ཁྲིམས་དཔལ་ཆེན(༡༠༥༢-)། ཡར་མེ་བ་ཤེས་རབ་འོད་ཟེར(༡༠༥༨-༡༡༣༢)སེ་སྟོན། སངས་རྒྱས་ཞུ་ཆེན་ནམ་ཞུ་གཡས་ཡེ་ཤེས་རིན་ཆེན། གཡོར་པོ་དཔོན་དད། སུམ་ལྡན་གཡོལ་པོ་མེ་དཔལ(༡༡༣༤-)། འགྲོ་མགོན་བློ་གྲོས་རྒྱལ་མཚན(༡༡༨༩-༡༢༦༤)། གཤེན་ཀུན་མཁྱེན་ཡེ་ཤེས་བློ་གྲོས། ཁོང་གི་སློབ་དཔོན་བསོད་རིན་སོགས་སྔོན་བྱོན་བོན་གྱི་མཁས་པའི་ཁྱུ་མཆོག་དག་ཕྱོགས་སྔར་བཞག་སྟེ། སྤོབས་པ་དང་ཤེས་རབ་ཆེན་པོས་དོགས་འདྲི་དང་དགག་སྒྲུབ་གནང་ཡོད། ཁོང་རྣམ་པ་ནི་སྐབས་དེའི་བོན་གྱི་གྲྭ་ས་ཡ་བཞིར་གྲགས་པའི་གདན་ས་ཁག་གི་མཁས་པ་དག་ཡིན་ལ། དེའི་ནང་ཁོང་གི་སློབ་དཔོན་དང་གདན་སའི་མཁན་རབས་གོང་མ་སོགས་འདུས་ཡོད། འདི་ལས་མངོན་ཐུབ་པ་ནི་ཁོང་ནི་གདན་ས་དང་སློབ་རྒྱུད་ཀྱི་རྒྱ་ལས་བརྒལ་ཏེ། རྒྱལ་བའི་བཀའ་ལུང་དང་རང་གི་རིགས་པ་ཟུང་འབྲེལ་གྱིས་གང་འཆད་བྱའི་གཞུང་ལུགས་ཀྱི་རྣམ་གཞག་གཏན་ལ་འབེབས་མཁན་ཞིག་དང་། རང་གི་རིགས་པས་རྙེད་པའི་གཞུང་ལུགས་ཀྱི་དཀའ་གནད་དང་ལུང་རིགས་ཀྱི་གྲུབ་དོན་དག་སྤོབས་པ་ཆེན་པོས་སྒྲོག་སྤེལ་གནང་བར་སུ་ལའང་འཇིགས་ཞུམ་དང་བག་ཁུམས། དམིགས་བསལ་གྱིས་གུ་ཡངས་མི་མཛད་མཁན་ཞིག་ཡིན་པ་རྟོགས་ཐུབ།
       གཉིས། ཁོང་གིས་གསུང་རབ་ལ་དོགས་སློང་གནང་བ། ཁོང་གི་གསུང་རྩོམ«བསྟན་པ་བོན་གྱི་ཀླད་དོན»ནང་དུ་བོན་གྱི་ཡོངས་གྲགས་སུ་བཀའ་རུ་འདོད་པའི་གསུང་རབ་འགའ་ཞིག་ལ་དོགས་འདྲི་མཛད་ཡོད། སྤྱིར་བཏང་སངས་རྒྱས་ཀྱི་བཀའ་ནི་བཅོས་བསླད་དང་བྲལ་བ་ཞིག་འདོད་དགོས་པས། དེ་ལ་དོགས་སློང་དང་དགག་སྒྲུབ་བྱེད་པ་ནི་དཀའ་བའི་གནས་སུ་གྱུར་ཡོད། ཡིན་ནའང་། ཁོང་གིས་སྔ་རབས་མཁས་པ་དང་བོན་གྱི་གྲུབ་མཐའ་འཛིན་པས་བཀའ་རུ་འདོད་པའི་གསུང་རབ་ཁ་ཤས་ཡང་སྙིང་བཀའ་རྣམ་དག་ཡིན་མིན་གྱི་ཐད་ནས་དོགས་འདྲི་མཛད་ཡོད། དེ་ཡང«བསྟན་པ་བོན་གྱི་ཀླད་དོན»ལས“འོ་ན་གཟེར་མིག་ཀྱང་བརྟེན་པར་འགྱུར་ཏེ། གཤེན་རབ་བྱུང་ཁུངས་མདོ་ལས་བཏུས་པར་བཤད་པས་སོ། །ཞེ་ན། འདོད་དེ། བཀའ་ཡི་རྒྱུ་མཚན་མ་ཚང་ལ། བཏུས་ན་བརྟེན་པའི་རྒྱུ་མཚན་ཅན་ཡིན་པས་སོ། །དེ་ཡང་མདོ་ནི་ཅུང་ཟད་ཤེས་རབ་ཞན་པ་གཅིག་གིས་སྡེབ་པར་མངོན་ཏེ། བསྟན་པ་བཞག་པའི་གནས་ལྷ་ཀླུ་མི་གསུམ་ལ། ཀླུ་ཡུལ་བྱོན་པ་ནི་ཟུར་ཙམ་ལས་མི་སྣང་ལ། ལྷ་ཡུལ་བྱོན་པ་ནི་ཡང་ཡང་བསྐྱར་བ་དང་། སྲས་ལུང་འདྲེན་རྒྱུད་འདྲེན་ཀྱང་གཏོ་བུ་དཔྱད་བུ་དོ་མཉམ་ཡིན་པ་ལ་ཟུར་ཙམ་ཡང་མེད་པའི་ཕྱིར་རོ། །”ཞེས་མཛད་མདོ་འབྲིང་པོ་གཟེར་མིག་ནི་ཤེས་རབ་ཞན་པ་ཞིག་གིས་སྡེབ་པའི་བཀའ་བརྟེན་ཡིན་པའི་ལྟ་བ་བཏོན་ཡོད། ཡང་དེ་ཉིད་ལས“དབང་ཆེན་སྐོར་གསུམ་བཀའ་མིན་པར་འགྱུར་ཏེ། དབུ་གཞུང་རང་སོར་མ་བཞག་བཅོས་པའི་ཕྱིར་ཏེ། གསང་བའི་ཁྲོ་རྒྱུད་ལས་བཏུས་པའི་ཕྱིར། ཞེ་ན། འདོད་དེ། བཀའ་ནི་ཕུན་སུམ་ཚོགས་པ་ལྔ་ལྡན་གྱི་གླེང་གཞི་ཅན་ཡིན་པ་ལ། དེ་ལ་མ་ཚང་པས་སོ། །”ཞེས་དང་། “དེ་ན་དབང་ཆེན་སྐོར་གསུམ་ཡང་རྗེས་འཇུག་གིས་སྡེབ་པར་མངོན་ཏེ། གསང་འདུས་དང་སྟག་ལྷས་གསུང་པའི་ལས་ཐིག་འཕྲིན་ལས་ཀྱང་རང་སོ་སོར་དྲང་པའི་ཕྱིར་རོ། །”ཞེས་གསང་སྔགས་ཀྱི་བཀའ་སྤྱི་སྤུངས་སྐོར་གསུམ་ནི་བཀའ་བརྟེན་ཡིན་པ་གསུངས་ཡོད། ཡང་གཞུང་དེ་ཉིད་ལས“གབ་པ་ལ་གླིང་གཞི་མེད་པས་བྱང་ཆུབ་སེམས་ཀྱི་ཐེག་པ། ཞེས་པ་ནས། རྩ་བའི་དོན་སྟོན་པས་གསུངས་པ་རྫོགས་སོ། །ཞེས་པའི་བར་བཀའ་ཡིན་ལ། གཞན་དག་ཡན་ལག་རྣམས་བརྟེན་པ་ཡིན་ཏེ། ལུང་དྲང་པའི་ཕྱིར་རོ། །”ཞེས་རྫོགས་ཆེན་གྱི་བོན་སྡེ་བྱང་སེམས་གབ་པ་ལ་བཀའ་དང་བརྟེན་པ་གཉིས་ཀྱི་ཆ་ཡོད་པར་བཞེད་ཡོད། ཡང“མཛོད་དབུ་གཞུང་བརྟེན་པ་ཡིན་ཏེ། འགྲེལ་བ་མཚོ་རྔ་མ་ལས། མཛོད་མདོ་ཡི་ལུང་མང་པོ་དྲང་པ་དང་། སྡེབས་ལུགས་སྣོད་བཅུད་བསྐལ་གསུམ་ལ་ནི། དབུ་གཞུང་བག་ཙམ་བྱས་ལ། གཞན་འདྲེས་རྐང་ཀྱང་རང་སོ་ལས་མ་ཤེས་པ་དང་། ལྷག་ཆད་ནོར་གསུམ་དུ་གྱུར་པས་མི་མཁས་པ་གཅིག་གིས་སྡེབས་པར་ཟད་དོ། །”[12]ཞེས་མཛོད་ཕུགས་ལ་བཀའ་བརྟེན་གྱི་ཆ་ཡོད་པ་གསུངས་ཡོད།
