logo

ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2026-07-14 ཀློག་གྲངས།:
       ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་ནི།(༡༠༡༡-༡༠༧༥) ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་སློབ་མའི་གཙོ་བོ་ཁུ་རྔོག་འབྲོམ་གསུམ་གྱི་ཡ་གྱལ་ཏེ། ཕྱི་ལོ༡༠༡༡ལོར་ཡུལ་ཡར་ལུང་དུ་འཁྲུངས། གྲུ་མེར་ཚུལ་ཁྲིམས་འབྱུང་གནས་ཀྱི་དྲུང་ནས་རབ་ཏུ་བྱུང་། དགེ་བཤེས་གྲྭ་པ་མངོན་ཤེས་ལ་ཡང་ཆོས་འགའ་ཞིག་གསན། རྔོག་ལེགས་པའི་ཤེས་རབ་དང་། འབྲེ་ཤེས་རབ་འབར་རྣམས་འགྲོགས་ནས་ཁམས་ཕྱོགས་སུ་ཕེབས། ཇོ་བོ་སེ་བཙུན་གྱི་ཞབས་ལ་གཏུགས་ཏེ་ཆོས་མང་དུ་གསན། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་མངའ་རིས་སུ་ཕེབས་པའི་ཕྱི་ལོར་དབུས་སུ་ཆིབས་ཁ་བསྒྱུར། དྭགས་པོ་དབང་རྒྱལ་གྱིས་ཀྱང་ཁོང་གི་ཞབས་ལ་གཏུགས་ཏེ། ཕར་ཕྱིན་ལེགས་པར་སྦྱངས། གདན་ས་དབོན་པོ་འབྱུང་གནས་རྒྱལ་མཚན་ལ་གཏད། ཇོ་བོ་རྗེ་ཨ་ཏི་ཤ་འབྲོམ་སྟོན་པས་དབུས་སུ་གདན་དྲངས་སྐབས་ཕེབས་བསུར་རྟ་པ་མང་པོ་དང་བཅས་ཏེ་བསུ་བ་ཞུ་མཁན་ཚང་མའི་སྔོན་ལ་ཕེབས་ནས་ཐང་པོ་ཆེར་གདན་དྲངས། རྗེས་སུ་འབྲོམ་སྟོན་པས་ཁུ་སྟོན་གྱིས་མ་མཁྱེན་པ་མཛད་དེ་ལྐོག་ཏུ་བསམ་ཡས་དང་སྙེ་ཐང་དུ་གདན་དྲངས་པས་འབྲོམ་སྟོན་པར་ཤིན་ཏུ་མ་མཉེས།
       དེ་ནས་འབྲོམ་སྟོན་པས་མངོན་ལྐོག་གང་སར་དགེ་བཤེས་ཁུ་སྟོན་ཆེན་པོར་བསྔགས་བརྗོད་ཡང་ཡང་མཛད་པ་གསན་ནས་ཇོ་བོ་རྗེ་དང་འབྲོམ་སྟོན་པར་དགོངས་སེལ་ཞུ་བར་ཐང་པོ་ཆེ་ནས་བྲག་ཡེར་པ་བར་ཞབས་ཐང་གིས་ཕེབས། འབྲོམ་སྟོན་པ་དང་མཇལ་མ་ཐག་སྐུ་ཕྱག་ཕུལ་ནས་བཟོད་གསོལ་མཛད་དེ་དེ་ནས་བཟུང་འབྲོམ་སྟོན་པ་ལ་གུས་བཀུར་གཞན་དང་མི་འདྲ་བ་གནང་། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་ཞབས་ལ་གཏུགས། བྱང་ཆུབ་ལམ་སྒྲོན་གཙོར་མཛད་པའི་མདོ་སྔགས་ཀྱི་ཆོས་སྐོར་མང་དུ་གསན། ཐང་པོ་ཆེ་ནས་སློབ་མ་རྣམས་ལ་ཕར་ཕྱིན་གྱི་འཆད་ཉན་མཛད། གྲྭ་པ་ཡང་མང་དུ་འདུས། དགུང་ལོ་རེ་ལྔ་པ་རབ་བྱུང་དང་པོའི་ཤིང་ཡོས་ཕྱི་ལོ་༡༠༧༥ལོར་སྐུ་གཤེགས། གསུང་རྩོམ་ནི་བོད་ཀྱི་ལོ་རྒྱུས་ལོག་གནོན་ཆེན་མོ་ཞེས་ཁ་བྱང་དུ་འཁོད་པ་ཞིག་དཔའ་བོ་གཙུག་ལག་ཕྲེང་བས་གཟིགས་མྱོང་ཚུལ་ཆོས་འབྱུང་མཁས་པའི་དགའ་སྟོན་བོད་ཀྱི་རྒྱལ་རབས་ཀྱི་མཇུག་ཏུ་གསུངས་འདུག །
འབྲེལ་ཡོད་འོས་སྦྱོར།