logo

གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱི་རྣམ་ཐར།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2026-08-11 ཀློག་གྲངས།:
       གནུབས་ཆེན་སངས་རྒྱས་ཡེ་ཤེས་ནི། ཡབ་གནུབས་རིགས་གསལ་བའི་དབང་ཕྱུག་དང་། ཡུམ་མཆིམས་མོ་བཀྲ་ཤིས་མཚོའི་སྲས་སུ་ཕྱི་ལོ༨༣༢ཆུ་བྱི་ལོར་གནུབས་རོང་དུ་སྐུ་འཁྲུངས། མཚན་རྡོ་རྗེ་ཁྲི་གཙུག་ཏུ་གསོལ། དགུང་ལོ་བདུན་པར་འོ་བྲན་དཔལ་གྱི་གཞོན་ནུ་ལས་འབྲི་ཀློག་སྦྱངས། མཁན་པོ་བོ་དྷི་སཏྟྭ་ལས་རབ་ཏུ་བྱུང་། སློབ་དཔོན་པདྨ་འབྱུང་གནས་ཀྱི་དྲུང་ནས་སྒྲུབ་ཆེན་བཀའ་བརྒྱད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་པས། འཇམ་དཔལ་སྐུའི་བཀའ་བབ་ཅིང་དངོས་གྲུབ་བརྙེས།
       སྦྲགས་ཀྱི་ཡང་རྫོང་དུ་སྒྲུབ་པ་མཛད་པས་ལྷ་ཚོགས་ཐམས་ཅད་ཀྱི་ཞལ་གཟིགས། བྲག་ལ་ཕུར་པ་བཏབ་པ་དང་། ཉི་ཟླ་གདན་དུ་བཏིང་བ་སོགས་གྲུབ་པའི་རྟགས་མཚན་མངོན་སྣང་དུ་སྟོན་པར་ནུས་ལ། རྒྱ་གར་དང་བལ་ཡུལ་དུ་ལན་བདུན་བྱོན།
       ཕྱིས་རྒྱ་བལ་གྱི་རུ་མཚམས་རྡོ་རྗེ་རྩེ་ལྔའི་ཕུག་ཏུའང་དབང་རྒྱུན་མན་ངག་མང་དུ་གསན། གཞན་ཡང་། བི་མ་ལ་མི་ཏྲ། ཁྲག་འཐུང་ནག་པོ། ཤྲཱི་སིཾ་ཧ་དང་། ཤཱནྟིཾ་གརྦྷ། རོམ་བུ་གུ་ཧྱ། བལ་པོ་ཝ་སུ་དྷ་ར་དང་། ཆེ་བཙན་སྐྱེས་སོགས་རྒྱ་བལ་བྲུ་ཤའི་ལོ་པཎ་རྣམས་དང་། བོད་ཀྱི་མཁས་པ་གཉགས་ལོ་ཆེན་པོ་དང་། སོག་པོ་དཔལ་གྱི་ཡེ་ཤེས་སོགས་བཤེས་གཉེན་མང་དུ་བསྟེན་ནས་མདོ་སྔགས་ཀྱི་གནས་མཐའ་དག་སྦྱངས་ཤིང་མཁས་པར་མཛད།