       གསུམ། སྔོན་གྱི་གཏེར་སྟོན་དང་མཁས་པ་དག་གི་མཛད་སྤྱོད་ཁ་ཤས་ཐེར་འདོན་བྱས་པ། འདིའི་སྐོར་ཁོང་གི་གསུང་རྩོམ«བསྟན་པའི་ཤན་འབྱེད»དང«གཏེར་གྱི་ཁ་བྱང»གཉིས་ནང་རྒྱས་པར་སྣང་ནའང་། འདིར་ཐམས་ཅད་དྲངས་ན་ཉོབ་པར་འདོད་དེ། དཔེ་མཚོན་ཙམ་དུ་ཁ་ཤས་དྲངས་ཡོད། དེའང་ཁོང་གིས«བསྟན་པའི་ཤན་འབྱེད»ནང་དུ་རྨེའུ་སྟོན་ཚུལ་ཁྲིམས་དཔལ་ཆེན་གྱིས་ཚངས་པ་གཙུག་ཕུད་ཀྱིས་མཛད་པའི་ཁམས་བརྒྱད་ཀྱི་འགྲེལ་བ་མདོ་ཡི་སྲོལ་ལྟར་བཅོས་པ་སོགས་ཀྱིས་ཉེས་པས་ཁམས་གཞིས་སྐུ་འདས་པ་དང་། གླང་སྟོན་བརྩོན་འགྲུས་གེང་གེ་དང་། མེ་སྟོན་ཤེས་རབ་འོད་ཟེར། ཅོག་ལ་གཡུ་སྐྱིད་སོགས་ཀྱིས་ཁམས་ཆེན་དང་འབུམ་སོགས་སྤྲོ་བསྡུ་བྱས་ཏེ་རྒྱལ་བའི་གསུང་རབ་བསླད་ཡོད་པ་དང་། རྨ་སྟོན་ལྷ་རྒོད་དང་། དཔོན་གསས་ཁྱུང་རྒོད་རྩལ། འོར་སྒོམ་ཕུག་པ། དམ་པ་རང་གྲོལ། ཤར་པ་རྣལ་འབྱོར་སོགས་ནས་རང་གིས་བརྩམས་པ་མང་པོ་ཞིག་ལ་གཏེར་སྙན་གྱི་བོན་སྡེ་རུ་བསྙད་ཡོད་པའི་གནས་ཚུལ་ཡོད་པ་གསུངས་ཡོད། ཡང«གཏེར་གྱི་ཁ་བྱང»ནང་དུ་གཤེན་ཆེན་ཀླུ་དགས་གཏེར་གྱི་གསང་ཚད་མ་ཐུབ་སྟེ། གཏེར་བདག་གི་བར་ཆད་བྱུང་ནས་ཞང་གསེར་ཡིག་ཅན་གྱིས་མཆོད་རྟེན་མངའ་གསོལ་གདན་དྲངས་སྐབས་ལོ་བཙུན་རྡོ་རྗེ་དབང་ཕྱུག་གིས་དུག་སྦྱར་ནས་བཀྲོངས་པ་དང་། གཉན་སྟོན་ཤེས་རབ་རྡོ་རྗེས་བོན་འགའ་ཞིག་ཆོས་སུ་བཅོས་པས་ནད་ངན་གྱིས་ཟིན་པ་སོགས་གསུངས་ཡོད།
       བཞི། གྲུབ་མཐའ་གཞན་པའི་འདོད་སྟངས་ཁ་ཤས་དགག་པ་དང་། འབྲེལ་ཡོད་གནད་དོན་འགའ་ཞིག་གླེང་བ། ཁོང་གིས«བསྟན་པའི་ཤན་འབྱེད»ལས“རྒྱ་གར་ཡི་གེ་ཅ་ཆ་ཇ་གསུམ་དང་། །ཞ་ཟ་འ་གསུམ་དང་ནི་དྲུག་མེད་པས། །བོན་གྱི་ཡི་གེ་དག་ལ་དཔེ་བླངས་བར། །ཐོན་མི་སམ་བྷོ་ཏྲ་ཡིས་མཛད་ཅེས་གྲགས། །བོད་ཀྱི་ཡུལ་དུ་བསྟན་པ་བོན་སྔ་བར། །ཡིག་འབྲུ་དེ་དག་བོད་ལ་མེད་དམ་ཅི། །”[13]ཞེས་བོད་ཡིག་ཐོན་མིས་མཛད་ཅེས་པར་དགག་པ་གནང་ཡོད། འདི་ནི་བོད་ཡིག་སློབ་དཔོན་ཐོན་མིས་མཛད་པ་ཡིན་མིན་ལ་དོགས་སློང་གནང་མཁན་ཐོག་མ་ཡིན་ཀྱང་སྲིད་སྙམ། ཡང་གཞུང་དེ་ཉིད་ལས། བོན་གྱི་ཀླུ་འབུམ་ནང་ནས་གཟུངས་ཆེན་གྲྭ་ལྔ་སོགས་ཆོས་སུ་བསྒྱུར་བ་དང་། སྐབས་དེར་ཀ་བ་དཔལ་བརྩེགས་དང་ཅོག་རོ་ཀླུ་རྒྱལ་སོགས་གསན་ཁུངས་ཞན་པས་ཡག་པོ་བསྒྱུར་ཐུབ་མེད་པ་ལ། བོན་མོ་ཅོ་བཟས་རོགས་བྱས་ནས་བསྒྱུར་བ། དུས་རབས་བརྒྱད་པའི་ནང་དུ་བྷི་མ་མི་ཏྲ་དང་པདྨ་སམ་བྷ་ཝས་མངོན་པར་རོལ་པའི་སྐོར་དང་རྫོགས་ཆེན་སྐོར་ཆོས་སུ་བསྒྱུར་བ་སོགས་གླེང་ཡོད། གཞན་ཡང་ས་པཎ་ཀུན་དགའ་རྒྱལ་མཚན་ལགས་ཀྱི་བཞེད་སྟངས་ཁ་ཤས་ལ་དགག་བཞག་མཛད་ཡོད། འདི་དག་ལས་ཁོང་གི་དགག་སྒྲུབ་ཀྱི་བསམ་བློ་དང་སྤོབས་པ། སྙིང་སྟོབས་དག་ཆེས་ཆེར་མངོན་པར་བྱས་ཡོད།
གསུམ་པ། ཁོང་གི་དགག་སྒྲུབ་བསམ་བློ་དེའི་རྩ་བའི་གཏན་ཚིགས་སྐོར།
       ཁོང་གི་གསུང་རྩོམ་བྱིངས་ལ་དགག་སྒྲུབ་ཀྱི་མཁའ་དབུགས་སྟུག་པོ་ཞིག་ཆགས་ཡོད་ཅིང་། དེ་དག་ལའང་རྩ་བའི་རིགས་ལམ་མམ་གཏན་ཚིགས་ཤིག་ཡོད་པ་ནི་བསྙོན་དུ་མེད། མཚམས་འདི་ནས་ང་ཚོས་མཉམ་དུ་ཁོང་གི་དགག་སྒྲུབ་བསམ་བློ་དེའི་རྩ་བའི་གཏན་ཚིགས་དེ་འཚོལ་ཞིབ་བྱས་ན། ཁོང་གིས་དགག་སྒྲུབ་གནང་སྐབས་རྩ་བའི་སྒྲུབ་བྱེད་ནི་རྒྱུད་སྡེ་དང་རང་གི་རིགས་པ་ཟུང་ལ་བསྟེན་ཡོད། དེའང“ལུང་ནི་འདམ་གྱི་ཕུར་པ་འདྲ་སྟེ། གར་དྲང་བར་འོང་བ་ལ་རིགས་པའི་རྒྱབ་རྟེན་མེད་པར་ཡིད་མི་ཆེས”[14]ཞེས་གསུངས་པ་ལྟར་ཁོང་གིས་རྒྱུད་སྡེ་གཅིག་པུར་བསྟེན་པ་མིན་པར་རང་གི་རིགས་པས་ལུང་གི་རྒྱབ་རྟེན་བྱེད་རྒྱུར་འབད་པ་ཆེན་པོ་གནང་ཡོད། ཁོང་གི་གསུང་རྩོམ་རྣམས་བཀླགས་ཡོང་ན་ཡོངས་གྲགས་སམ་མཁས་པ་ཕལ་གྱི་འདོད་སྟངས་དང་མི་མཐུན་པ་མང་པོ་ཞིག་གསུངས་ཡོད། ཁོང་ལ་དགོངས་བཞེད་དམིགས་བསལ་བའམ་ཐུན་མིན་གྱི་ལྟ་བ་ཞིག་ཆགས་དོན་ནི་གཅིག་ནས་ཁོང་གི་གཤིས་ཀ་དང་སློབ་གཉེར་གྱི་བརྒྱུད་རིམ་སོགས་ལ་འབྲེལ་བ་དམ་ཟབ་ཡོད་སྲིད་ལ། གཙོ་བོ་ནི་ཁོང་གིས་རྒྱུད་སྡེ་ཁག་གི་དགོངས་པ་གཙིགས་སུ་འཛིན་པའི་བསམ་བློ་དེར་རགས་ལས་ཡོད། དེར་བརྟེན། ཁོང་གིས་རྒྱུད་སྡེ་ཁག་གི་ལུང་ཚིག་ལ་ཐུགས་སྣང་ཆེ་བཞེས་གནང་བ་དང་། ཕྱོགས་གཅིག་ནས་རྒྱུད་སྡེ་དང་མི་མཐུན་པའི་བཞེད་སྟངས་དག་ལ་ཐེར་འདོན་དང་སུན་འབྱིན་གནང་ཡོད། དཔེར་ན། ཁོང་གིས«བསྟན་པའི་ཤན་འབྱེད»ལས“མུ་ཁྲི་བཙད་པོ་སྟོང་དང་བརྒྱ་པའི་མཚམས། །ཨུ་རྒྱན་ཡུལ་གྱི་ལྷ་རི་གྱང་དོར་འཁྲུངས། །སྟག་ཝེར་ལི་ཝེར་གཤེན་རབ་དུས་མཉམ་པར། །མཛད་པ་རྣམ་དག་རྒྱུད་ལས་གསལ་བོར་བཤད། །རྟོག་བཟོའི་བོན་ལས་གོང་མ་ཆེ་དྲུག་དག། སྟོན་པའི་སླད་འབྱོན་བཤད་པ་བཞད་གད་གནས། །”[15]ཞེས་དང་།«ཐེག་པའི་རིམ་པ་གསལ་བྱེད་མེ་ལོང»ལས“མུ་ཁྲི་བཙན་པོ་ནི་སྟོང་དང་བརྒྱ་པའི་མཚམས་ཙམ་དུ། ཨོ་རྒྱན་གྱི་རྒྱལ་རིགས་གཅིག་ཡིན་པར་མངོན་ཏེ། བྱེ་མ་གཡུང་དྲུང་ལྷ་ཡུལ་དང་། ལྷ་རི་གྱང་ཏོ་རྣམས་ཨུ་རྒྱན་གྱི་ཡུལ་དུ་ཡོད་པར་བཤད་པའི་ཕྱིར་དང་། མུ་ཁྲིའི་ཡང་སློབ་བོན་མོ་སྟག་ཝེར་ལི་ཝེར་ཀྱང་མཛད་པ་དྲུག་ཅུའི་མདོ་དང་རྣམ་དག་མཐུན་པར་གཤེན་རབ་དང་དུས་མཉམ་པར་བཤད་པའི་ཕྱིར་རོ། །དེས་ན་བོད་རྒྱལ་གྱི་མུ་ཁྲི་བཙན་པོ་དང་། གོང་མ་ཆེ་དྲུག་གི་མུ་ཁྲི་ནི་དུས་མི་མཚུངས་ལ། ཀོང་གི་ལྷ་རི་གྱང་ཏོ་དང་། ཨུ་རྒྱན་གྱི་ལྷ་རི་གྱང་ཏོ་གཉིས་སུ་ཡོད་པར་གསལ་ལོ། །”[16]ཞེས་མཛད་པ་དྲུག་ཅུའི་མདོ་དང་རྣམ་དག་རྒྱུད་ལས་སྟག་ཝེར་ལི་ཝེར་གཤེན་རབ་དང་དུས་མཉམ་པར་བཤད་པས། དེའི་གོང་བྱོན་པའི་མུ་ཁྲི་བཙན་པོ་ནི་སྟོན་པ་གཤེན་རབ་ཀྱི་གོང་དུ་བྱོན་པ་དང་། གོང་མ་ཆེ་དྲུག་ནང་གི་མུ་ཁྲི་བཙན་པོ་ནི་བོད་རྒྱལ་མུ་ཁྲི་བཙན་པོ་མ་ཡིན་པ་སོགས་འདོད་དགོས་པར་གསུངས་ཡོད། གཞན་ཡང«བསྟན་པའི་ཤན་འབྱེད»ལས“མུ་ཁྲི་ཆེ་དྲུག་གཤམ་ལ་གདུང་བརྒྱུད་འགོ །ཁ་ཅིག་རྨ་ལོ་དར་དཔྱང་འདོགས་པ་ནི། །རྒྱུད་ལས་གྲགས་མིན་རྟོག་པས་རང་བཟོ་སྟེ། །”ཞེས་དང་། “སྤ་གྲོར་ཐོན་ལོའི་འབན་བཟློག་ཆེན་མོ་དང་། །ཅེར་ཏིར་ཐོན་ལོ་གཏོར་བཟློག་ཆེན་མོ་སོགས། །གཞན་ཡང་རྟོག་པས་སོ་སོར་བསྡེབས་པ་ཡི། །གཏེར་མར་བསྙད་བརྗོད་སོ་སོར་ག་ན་ལྡང་། །”ཞེས་དང་། “ལྷོ་གཏེར་ཀུན་རིག་དག་ལས་བྱུང་བ་ཡི། །གཙང་མའི་ལྷ་མོ་བཅུ་དྲུག་སྙིང་པོའི་གཤམ། །ཨུ་དུག་ཞི་ཞི་སང་སང་འདོགས་པ་ཡི། །ཁྲུས་ཀྱི་གཟུངས་ཞེས་བྱ་བའི་གཟའ་གཟུངས་བརྩམས། །དོང་སྤྲུག་གཟུངས་ཞེས་བྱ་བའི་ལོག་བསྡེབས་གཅིག །འབུམ་དང་སྟོང་པ་ཁྲི་པ་ལྔ་བརྒྱ་ཡི། །ཚེ་ཡི་མིག་རེར་གཤེན་བཞི་འབྱུང་བ་དེ། །ལྷ་གཤེན་སྲིད་གསུམ་རྒྱལ་ཐེབས་བཞི་ཞེས་བྲིས། །དེ་དག་བོད་ཀྱི་མཁས་འདོད་འཆལ་གཏམ་སྟེ། །དེ་འབྱུང་བོན་ནི་བཅོས་མ་ཅིས་མ་ཡིན། །”[17]ཞེས་དང་། ཡང«ཐེག་པའི་རིམ་པ་གསལ་བྱེད་མེ་ལོང»ལས“དེས་ན་སྙན་རྒྱུད་ཡིན་ཟེར་བའི་རང་བཟོ་མཁན་འགའ་ཞིག་གིས། ཡེ་གཤེན་གཙུག་ཕུད་བརྒྱ་པའི་འདྲེན་ལ་སྦྱར་བ་ནི། ལུང་ལ་མ་ལྟོས་པའི་རང་བཟོ་ཟད་དོ། །”ཞེས་དང་། “སྔོན་གྱི་ཡེ་གཤེན་གཙུག་ཕུད་ནི་ལམ་གྱི་ས་དགུ་ལས་མ་ནོན་པར་ཞི་བ་ཡོངས་རྫོགས་ལས་བཤད་ལ། ད་ལྟའི་གཤེན་རབ་ནི་བླ་ན་མེད་པའི་ས་ནོན་པ་སྟེ། ཁམས་བརྒྱད་ལས། བླ་ན་མེད་པའི་ཡང་དག་པའི་དོན་གཏན་ཕབ་པའི་གཤེན་རབ་ཆེན་པོ་དེས། ཞེས་པའི་ཕྱིར་རོ། །”[18]ཞེས་སོགས་གསུངས་ཡོད། འདི་དག་ལས་ཤེས་རྟོགས་ཐུབ་པ་ནི། ཁོང་གིས་རྒྱུད་སྡེ་ཁག་གི་དགོངས་པ་གཙིགས་སུ་བྱེད་པ་དང་། གཏེར་མ་དང་སྙན་རྒྱུད་དུ་གྲགས་པའི་བོན་སྡེ་མང་པོ་ཞིག་ནི་བོད་པའི་གསར་བཟོ་ཡིན་པས་ཡིད་རྟོན་རུང་བ་མེད་ཚུལ་གསུངས་ཡོད། དེས་ན་ཁོང་གི་དགག་སྒྲུབ་ཀྱི་རྩ་བའི་གཏན་ཚིགས་ནི་རྒྱུད་ལུང་གི་རང་ཚིག་ལ་གཙོ་བོར་གཞི་བཅོལ་དགོས་པ་དང་། དེ་དག་དང་མི་མཐུན་པའི་བཞེད་སྟངས་ནི་ནོར་འཁྲུལ་ཡིན་པ། ལྷག་ཏུ་གཏེར་སྙན་དུ་གྲགས་པའི་བོན་སྡེ་མང་པོ་ཞིག་གི་ནང་དོན་ལ་བསྲེ་བསླད་བྱུང་ཡོད་པས་ཤན་འབྱེད་དང་བྱི་དོར་དགོས་ཚུལ་གསུངས་ཡོད།
བཞི་པ། ཁོང་གི་དགག་སྒྲུབ་བསམ་བློ་དང་དེའི་རྩ་བའི་གཏན་ཚིགས་ཀྱི་བྱུང་ཁུངས་གླེང་བ།
       གཅིག ལོ་རྒྱུས་རྒྱབ་ལྗོངས།
       གཉའ་ཁྲི་བཙན་པོ་ཡར་ལུང་གི་སྤུ་རྒྱལ་བཙན་པོའི་རྗེ་བོ་མཛད་པ་དང་རིམ་བཞིན་མངའ་ཐང་དར་རྒྱས་སུ་ཕྱིན་ནས་བཙན་པོ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་སླེབས་སྐབས་བོད་ཆེན་པོ་གཅིག་གྱུར་བཟོས་ཤིང་། ཕྱོགས་མཚམས་ཀྱི་མི་རིགས་མང་པོ་ཞིག་ལ་དམག་དྲངས་པ་དང་འབྲེལ་ཆབ་དཔལ་རིག་གསུམ་གྱི་ཐད་ནས་འབྲེལ་འདྲིས་མང་དུ་བྱུང་ཡོད། ལྷག་ཏུ་རྒྱ་གར་དང་བལ་པོ་སོགས་ནས་ཐུབ་བསྟན་ཆོས་ལུགས་བོད་ལ་དར་བའི་འགོ་ཚུགས་པ་དང་། དུས་སྐབས་དེའི་གཡས་གཡོན་ནས་མ་ཎི་ཀའི་ཆོས་ལུགས་དང་། རེ་སེ་ཐོ་རི་ཆོས་ལུགས། རྒྱ་ནག་གི་ཏའོ་ཞེས་པའི་ཆོས་ལུགས་སོགས་བོད་ལ་དར། དུས་རབས་བརྒྱད་པའི་ནང་དུ་བཙན་པོ་ཁྲི་སྲོང་སྡེ་བཙན་གྱིས་བསམ་ཡས་ལྷ་ཁང་བཞེངས་པ་དང་། རབ་བྱུང་གི་སྡེ་བཙུགས་པ། རྒྱ་དཀར་ནག་གཉིས་ཀྱི་སྐད་ལས་ཆོས་གཞུང་མང་པོ་བོད་སྐད་དུ་སྒྱུར་བའི་ལས་གཞི་བརྩམས་པས། རྒྱ་གར་གྱི་དགེ་སློང་དང་བལ་པོའི་བཙུན་པ། རྒྱ་ནག་གི་ཧྭ་ཤང་སོགས་བོད་ཡུལ་དབུས་སུ་འདུས་ཤིང་། ཕྱི་ལོག་གི་ཆོས་སྤེལ་མི་སྣ་དང་བོད་རང་སའི་ཆོས་བྱེད་མི་སྣ་དག་གི་བར་དུ་ལྟ་གྲུབ་སོགས་ཀྱི་ཐད་ནས་འགལ་འདུ་དང་རྩོད་པ་མང་དུ་བྱུང་ཞིང་། རྒྱ་དཀར་ནག་གཉིས་ཀྱི་ཆོས་པ་དག་གི་ཁྲོད་དུའང་གཞུང་ལུགས་དང་ལྟ་གྲུབ་ཐད་ནས་རྩོད་པ་ཆེས་ཆེར་འཕེལ། དེ་ལ་བརྟེན་ནས་གྲུབ་མཐའ་ཁག་གི་མཁས་པ་དག་གིས་དགག་བཞག་སྤང་གསུམ་གྱི་མཛད་པ་ལྷུར་དུ་ལེན་པའི་ལམ་ལུགས་ཤིག་ངང་ངམ་ཤུགས་ཀྱིས་བསིལ་ལྡན་གངས་ཀྱི་ར་བའི་ཕྱོགས་མཚམས་སུ་བདལ་འགོ་བརྩམས། དེ་དང་མཉམ་དུ་བོད་བཙན་པོའི་སྲིད་གཞུང་གིས་ཆོས་གཞུང་གང་ཞིག་བསྒྱུར་ཆོག་མིན་སོགས་ཀྱི་ཐད་ནས་ཁྲིམས་ལུགས་གཏན་འབེབས་བྱས་ཤིང་། གསང་སྔགས་ཀྱི་རྒྱུད་སྡེ་འགའ་ཞིག་ནི་བསྒྱུར་མི་ཆོག་པ་བྱས་པ་ཡིན། འདི་དག་ལས་མངོན་ཐུབ་པ་ནི་སྐབས་དེ་ཤེད་ནས་ཆོས་ལུགས་པ་ནང་ཁུལ་དུ་ལྟ་གྲུབ་ཀྱི་འགལ་བ་དང་རྩོད་པ་ཛ་དྲག་ཏུ་ཡོད་པ་རྟོགས་ཐུབ། སྤྱི་ལོ༨༤༢ལོར་བཙན་པོའི་རྒྱལ་རབས་འཐོར་ཞིག་སོང་བ་དང་སྦྲགས། སྔར་གྱི་ཆོས་ལུགས་དང་འབྲེལ་བའི་བཀག་རྒྱ་དང་གཏན་འབེབས་དེ་དག་མེད་པར་གྱུར་པས། བོད་ཡུལ་དུ་ཆོས་བྱེད་མི་སྣ་རུ་གྲགས་པའི་འཇོལ་ཉོག་གི་བྱ་སྤྱོད་སྤེལ་མཁན་ཆར་ཤུལ་གྱི་ཤ་མོང་བརྡོལ་བ་ལྟར་གྱུར། དུས་རབས་བཅུ་པའི་ནང་དུ་སླེབས་སྐབས་བཙན་པོའི་གདུང་རྒྱུད་མངའ་རིས་གུ་གེའི་རྒྱལ་པོ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་སླར་ཡང་ཆོས་གཞུང་དག་ཐེར་གནང་རྒྱུའི་ཐུགས་བཞེད་འཁྲུངས་ཤིང་། སྔགས་ལོག་སུན་འབྱིན་གྱི་བསྟན་བཅོས་མཛད་པ་དང་། ལོ་ཙྰ་བ་རིན་ཆེན་བཟང་པོ(༩༥༨-༡༠༥༥)དང་རྔོག་ལེགས་པའི་ཤེས་རབ་སོགས་ཁ་ཆེའི་ཡུལ་དུ་ཆོས་བསླབ་པར་བརྫངས། ཁོང་རྣམ་པ་ཕྱིར་སླེབས་རྗེས་ཆོས་ལུགས་དར་སྤེལ་དང་བསྟན་བཅོས་དུ་མ་བོད་སྐད་དུ་བསྒྱུར། སྒོས་སུ་ལོ་ཙཱ་བ་རིན་ཆེན་བཟང་པོས་ཆོས་དང་ཆོས་མིན་རྣམ་པར་འབྱེད་པའི་བསྟན་བཅོས་ཞེས་པ་མཛད། དེ་རྗེས་ཕོ་བྲང་ཞི་བ་འོད་ཀྱིས་རྒྱ་གར་ནས་ཇོ་བོ་རྗེ་གདན་དྲངས་པ་དང་བསྟན་བཅོས་དུ་མ་བོད་ཡིག་ཏུ་བསྒྱུར། ལྷག་ཏུ་ཁོང་གིས་སྔགས་ལོག་སུན་འབྱིན་གྱི་བཀའ་ཤོག་སྤེལ་བ་དང་། སྐབས་དེར་དར་བའི་ཆོས་ལུགས་པའི་སྣང་ཚུལ་དག་ལ་དག་ཐེར་དང་དགག་བཞག་ཤུགས་ཆེར་གནང་ཡོད། དེ་རྗེས་འགོས་ཁུག་པ་ལྷ་བཙས་དང་། རྔོག་ལེགས་པའི་ཤེས་རབ། ཆག་ལོ་ཆོས་རྗེ་དཔལ་སོགས་ཀྱིས་སྔགས་ལོག་སུན་འབྱིན་བསྟན་བཅོས་མཛད་དེ་ཆོས་གཞུང་ལ་དག་ཐེར་དང་། ཆོས་ལུགས་པའི་ལྟ་སྒོམ་སྤྱོད་གསུམ་ལ་བྱི་དོར་དང་ལེགས་བཅོས་སོགས་གནང་ཡོད། ཡང་སྒོས་སུ་ས་པཎ་ཀུན་དགའ་རྒྱལ་མཚན(༡༡༨༢-༡༢༥༡)ལགས་ཀྱིས«སྡོམ་གསུམ་རབ་དབྱེ»མཛད་པ་སོགས་ཀྱིས་གངས་ཅན་ལྗོངས་ཀྱི་གྲུབ་མཐའ་དང་ཆོས་བརྒྱུད་ཁག་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། སྒ་སྟོན་ལགས་འཁྲུངས་པའི་དུས་དེར་བོད་ཁམས་སུ་ཆོས་ལོག་དང་སྔགས་ལོག་ལ་སུན་འབྱིན་དང་། ཡང་