       མདོ་སྒྱུ་སེམས་གསུམ་གྱི་བཀའ་བབས། བལ་པོ་བ་སུ་དྷར་ལས་མངོན་སྤྱོད་ཀྱི་ལས་མང་དུ་ཞུས་ཤིང་དྲག་པོའི་ཕྲིན་ལས་མང་དུ་མཛད། ཁྱད་པར་དུ་རྒྱལ་པོ་གླང་དར་མས་སངས་རྒྱས་ཀྱི་བསྟན་པ་བཤིགས་པའི་དུས་སློབ་དཔོན་འདིས་རྒྱལ་པོ་སྡིག་ཅན་སྐྲག་པར་མཛད་དེ། རྒྱལ་པོས་ཁྱོད་ལ་ནུས་པ་ཅི་ཡོད་ཟེར་བས་ངས་སྔགས་ཙམ་བཟླས་པའི་ནུས་པ་འདི་ལ་གཟིགས་ཤིག་ཅེས་སྡིགས་མཛུབ་གནམ་དུ་ཕྱར་བས་སྡིགས་མཛུབ་ཀྱི་སྟེང་ན་ལྕགས་ཀྱི་སྡིག་པ་ནག་པོ་གཡག་ཙམ་དགུ་བརྩེགས་སུ་འདུག་པ་མཐོང་བས་རྒྱལ་པོ་སྐྲག་སྟེ་དཀོན་མཆོག་སྔགས་པའི་སྐུ་ལ་མི་བསྡོའོ་ཆོས་མཛོད་ཅིག་ཟེར། ད་རུང་ནུས་པ་འདི་ལ་གཟིགས་ཤིག་ཟེར་ནས་སྡིགས་མཛུབ་ཀྱིས་ཐོག་ཕབ་སྟེ་ཕ་རིའི་བྲག་ལ་བསྣུན་པས་ཚལ་པར་སོང་།
       དེར་རྒྱལ་པོ་འཇིགས་ཤིང་སྐྲག་ནས་ཁྱེད་འཁོར་བཅས་ལ་གནོད་པ་མི་བྱེད་དོ་ཟེར་ནས་བཏང་སྟེ་སྔགས་འཆང་གོས་དཀར་ལྕང་ལོ་ཅན་རྣམས་ལ་གནོད་པ་མ་བྱུང་བ་ཁོང་གི་དྲིན་དུ་མངོན་ཏེ་སངས་རྒྱས་ཀྱི་བསྟན་པ་སྤྱི་ལ་ཕན་པ་ཆེར་བྱུང་ངོ་། །
       རྒྱ་བལ་གྱི་ཡུལ་དུ་ལན་བདུན་བྱོན་ནས་མན་ངག་ཆོག་ཡིག་བསྟན་སྲུང་དང་བཅས་པ་མང་པོ་བོད་སྐད་དུ་བསྒྱུར། སྒྲགས་ཡང་རྫོང་དུ་སྒྲུབ་གནས་ཀྱི་མཐིལ་མཛད། ནུས་པ་ཕུན་སུམ་ཚོགས་པས་མངོན་སྤྱོད་ཀྱི་ཕྲིན་ལས་དང་རྫུ་འཕྲུལ་གྱི་ཁེང་ལོག་སོགས་གདུག་པ་ཅན་ཐམས་ཅད་ཚར་བཅད་ཅིང་། ལྷ་སྲིན་ཐམས་ཅད་ཀྱིས་ཀྱང་སྟངས་ཕུལ། ཁྱད་པར་བལ་ཡུལ་དུ་སློབ་དཔོན་ཝ་སུ་དྷ་ར་ལས་དབང་དང་གདམས་པ་དཔག་མེད་ཞུས།
       རྡོ་རྗེ་གདན་དང་རིན་ཆེན་གཏེར་གནས་སུ་གསང་བདག་གིས་ཞལ་མངོན་སུམ་དུ་བསྟན་ནས་ཕྱག་མཚན་གྱི་རྡོ་རྗེ་ཕྱག་ཏུ་བབ་ཅིང་མིང་གི་དབང་བསྐུར། མ་འོངས་པའི་དོན་དུ་དགོངས་ཏེ་ཆོས་དང་དྲག་སྔགས་མང་པོ་གཏེར་དུ་སྦས་ཤིང་། བསྟན་བཅོས་ཀྱང་མང་དུ་བརྩམས་པ་དང་། བཤད་སྒྲུབ་ཀྱི་ཕྲིན་ལས་ཀྱིས་བསྐྱེད་རྫོགས་གསུམ་གྱི་བསྟན་པ་དར་རྒྱས་སུ་མཛད།
       ཞལ་སློབ་ལ། སོ་ཡེ་ཤེས་དབང་ཕྱུག་དང་། པ་གོར་བློན་ཆེན་འཕགས་དང་། དན་ཡོན་ཏན་མཆོག་དང་། སྲུ་ལེགས་པའི་སྒྲོན་མ་སྟེ་ཐུགས་ཟིན་གྱི་སྲས་བཞི་དང་། སྲས་ཀྱི་དམ་པ་ཡོན་ཏན་རྒྱ་མཚོ་སོགས་མང་དུ་བྱོན།
       གསུང་རྩོམ་ལ། འགྲེལ་ཆེན་མུན་པའི་གོ་ཆ་དང་། དཀའ་གཅོད་སྨྲ་བའི་མཚོན་ཆ་དང་། བསམ་གཏན་མིག་སྒྲོན་སོགས་མཛད།
       ལོ་ཙཱ་བ་འདིའི་འགྱུར་ཆོས་ལ། རྙིང་མའི་རྒྱུད་འབུམ་ནང་། རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྤུངས་པ་གསང་བ་མན་ངག་གི་རྒྱུད་དང་། རྫོགས་པ་ཆེན་པོ་ཀུན་ཏུ་བཟང་པོ་ཡེ་ཤེས་གསལ་བར་སྟོན་པའི་རྒྱུད་ཕྱི་མའི་ཕྱི་མ་སོགས་རྒྱུད་སྡེའི་ཆོས་ཚན་ཞེ་བདུན་བཞུགས། འཁྲུངས་འདས་ཀྱི་ལོ་ཚིགས་ལ་མི་འདྲ་བ་འགའ་ཤས་མཆིས་ཀྱང་། སྐབས་འདིར་ཐད་ཕྱོགས་སུ་འདུས་པ་མདོའི་དབང་གི་སྤྱི་དོན་ལྟར་བཀོད་པ་ཡིན། 
       ཚེའི་རིག་འཛིན་བརྙེས་པས་མངའ་བདག་དཔལ་འཁོར་བཙན་གྱི་བར་དུ་བཞུགས་པར་གྲགས། མཐར་དགུང་གྲངས་བརྒྱ་དང་བཅུ་གསུམ་ཕྱི་ལོ༩༤༤ཤིང་ཕོ་འབྲུག་གི་ལོར་སྐུ་གཤེགས། སྔ་འགྱུར་བཀའ་མའི་བབས་སོ་ཆེན་པོའི་སྲོལ་འཛིན་པའི་ཤིང་རྟ་ཆེན་པོའོ། འདིའི་རྣམ་འཕྲུལ་གཏེར་སྟོན་དུམ་པ་རྒྱ་ཞང་ཁྲོམ་རྡོ་རྗེ་འོད་འབར་དང་། ཨོ་རྒྱན་དྲི་མེད་ཀུན་དགའ་སོགས་སྔ་ཕྱིར་མང་དུ་བྱུང་ངོ་། །

ཁོང་གི་མཚན་གྱི་རྣམ་གྲངས་ནི།
༡ ཁྲི་བཙུན་རྡོ་རྗེ།
༢ གནུབས་སངས་རྒྱས།
༣ གནུབས་ཀྱི་བན་ཆུང་སངས་རྒྱས།
༤ གནུབས་ཀྱི་བནྡེ་སངས་རྒྱས་ཡེ་ཤེས།
༥ གནུབས་བན་རྡོ་རྗེ་ཁྲི་གཙུག །
༦ གནུབས་བན་རྡོ་རྗེ་ཁྲི་རྩུག །
༧ གནུབས་བན་ལོ་ཙཱ་བ་ཆེན་པོ་རིན་པོ་ཆེ་རྡོ་རྗེ་ཡང་དབང་གཏེར།
༨ གནུབས་ཡང་དབང་གཏེར།