ན་གསང་སྔགས་དང་རྒྱུད་སྡེ་སོགས་ཀྱི་སྐོར་ནས་དགག་བཞག་དང་རྩོད་སྤང་། ཐེལ་འདོན་དང་དག་ཐེར་བྱེད་པའི་ཚ་རླབས་ཤིག་འཕྱུར་དང་འཕྱུར་བཞིན་པའི་སྒང་དང་ཁེལ་ཡོད། འབྲེལ་ཡོད་ཡིག་ཆ་ཁ་ཤས་ལྟར་ན་ཁོང་དབུས་ཀྱི་གསང་ཕུ་ནེའུ་ཐོག་དང་གཙང་གི་སྣར་ཐང་དུ་སློབ་གཉེར་ལ་ཕེབས་མྱོང་འདུག་པས། དེ་དག་ནས་ཁོང་གི་མཐོང་རྒྱ་བསྐྱེད་པ་དང་མཉམ་དུ་རིས་སུ་མ་ཆད་པའི་གྲུབ་མཐའ་ཁག་གི་ལེགས་ཆ་སྡུད་ལེན་དང་། རང་གཞུང་གི་གསུང་རབ་དང་བསྟན་བཅོས་དག་ལ་ཕྱིར་རྟོག་དང་དག་ཐེར་གནང་རྒྱུའི་ཐུགས་འདུན་འཁྲུངས་ཡོད་ངེས།
གཉིས། སྔར་སྲོལ་བཟང་པོ་ཡོད་པ།
       བོན་གྱི་ཕྱི་དར་བསྟན་པའི་སྲོལ་འབྱེད་གཤེན་ཆེན་ཀླུ་དགའ(༩༩༦-༡༠༣༥)མཆོག་གིས་སྤྱི་ལོ༡༠༡༧ལོར་འབྲིག་མཚམས་མཐའ་དཀར་ནས་བོན་དཔེ་མང་པོ་གཏེར་བཞེས་པ་དང་། ཁོང་ལ་བཀའ་བབ་ཀྱི་སློབ་མ་མཆོག་ཏུ་གྱུར་པ་བཞི་བྱུང་བ་ལས། བྲུ་ཤ་ཁྱུང་གི་རྒྱལ་མཚན་ལ་སྣང་སྲིད་མཛོད་ཕུགས་སོགས་མཚན་ཉིད་ཀྱི་བཀའ་བབ། ཞུ་གཡས་ལེགས་པོ་ལ་བྱང་སེམས་གབ་པ་སོགས་སེམས་ཕྱོགས་ཀྱི་བཀའ་བབ། སྤ་སྟོན་དཔལ་མཆོག་བཟང་པོ་ལ་ཁྲོ་བོ་དབང་ཆེན་སོགས་གསང་སྔགས་ཀྱི་བཀའ་བབ། ཅོག་ལ་གཡུ་སྐྱིད་ལ་གསུང་རབ་ཁམས་ཆེན་གྱི་བཀའ་བབ་པ་རེད། གཤེན་ཆེན་ཀླུ་དགའི་རྗེས་སུ་གཤེན་སྟོན་ནམ་མཁའ་རྒྱལ་མཚན་བྱོན་ཅིང་། ཁོང་གིས་བོ་དོང་ཁ་ཡི་གདན་ས་བསྐྱངས་ཏེ་འཆད་ཉན་གནང་། དེ་རྗེས་གཤེན་ཀུན་མཁྱེན་ཡེ་ཤེས་བློ་གྲོས་བྱོན་ཏེ་བསྟན་བཅོས་དང་གཞུང་ལུགས་མཛད་ཅིང་། གཤེན་དར་སྡིངས་གསེར་སྒོ་ཁྲ་མོ་དང་རི་རྒྱལ་དགོན་གཉིས་ཕྱག་བཏབ་ནས་འཆད་ཉན་སྒོམ་སྒྲུབ་ཀྱི་བསྟན་པ་རྒྱས་པ་ཡིན་ནོ། །
       གཤེན་ཆེན་པོའི་སློབ་མ་བྲུ་ཤ་ཁྱུང་གི་རྒྱལ་མཚན་ལགས་ཀྱིས་ལ་སྟོད་ག་ར་ངོ་མང་ཞེས་པའི་ས་གནས་སུ་བོན་གྱི་གསས་ཁང་བཞེངས་ནས་འདུས་སྡེ་བཙུགས་ཤིང་། གབ་འགྲེལ་དང་མཛོད་འགྲེལ་སོགས་གཞུང་ལུགས་མང་དུ་མཛད་པ་དང་ལྷག་པར་སྲིད་པའི་མཛོད་ཕུགས་སོགས་མཚན་ཉིད་རྩོད་སྤང་གི་འཆད་ཉན་སྲོལ་བཏོད། དེ་རྗེས་བྲུ་རྗེ་གཡུང་དྲུང་བླ་མས་གཡས་རུ་དབེན་ས་ཁའི་དགོན་པ་བཞེངས་པ་དང་འདུས་སྡེ་མང་དུ་འཕེལ་ཞིང་། གཡས་རུའི་སྟོན་པ་བཅོ་བརྒྱད་དུ་གྲགས་པའི་མཁས་གྲུབ་དག་བྱུང་བ་མ་ཟད། མཁས་པ་དེ་དག་གིས་དགག་བཞག་དང་རྩོད་སྤང་ལམ་ནས་གབ་མཛོད་ས་གསུམ་སོགས་གཞུང་ལུགས་ཁག་གི་འགྲེལ་བ་བཏབ། ཞུ་གཡས་ལེགས་པོ་སྐྱིད་མཁར་རི་ཞིང་དུ་ཕྱིར་ཕེབས་པ་དང་། སྒོམ་སྒྲུབ་གནང་བ་དང་སྔགས་སེམས་ཀྱི་བོན་ལ་འཆད་ཉན་མཛད། རབ་བྱུང་གསུམ་པའི་ལྕགས་ཁྱི(༡༡༩༠)ལོར་སངས་རྒྱས་ཞུ་ཆེན་ལགས་ཀྱིས་ཞུ་ཡི་གདན་ས་དབང་ལྡན་ལྷུན་གྲུབ་སྒང་ཕྱག་བཏབ་པ་དང་། ཁོང་གིས་གསུང་རྩོམ་མང་དུ་མཛད་ཅིང་འཁོར་སློབ་མང་དུ་འདུས་པ་ལས། དབང་ལྡན་ཞུ་ཡི་གདན་ས་ཞེས་རྗེས་མཇུག་མཁས་གྲུབ་མང་དུ་བྱོན་པ་ཡིན། སྤ་སྟོན་དཔལ་མཆོག་བཟང་པོས་གསང་སྔགས་ཀྱི་རྒྱུད་སྡེ་ལ་སློབ་སྦྱོང་མཐར་ཕྱིན་གནང་བ་དང་ཐིག་ལེ་དབྱིངས་འཆད་ལ་འགྲེལ་བ་བཏབ་ཅིང་སློབ་རྒྱུད་མང་དུ་འཕེལ། ཁོང་གི་སྐུ་ཚ་དཔལ་ལྡན་བཟང་པོའི་སྐབས་སུ་སྤ་ཡི་རི་ཁྲོད་རི་ཁུད་བདེ་སྒང་དེ་གཏན་འཇགས་ཀྱི་དགོན་པར་འཕེལ་རྒྱས་ཕྱིན་པ་དང་མཚན་ལ་སྤ་ལ་ཕུག་དགོན་ཞེས་འབོད་ཅིང་། དགོན་དེར་འཆད་ཉན་གྱི་རིང་ལུགས་རྒྱ་ཆེར་དར། སྤ་ཡི་བཟང་པོ་བཅུ་གསུམ་ཞེས་པའི་མཁས་གྲུབ་དག་བྱུང་བ་ཡིན། གཤེན་གྱི་སློབ་མ་ཁོང་རྣམས་ལ་གཏུག་མཁན་ནི་རྨེའུ་ལྷ་རི་གཉེན་པོ་ལགས་ཡིན་ལ། ཁོང་གིས་གཙང་གི་གུར་ཞོག་ལ་གདན་ས་བཏབ། ཁོང་གི་སྲས་རྨེའུ་ཚུལ་ཁྲིམས་དཔལ་ཆེན་ཕྱོགས་ཁག་གི་འདུས་སྡེ་འགྲིམས་ནས་སློབ་གཉེར་མཛད་པ་དང་ཁམས་འགྲེལ་སོགས་གཞུང་ལུགས་མང་དུ་མཛད་དེ་མཁས་པའི་སྙན་པ་ཕྱོགས་སུ་ཁྱབ། དཔལ་ལྡན་ཟངས་རི་ཞེས་པའི་དགོན་སྡེ་བཞེངས་ཏེ་འདུས་སྡེ་རྒྱས་ཤིང་འཁོར་སློབ་མང་དུ་འཕེལ། རྨེའུ་སྨྲ་སེང་བཅུ་གསུམ་ཞེས་པའི་མཁས་གྲུབ་གསེར་རིའི་ཕྲེང་བ་ལྟར་བྱོན་པ་ཡིན།
       དེ་ལྟར་དམུ་རིགས་གཤེན་དང་རྒྱལ་བ་བྲུ། གྲུབ་ཐོབ་སྤ། མཁས་པ་རྨེའུ་ཞེས་པའི་གདུང་རབས་བཞི་དཀྱིལ་སྙིང་བྱས་པའི་གྲྭ་ས་བཞི་ཡི་སློབ་རྒྱུད་མི་འདྲ་བ་གཙོ་བོ་བཞི་གྲུབ་པ་ཡིན། གྲྭ་ས་འདི་དག་གི་མཁས་པ་དག་གིས་གཞུང་ལུགས་དང་བསྟན་བཅོས་མང་དུ་མཛད་ཡོད་ཅིང་། དེ་དག་ཏུ་གྲྭ་ས་གཞན་པའི་མཁས་པ་དག་གི་འདོད་སྟངས་ཕྱོགས་སྔར་བཞག་སྟེ་དགག་བཞག་སྤང་གསུམ་མང་དུ་མཛད་ཡོད། སྒོས་སུ་རྨེའུ་ཚང་དང་བྲུ་ཡི་གདན་ས་རྣམ་གཉིས་ནི་བཤད་སྒྲུབ་ཀྱི་བསྟན་པ་དར་རྒྱས་ཆེ་ཤོས་ཀྱི་འདུས་སྡེ་གཉིས་ཡིན་པ་དང་། རང་རང་ལ་ཐུན་མོང་མ་ཡིན་པའི་དགག་བཞག་སྤང་གསུམ་གྱི་རིམ་པ་དང་། ལུང་རིགས་ཀྱི་འཛིན་མཚམས་བཅས་ཡོད་པས་གདན་ས་དེ་གཉིས་ཀྱི་རིགས་པ་སྨྲ་བའི་དབར་ལ་གཞུང་ལུགས་ཀྱི་གལ་གནད་ཐད་ནས་ལུང་རིགས་ཀྱི་བརྒལ་བརྟག་མང་པོ་གནང་ཡོད་པའི་བཤད་སྲོལ་མཆིས། དེ་བས་རང་གཞན་གྲུབ་མཐའ་འཛིན་པའི་མཁས་པ་རྣམས་ཀྱི་བཞེད་སྟངས་ཕྱོགས་སྔར་བཞག་སྟེ། གཞུང་ལུགས་བརྩམ་རྒྱུ་ནི་སྐབས་དེའི་བསྟན་བཅོས་རྩོམ་སྟངས་ཤིག་ཏུ་གྱུར་ཡོད། སྒ་སྟོན་མཆོག་སྐུ་འཁྲུངས་པའི་དུས་དེར་གོང་གི་གདན་ས་ཁག་གི་མཁས་པ་གྲགས་ཆེ་བ་དག་བྱོན་ཟིན་པ་དང་། མཁས་པ་དེ་དག་གིས་མཛད་པའི་གསུང་རྩོམ་རྒྱ་ཆེ་ལ་འཐུས་ཚང་བ་བཞུགས་ཡོད་པས། དེ་དག་གིས་ཁོང་ལ་བློ་འབྱེད་དང་དཔེ་སྟོན། སྣེ་ཁྲིད་བཅས་ཀྱི་ནུས་པ་ཐོན་ཡོད་དོ། །
གསུམ། ཁོང་གི་དགག་སྒྲུབ་ཀྱི་གཏན་ཚིགས་ཀྱི་བྱུང་ཁུངས་དངོས་གླེང་བ།
       ཁོང་གི་དགག་སྒྲུབ་ཀྱི་གཏན་ཚིགས་ཀྱི་ངོ་བོ་ནི་གོང་དུ་གླེང་བ་ལྟར་རྒྱུད་སྡེ་ཁག་གི་དགོངས་པ་གཙིགས་སུ་འཛིན་རྒྱུ་དེ་རེད། འདི་ལྟ་བུའི་བསམ་བློའམ་གཏན་ཚིགས་ནི་སྤྱིར་ན་དུས་རབས་བརྒྱད་པའི་ནང་ནས་བོད་ཡུལ་དབུས་སུ་དར་ཡོད་ཅིང་། ལྷག་ཏུ་དུས་རབས་བཅུ་པའི་དུས་མཇུག་ཏུ་ལྷ་བླ་མ་ཡེ་ཤེས་འོད་སོགས་ཀྱི་དུས་ནས་སླར་ཡང་རིགས་ལམ་འདིའི་ཐོག་ནས་བོད་ཁུལ་གྱི་བསྟན་བཅོས་དང་གསུང་རབ་དག་ལ་དག་ཐེར་བྱས་ཡོད། ཆོས་ལོག་དང་སྔགས་ལོག་ཡིན་མིན་ནི་རིགས་ལམ་འདིའི་ཐོག་ནས་འབྱེད་པ་ཡིན། དེའང་ལོས་ཡིན་ཏེ། ཐུབ་བསྟན་ཆོས་ལུགས་ནི་རྒྱ་གར་ཡུལ་ནས་དར་བ་ཡིན་ལ། དེའི་ཆོས་བརྒྱུད་འཛིན་པ་དག་གིས་ཆོས་གཞུང་གང་ཞིག་ཡང་དག་ཡིན་མིན་ནི་རྒྱ་གཞུང་ལ་གཏུག་རྒྱུ་དེ་ཡིན། ཆོས་ལུགས་པའི་བཞེད་པ་ལྟར་ན་བཀའ་དང་བཀའ་བརྟེན་གཉིས་ལས་བཀའ་ནི་ཡང་དག་པ་དང་ཚད་མ་ཡིན་ལ། དེ་ནི་བཅོས་བསླད་དང་བྲལ་བར་འདོད་པ་ཡིན། དུས་རབས་བཅུ་པའི་གཡས་གཡོན་ནས་བཟུང་བོད་ཀྱི་ལོ་ཙཱ་བ་མང་པོ་ཁ་ཆེ་དང་རྒྱ་གར་སོགས་སུ་ཕེབས་པ་དང་། ཁོང་རྣམ་པས་བོད་ཁུལ་དུ་དར་བའི་བསྟན་བཅོས་དང་སྒྲུབ་ཐབས་མང་པོ་ཞིག་ཡུལ་དེ་དག་ཏུ་མེད་པར་མ་ཟད། ཆེད་དུ་བོད་ཁུལ་དུ་ཁྱབ་པའི་གསུང་རབ་མང་པོ་ཞིག་རྒྱ་གར་སོགས་ཀྱི་པཎ་གྲུབ་རྣམས་ལ་ཡང་དག་ཡིན་མིན་བཀའ་འདྲི་དང་དོགས་སེལ་ཞུས་ཡོད། དེར་གང་ཞིག་ཡང་དག་ཡིན་མིན་སོགས་ཀྱི་གནད་དོན་ཤེས་པ་དང་། ཕྱིར་བོད་ལ་ཕེབས་རྗེས་དག་ཐེར་དང་སུན་འབྱིན་བྱས་ཡོད། སྒོས་སུ་ཇོ་བོ་རྗེ་བོད་ལ་ཕེབས་པ་དང་། ཁོང་གིས་བོད་ཁུལ་གྱི་ཆོས་ལུགས་པའི་བྱ་སྤྱོད་དང་སྤྱི་ཚོགས་སྣང་ཚུལ་ཁ་ཤས་ལ་དགག་རྒྱག་དང་སློབ་མ་དག་ལོག་ལམ་དུ་འགྲོ་མི་ཉན་པའི་འབོད་སྐུལ་སོགས་བགྱིས་ཡོད། སྔར་བཙན་པོའི་རྒྱལ་རབས་སྐབས་སུ་བསྒྲིགས་པའི་དཀར་ཆག་རྣམ་གསུམ་གྱི་ནང་དུ་གསལ་པའི་རྒྱུད་སྡེ་ཁག་དང་། ལོ་ཙཱ་བ་རིན་ཆེན་བཟང་པོ་སོགས་ཀྱིས་བསྒྱུར་བའི་རྒྱུད་སྡེ་དག་ནི་སྐབས་དེའི་གསུང་རབ་ཡང་དག་ཡིན་མིན་འབྱེད་ཀྱི་ཐིག་ཤིང་ལྟ་བུ་ཆགས་ཡོད། གཤམ་དུ་ཕོ་བྲང་ཞི་བ་འོད་ཀྱི་བཀའ་ཤོག་དང་། ས་སྐྱ་ཀུན་དགའ་རྒྱལ་མཚན་ལགས་ཀྱི་སྡོམ་གསུམ་རབ་དབྱེ་གཉིས་ཀྱི་ནང་དུ་གསལ་བའི་ནང་དོན་ཁ་ཤས་དཔེ་མཚོན་ཚུལ་དུ་གླེང་བར་བྱ། གཅིག«ཞི་བ་འོད་ཀྱི་བཀའ་ཤོག»ལས“གསང་སྔགས་ཀྱི་བཀའ་ལྟར་བཅོས་པའི་རྒྱུད་དང་། འགྲེལ་པ་དང་། སྒྲུབ་ཐབས་སྔ་ཕྱི་བོད་དུ། རྒྱ་གར་མའི་མིང་བཏགས་ཤིང་བོད་ཀྱིས་བྱས་པ་ནི་འདི་དག་སྟེ།”[19]ཞེས་དང་། “བོད་ཀྱིས་བྱས་