༩ གནུབས་བན་སངས་རྒྱས།
༡༠ གནུབས་ཡེ་ཤེས་རིན་པོ་ཆེ།
༡༡ གནུབས་རིན་པོ་ཆེ་སངས་རྒྱས་ཡེ་ཤེས།
༡༢ གནུབས་སངས་རྒྱས་ཡེ་ཤེས།
༡༣ གནུབས་སངས་རྒྱས།
༡༤ གནུབས་སངས་རྒྱས་ཡེ་ཤེས་རིན་ཆེན།
༡༥ གནུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེ།
༡༦ དགེ་སློང་ཡང་དབང་གཏེར།
༡༧ བན་ཆུང་ཁྲི་གཙུག །
༡༨ བན་ཆུང་གཅུགས་བན་ཅེ་ཡང་དབང་གཏེར།
༡༩ བན་ཆུང་ཡང་དབང་གཏེར།
༢༠ བན་ཆུང་ཡང་དབང་སངས་རྒྱས་ཡེ་ཤེས་གཏེར།
༢༡ བན་ཆུང་རྡོ་རྗེ་ཁྲི་གཙུག །
༢༢ བན་ཆུང་རྡོ་རྗེ་ཁྲི་བཙུན།
༢༣ བན་ཆུང་སངས་རྒྱས།
༢༤ བན་དེ་རྡོ་རྗེ་ཡང་དབང་གཏེར།
༢༥ བནྡེ་ཁྲི་གཙུག །
༢༦ བནྡེ་རྡོ་རྗེ་ཡང་དབང་གཏེར།
༢༧ བནྡྷེ་ཁྲི་བཙུན་རྡོ་རྗེ།
༢༨ བསྣུབས་བན་སངས་རྒྱས།
༢༩ བསྣུབས་སངས་རྒྱས་ཡེ་ཤེས།
༣༠ བུདྡྷ་ཛྙཱ་ན།
༣༡ བུདྡྷ་རཏྣ།
༣༢ ཡང་དབང་གཏེར།
༣༣ ཡང་དབང་སངས་རྒྱས་ཡེ་ཤེས་གཏེར།
༣༤ རིན་པོ་ཆེ་སངས་རྒྱས་ཡེ་ཤེས།
༣༥ རྡོ་རྗེ་ཁྲི་གཙུག །
༣༦ རཏྣ་བུདྡྷ་ཛྙཱ་ན།
༣༧ རྡོ་རྗེ་ཁྲི་བཙུན།
༣༨ རྡོ་རྗེ་ཁྲི་རྩུག །
༣༩ རྡོ་རྗེ་ཡང་གཏེར།
༤༠ རྡོ་རྗེ་ཡང་དབང་གཏེར།
༤༡ རྡོ་རྗེ་ཡཾ་དབང་གཏེར།
༤༢ རྣལ་འབྱོར་དབང་ཕྱུག་སངས་རྒྱས་ཡེ་ཤེས།
༤༣ ལོ་ཙཱ་བ་གནུབས་སངས་རྒྱས་རིན་པོ་ཆེ།
༤༤ ལོ་ཙཱ་བ་བུདྡྷ་རཏྣ།
༤༥ ལོ་ཙ་བ་བུདྡྷ་རད་ན།
༤༦ ལོ་ཙཱ་བ་ཛྙཱ་ན།
༤༧ ལོ་ཙ་བ་རྡོ་རྗེ་ཡང་དབང་གཏེར།
༤༨ ལོ་ཙཱ་བ་རྡོ་རྗེ་ཡང་དབང་གཏེར།
༤༩ ལོ་ཙ་བ་སངས་རྒྱས་ཡེ་ཤེས་རིན་པོ་ཆེ།
༥༠ ལོ་ཙ་བ་སྣུབས།
༥༡ ལོ་ཙཱ་བ་སྣུབས་སངས་རྒྱས་ཡེ་ཤེས།
༥༢ ལོ་ཙ་བ་སྣུབས་སངས་རྒྱས་རིན་པོ་ཆེ།
༥༣ ལོ་ཙཱ་བ་སློབ་དཔོན་སངས་རྒྱས་ཡེ་ཤེས།
༥༤ ལོཙྪ་བ་གནུབས་བན་རྡོ་རྗེ་ཁྲི་གཙུག །
༥༥ ལོཙྪ་བ་གནུབས་ཡང་དབང་གཏེར།
༥༦ ལོཙྪ་བ་གནུབས་སངས་རྒྱས།
༥༧ ལོཙྪ་བ་གནུབས་སངས་རྒྱས་ཡེ་ཤེས།
༥༨ ལོཙྪ་བ་སངས་རྒྱས་ཡེ་ཤེས་རིན་པོ་ཆེ།
༥༩ ལོཙྪ་བ་སྣུབས་བན་རྡོ་རྗེ་ཁྲི་གཙུག །
༦༠ ལོཙྪ་བ་སྣུབས་བན་སངས་རྒྱས་རིན་པོ་ཆེ།
༦༡ ལོཙྪ་བ་སྣུབས་སངས་རྒྱས་ཡེ་ཤེས།
༦༢ ལོཙྪ་བ་སྤུ་ངན་སངས་རྒྱས།
༦༣ ལོཙྪ་བ་སྤུ་ངན་སངས་རྒྱས་ཡེ་ཤེས།
༦༤ ལོཙྪ་བ་སྤུ་ངན་སྣུབ་བན་སངས་རྒྱས།
༦༥ ལོཙྪ་བ་སྤུས་ངན།
༦༦ ལོཙྪ་བ་སྤུས་ངན་སངས་རྒྱས།
༦༧ སངས་རྒྱས་ཡེ་ཤེས།
༦༨ སངས་རྒྱས་ཡེ་ཤེས་རིན་པོ་ཆེ།
༦༩ སངས་རྒྱས་རིན་པོ་ཆེ།
༧༠ སྒྲ་སྒྱུར་གྱི་ལོ་ཙཱ་བ་སློབ་དཔོན་སངས་རྒྱས་ཡེ་ཤེས།
༧༡ སྣུབ་སངས་རྒྱས་ཡེ་ཤེས་རིན་པོ་ཆེ།
༧༢ སྣུབས་ཀྱི་བན་ཆུང་ཡང་དབང་སངས་རྒྱས་ཡེ་ཤེས་གཏེར།
༧༣ སྣུབས་ཀྱི་བན་ཆུང་སངས་རྒྱས།
༧༤ སྣུབས་ཆུང་རྡོ་རྗེ་ཡང་དབང་།
༧༥ སྣུབས་རིན་པོ་ཆེ་སངས་རྒྱས་ཡེ་ཤེས།
༧༦ སྣུབས་རྡོ་རྗེ་ཡང་དབང་གཏེར།
༧༧ སྣུབས་སངས་རྒྱས།
༧༨ སྣུབས་སངས་རྒྱས་ཡེ་ཤེས།
༧༩ སྣུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེ།
༨༠ སྤུས་ངན་རྡོ་རྗེ་ཡང་དབང་གཏེར།
༨༡ སྤུས་ངན་སངས་རྒྱས།
༨༢ སློབ་དཔོན་ཆེན་པོ་གནུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེ།
༨༣ སློབ་དཔོན་ཆེན་པོ་སྣུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེ།
༨༤ སློབ་དཔོན་དགེ་སློང་ཡང་དབང་གཏེར།
༨༥ སློབ་དཔོན་སངས་རྒྱས་ཡེ་ཤེས།
༨༦ སློབ་མའི་དམ་པ་སངས་རྒྱས།
༨༧ རྗེ་སངས་རྒྱས་ཡེ་ཤེས།
བཀའ་བསྟན་གྱི་འགྱུར་བྱང་རྣམས་སུ་ལོ་ཙཱ་བ་འདིའི་མཚན་གྱི་རྣམ་གྲངས་དག་མ་དག་ཅི་རིགས་སུ་འཁོད་པ་དག ། དོན་གཉེར་ཅན་དག་ལ་དཔྱད་གཞིའི་ཚུལ་དུ་འདིར་བཀོད་པ་ཡིན།
འབྲེལ་ཡོད་འོས་སྦྱོར།