པའི་སྔགས་དང་ཡི་གེ་ལ། མི་གཡོ་བའི་སྔགས་ལ་བརྟེན་ནས་ཕྱག་ན་རྡོ་རྗེ་སྒྲུབ་ཐབས་ཡིན་ཟེར་བ་དང་། གནོད་སྦྱིན་ལག་ན་རྡོ་རྗེའི་སྔགས་ལ་བརྟེན་ནས། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་སྒྲུབ་ཐབས་དང་མན་ངག་ཡིན་ཟེར་བ་དང་། གཉན་ཨ་ཙརྱ་དཔལ་དབྱངས་ཀྱིས་བྱས་པའི་སྒྲོན་མ་རྣམ་དྲུག་དང་། གཏོར་མ་དང་། འཕྲིན་ལས་དང་། མན་ངག་ཏུ་བྱས་པ་དང་། གཞན་ཡང་བོད་ཀྱིས་བྱས་པའི་སྒྲུབ་ཐབས་མང་དུ་ཡོད་པས་བློ་གཏད་དུ་མི་གཏུབ། འཁོར་བ་ངན་སོང་གི་ལམ་ཡིན་ནོ། །བཀའ་གདམས་ཀྱི་ཆོས་རྒྱུད་དུ་གྲགས་པ་འདི་རྣམས་ཀྱིས་ཆོས་ལོག་འདི་རྣམས་ཉམས་སུ་མི་བླང་ངོ་། །”[20]ཞེས་རྒྱ་གར་མ་རུ་གྲགས་པ་མང་པོ་ཞིག་ནི་བོད་མིས་བརྩམས་པའི་བསྟན་བཅོས་ཡིན་པས་བློ་གཏད་དང་ཉམས་ལེན་མི་རུང་བའི་སྐོར་གསལ་ཡོད།
       གཉིས། «སྡོམ་གསུམ་རབ་དབྱེ»ནང་དུ་གསལ་བའི་ནང་དོན་ཁ་ཤས་འགོད་རྒྱུ། ཁོང་གིས་གསུང་རྩོམ་འདིའི་ནང་དུ་རྒྱུད་ལུང་གི་གལ་ཆེན་རང་བཞིན་མང་དུ་བཤད་འདུག་པ་ལས་ཁ་ཤས་དྲངས་ན། “མདོ་རྒྱུད་ཀུན་དང་མི་མཐུན་པས། །འདི་འདྲའི་ཆོས་ལུགས་མཁས་པས་སྤངས། །”[20]ཞེས་དང་། “གསང་སྔགས་གསར་མར་གྲུ་གསུམ་གྱི། །གཏོར་མ་གཞུང་ནས་བཤད་པ་མེད། །ཟས་ཀྱི་ཕུད་ལ་ཁྱད་པར་དུ། །གྲུ་གསུམ་འབུལ་བ་གསུངས་པ་མེད། །ལག་ལེན་ཐམས་ཅད་སངས་རྒྱས་ཀྱི། །གསུང་དང་མཐུན་ན་བསྟན་པ་ཡིན། །དེས་ན་མདོ་སྡེ་མ་དཀྲུག་པར། །སངས་རྒྱས་གསུང་བཞིན་ཉམས་སུ་ལོངས། །”[22]ཞེས་དང་། །“རྫོགས་སངས་རྒྱས་ལས་མཁས་པ་ཡི། །གང་ཟག་འཇིག་རྟེན་གསུམ་ན་མེད། །དེས་ན་དེ་ཡིས་གསུངས་པ་ཡི། །མདོ་རྒྱུད་རྣམ་པར་དཀྲུག་མི་བྱ། །”[23]ཞེས་དང་། “གཞན་ཡང་གསང་སྔགས་གསར་རྙིང་ལའང་། །བོད་ཀྱིས་སྦྱར་བའི་རྒྱུད་སྡེ་མང་། །དེ་འདྲའི་རང་བཟོའི་མདོ་རྒྱུད་ལ། །མཁས་པས་ཡིད་རྟོན་མི་བྱའོ། །”[24]ཞེས་སོགས་གསུངས་ཡོད། སྒ་སྟོན་ལགས་ཀྱི་དགག་སྒྲུབ་ཀྱི་རྩ་བའི་གཏན་ཚིགས་ཀྱི་ཁུངས་ནི་འདི་དག་ཡིན་ཏེ། ཁོང་གི་གསུང་རྩོམ་བྱིངས་ཀྱི་རིགས་ལམ་རྣམ་གཞག་དང་གོང་གི་ས་བཅད་གསུམ་པར་དྲངས་པའི་ལུང་ཚིག་སོགས་ལ་བལྟས་ན་རྟོགས་ཐུབ་ཅིང་། ཡང་སྒོས་སུ་ས་པཎ་ཀུན་དགའ་རྒྱལ་མཚན་ལགས་ཀྱི་གསུང་རྩོམ་གྱིས་ཁོང་ལ་ཤན་ཐེབས་ཡོད།
ལྔ་པ། ཁོང་གི་དགག་སྒྲུབ་བསམ་བློ་དང་དེའི་གཏན་ཚིགས་ཀྱི་ཕན་ནུས་གླེང་བ།
       ཁོང་ལ་དགག་སྒྲུབ་ཀྱི་བསམ་བློ་དམིགས་བསལ་ཞིག་ཆགས་པའི་རྒྱུ་མཚན་གྱིས་ཁོང་ལ་གསུང་རྩོམ་མང་པོ་ཞིག་མཛད་དགོས་པའི་ཐུགས་འདུན་འཁྲུངས་པར་བྱས་ཡོད་ལ། ཁོང་གི་གསུང་རྩོམ་མང་པོ་ཞིག་དང་ལྷག་ཏུ«བསྟན་པའི་ཤན་འབྱེད»དང«གཏེར་གྱི་ཁ་བྱང»ལྟ་བུའི་བསྟན་བཅོས་མཛད་པའི་ཐོག་མའི་ཀུན་སློང་གི་འབྱུང་རྐྱེན་དང་། སྒུལ་ཤུགས་ཀྱི་རྩ་བ་ནི་དགག་སྒྲུབ་ཀྱི་བསམ་བློ་འདི་ཉིད་ཆགས་ཡོད། རྒྱུ་མཚན་གང་ཡིན་ཟེར་ན། ཁོང་གིས་གྲུབ་མཐའ་རིས་མེད་ཀྱི་དགོན་སྡེ་འགྲིམ་སྐབས་གྲུབ་མཐའ་གཞན་པའི་མཁས་པ་དག་གིས་ཇི་ལྟར་གསུང་རབ་ལ་བྱི་དོར་དང་། ཆོས་ལོག་སུན་འབྱིན། དགག་བཞག་གི་རྩོད་པ་གནང་ཡོད་པ་གཟིགས་ཡོད། དེས་ཁོང་བོན་པོ་རང་གི་ལོ་རྒྱུས་དང་གཏེར་སྙན་སོགས་གསུང་རབ་ཀྱི་བོན་སྡེ་ཁག་ལ་ཕྱིར་རྟོག་བྱེད་བཅུག་ཡོད། དེར་ཁོང་གིས་བོན་གྱི་བསྟན་པ་དང་གསུང་རབ་ལ་བྱི་དོར་དང་། རྒྱུད་སྡེའི་དགོངས་པ་ངོ་མ་ནི་འདིའོ་ཞེས་ཕྱི་རབས་པ་དག་ལ་སྒྲོག་སྤེལ་གནང་འདོད་བྱུང་བ་རེད། ཀུན་སློང་དེས་ཁོང་ལ་བསྟན་བཅོས་རྩོམ་པའི་སྒུལ་ཤུགས་ཆེན་པོ་སྤྲད་ཡོད་པ་མ་ཟད། སྔོན་བྱོན་མཁས་པ་དག་གི་ལྟ་བ་ལ་སུན་འབྱིན་དང་དོགས་སློང་བྱེད་པའི་སྤོབས་པ་བཅས་བྱུང་ཡོད། དེ་ལས་ཀྱང་གལ་ཆེ་བ་ནི་ཁོང་གི་གསུང་རྩོམ་དག་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གྲུབ་པར་བྱས་ཡོད། ཁོང་གི་གསུང་རྩོམ་ལ་ཁྱད་ཆོས་གཙོ་བོ་འདི་དག་བདོག་སྟེ། ༡ གྲྭ་ས་ཁག་གི་སློབ་རྒྱུད་ཀྱི་ལྕགས་རི་ལས་བརྒལ་བ། སྤྱིར་ན་ཁོང་གི་སྔོན་དུ་བྱོན་པའི་བོན་གྱི་མཁས་པ་མང་པོ་ཞིག་ཡོད་ཅིང་། དེ་དག་ལའང་རང་རང་གི་གསུང་རྩོམ་གཏོས་ཆེ་བ་བཞུགས་ཡོད། ཡིན་ནའང་། གསུང་རྩོམ་དེ་དག་ཕལ་ཆེ་བར་རང་རང་གི་སློབ་རྒྱུད་ཀྱི་ལངས་ཕྱོགས་སམ་བཞེད་སྟངས་ཤིག་ཆགས་ཡོད། དེ་བས་དགག་སྒྲུབ་ཀྱི་ཕྱོགས་སྔ་གཙོ་བོ་ནི་སློབ་རྒྱུད་གཞན་པའི་མཁས་པ་དག་ཆགས་ཡོད་པ་བསྙོན་དུ་མེད། འོན་ཀྱང་། སྒ་སྟོན་ལགས་ཀྱིས་དགག་བཞག་གནང་སྐབས་ཕྱོགས་སྔ་གཙོ་བོ་ནི་རྒྱུད་སྡེའི་དགོངས་པ་དང་མི་མཐུན་པའི་བཞེད་སྟངས་དག་ལ་བཟུང་ཡོད། དེར་བརྟེན་ཁོང་གི་གསུང་རྩོམ་ལ་ལུང་རིགས་གཉིས་གཙོ་བོ་བྱས་ཤིང་སློབ་རྒྱུད་ཀྱི་རྒྱ་ལས་གྲོལ་བའི་ཁྱད་ཆོས་དེ་མངོན་ཡོད། ༢ སྔར་མེད་ཀྱི་སྟོང་ཆ་བསྐང་བ། བོན་ལ་གཏེར་སྙན་སོགས་གསུང་རབ་མང་དུ་བཞུགས་ཀྱང་། ཁོང་གི་གོང་དུ་དེ་དག་གི་དཀར་ཆག་ཕྱོགས་བསྒྲིགས་བྱས་པ་སོགས་ཀྱི་གནས་ཚུལ་ཐོན་མེད་པས་ཁོང་གིས་གཏེར་གྱི་ཁ་བྱང་མཛད་པས་དེའི་སྟོང་ཆ་བསྐང་བ་དང་། དེང་གི་བོན་དཔེ་ཞིབ་འཇུག་པ་རྣམས་ལ་སྟབས་བདེ་བསྐྲུན་པ། སྔོན་གྱི་གཏེར་སྙན་དང་འབྲེལ་བའི་བཤད་སྲོལ་ཡག་སྡུག་མང་པོ་དམར་རྗེན་དུ་བསྟན་ཡོད་པས་ང་ཚོས་དེ་དག་ལ་ཕྱོགས་ཡོངས་ནས་ཤེས་རྟོགས་བྱེད་རྒྱུར་མཐུན་རྐྱེན་བསྐྲུན་པ། བོན་གྱི་གསུང་རབ་ལ་བྱི་དོར་དང་དག་ཐེར་གནང་རྒྱུའི་ཐད་ནས་བསམ་བློ་སྔོན་ཐོན་གྱི་ཁྱད་ཆོས་ལྡན་པ་བཅས་ཁོང་གི་གསུང་རྩོམ་ལ་དམིགས་བསལ་གྱི་ཁྱད་ཆོས་དང་རང་བཞིན་གྲུབ་པར་བྱས་ཡོད་དོ། །
དྲུག་པ། དཔྱད་གཞི་དང་མཆན།
[1][6] མཁས་གྲུབ་ལུང་རྟོགས་རྒྱ་མཚོ། བསྟན་འབྱུང་རིག་པའི་ཤན་འབྱེད་ནོར་བུ་ཀེ་ཏ་ཀའི་དོ་ཤལ། ཞང་བོད་ལོ་རྒྱུས་ཕྱོགས་བསྒྲིགས། སྟོད་ཆ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༨ལོར། ཤ ༩༧༢ ཤ༠༧༢གསལ།
[2][3][11][12][13][15][17] སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན་གྱི་གསུང་འབུམ་བཞུགས། པོད་དྲུག་པ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༩ལོར། ཤ༡༦༡ ཤ༣ ཤ༢༩ ཤ༦ནས་༨བར་གསལ། ཤ༡༥༢ ཤ ༡༢༢ ཤ༡༢༨ནས༡༥༩བར་གསལ།
[4][7] སྟོང་སྐོར་ཚེ་རིང་ཐར་གྱིས་བརྩམས། བླ་བ་བཀྲ་ཤིས་ཀྱིས་བསྒྱུར། བོན་བསྟན་རིག་གནས་སྐོར་གྱི་དཔྱད་བརྗོད་ཁྱུང་རུའི་འོད་སྣང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༨ལོར། ཤ༨༨ ཤ༨༨ གསལ།
[5] དོན་གྲུབ་ལྷ་རྒྱལ་གྱིས་བསྒྱུར། ཕྱི་གླིང་པས་བོན་ལ་ཞིབ་འཇུག་བྱས་པའི་དཔྱད་རྩོམ་བདམས་བསྒྱུར། ཀྲུང་གོའི་བོད་རིགས་པ་དཔེ་སྐྲུན་ཁང་། ༢༠༠༥ལོར། ཤ༩༢གསལ།
[8] མཁན་ཆེན་ཉི་མ་བསྟན་འཛིན། མཚན་བཏགས། སྒོ་བཞི་མཛོད་ལྔའི་ཡང་བཅུད། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ལོར། ཤ༨གསལ།
[9][10] སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན་གྱི་གསུང་འབུམ་བཞུགས། དེབ་བཞི་པ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༩ལོར། ཤ༩༤ ཤ༡༡༠གསལ།
[14] ཐེག་འགྲེལ་མེ་ལོང་དགུ་སྐོར། སྟོན་གཤེན་རབ་ཀྱི་བཀའ། ཤ ༩༥ གསལ།
[16] སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན་གྱི་གསུང་འབུམ་བཞུགས། དེབ་དང་པོ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༩ལོར། ཤ༢༤ གསལ།
[18] སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན་གྱི་གསུང་འབུམ་བཞུགས། དེབ་གཉིས་པ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༩ལོར། ཤ༡༠༥ གསལ།
[19][20] མཁར་རྨེའུ་བསམ་གཏན་རྒྱལ་མཚན་གྱིས་བརྩམས། བདེ་ཁང་བསོད་ནམས་ཆོས་རྒྱལ་གྱིས་བསྒྱུར། མདའ་དང་འཕང་། སྟོད་ཆ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༢༢ལོར། ཤ༩༤ ཤ ༩༧གསལ།
[21][22][23][24] ས་སྐྱ་པཎ་ཏྲི་ཏ་ཀུན་དགའ་རྒྱལ་མཚན། སྡོམ་གསུམ་རབ་ཏུ་དབྱེ་བའི་བསྟན་བཅོས་བཞུགས་སོ། །བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༢༣ལོར། ཤ༦༤ ཤ༦༧ ཤ༩༨ ཤ༡༠༦གསལ།
འབྲེལ་ཡོད་འོས་སྦྱོར།