མཁས་དབང་གཉའ་ཟླ་བ་བློ་གྲོས་རྒྱལ་མཚན་ངོ་སྤྲོད་མདོར་བསྡུས།
མཁས་པའི་དབང་པོ་གཉའ་ཟླ་བ་བློ་གྲོས་རྒྱལ་མཚན་མཆོག
མཁས་པའི་དབང་པོ་གཉའ་ཟླ་བ་བློ་གྲོས་རྒྱལ་མཚན་མཆོག་ནི་ཕྱི་ལོ1950ལོར་མཚོ་སྔོན་ཞིང་ཆེན་བཱ་ཡན་རྫོང་རྩ་བ་ཡུལ་ཚོའི་གཉའ་ཚང་ཞེས་པའི་བོན་ཁྱིམ་གྲགས་ཅན་ཞིག་ཏུ་འཁྲུངས། 1971ལོ་ནས1974ལོའི་བར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོར་སློབ་གཉེར་མཛད་པའི་རིང་ལ། སུམ་རྟགས་དག་གསུམ་དང་སྒྲ་སྙན་ངག་གིས་གཙོས་པའི་ཁ་བ་རི་བའི་རིག་གནས་སྤྱི་དང་བྱེ་བྲག་ཏུ་མི་རིགས་གཞན་དང་གཞན་གྱི་བརྡ་སྤྲོད་རིག་པ་དང་། གཏན་ཚིགས་རིག་པ། ཚིག་རྒྱན་རིག་པ། སྐད་བརྡ་རིག་པ་སོགས་ཤེས་པར་བྱ་བའི་རིག་པའི་གནས་མཐའ་དག་ལ་ཐོས་དོན་རྒྱུད་ལ་སྦྱོར་བའི་ཐོས་བསམ་རྣལ་མ་མཛད། སྐྱེས་ཐོབ་རིག་པའི་རྣོ་དབལ་དང་བསྲེག་བཅད་བརྡར་བའི་དཔྱད་སྟོབས་ཀྱིས་དྲངས་པའི་རྣམ་དཔྱོད་ལ་བརྟེན་ནས་རང་གཞན༌ཐུན་མོང་རིག་པའི་གནས་མཐའ་དག་གི་མཐར་ཐུག་ལྟ་བའི་འདུས་མདོ་རོ་གཅིག་ཏུ་མཐུན་པར་ངེས་པ་རྙེད།
ལྷོ་ནུབ་མི་རིགས་སློབ་ཆེན་དུ་གཟིགས་སྐོར་གནང་བཞིན་པ།
1974ལོར་ཁོང་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་མཐར་ཕྱིན་རྗེས། རིམ་པ་གོང་མའི་མངགས་བཀོད་ལྟར་མཚོ་སྔོན་ཞིང་ཆེན་མཚོ་ནུབ་མི་རིགས་དགེ་ཐོན་སློབ་གྲྭར་ཕྱིར་ཕེབས་ནས། བློ་གསལ་ངང་མོ་འབུམ་ཕྲག་རིག་གནས་བཅུད་ཀྱིས་གསོ་བའི་དགེ་རྒན་གྱི་འགན་ཕྲག་ཏུ་བཞེས། བགྲང་བྱ་ལྔ་ལྷག་གི་སློབ་ཁྲིད་ཀྱི་བྱ་བའི་ཡུན་ལ་ཁོང་གིས་བྱ་བ་ཐབས་ཅད་ལེགས་འགྲུབ་ཡོང་བའི་རྟག་སྦྱོར་གྱི་བརྩོན་པ་ནམ་ཡང་དོར་མ་མྱོང་ལ། མཁས་པའི་བྱ་བ་གསུམ་གྱིས་ལོ་དང་ཟླ་བའི་ཚེས་ཞག་རེ་རེ་བཞིན་ཕར་བསྐྱལ་བས་ལས་རོགས་དགེ་རྒན་གཞན་པ་དང་སྤྱི་ཚོགས་ཀྱིས་རྗེས་སུ་ཡི་རང་གི་བསྟོད་ཚིག་དྲི་མེད་ལྷ་རྫས་དར་དཀར་རིང་མོ་ཁོང་གི་མགུལ་དུ་བསྒྲོན། རྩ་འཛུགས་ཀྱིས་ཀྱང་ཕུལ་དུ་བྱུང་བའི་འབྲས་བུ་ལ་དམིགས་ནས་ཁོང་ལ་དགེ་རྒན་རྐང་འཛིན་པའི་མཚན་སྙན་བསྩལ། སློབ་གྲྭ་དེ་གར་སྔ་གཞུག་ཏུ་སློབ་རིམ་གསུམ་ལྷག་དུ་བོད་ཡིག་འཛིན་གྲའི་སློབ་ཁྲིད་ཀྱི་འགན་བཞེས་ཏེ། དགེ་རྒན་གཞན་དག་དང་མཉམ་དུ་ལོ་བཞི་ལྔ་ཙམ་གྱི་རིང་ལ་ཚད་མཐུན་ཤེས་ལྡན་པ་རབ་དང་རིམ་པར་བསྐྱེད་བསྲིངས་ནས་སྤྱི་ཚོགས་སྟེང་དུ་ཡོན་ཏན་གྱིས་ཕྱུག་པའི་ན་གཞོན་དགེ་རྒན་བརྒྱ་ལ་ཉེ་བ་གསོ་སྐྱོང་བྱས། ཁོང་གིས་སློབ་གྲྭ་དེར་བོད་ཡིག་གི་སློབ་དེབ་མེད་པའི་གནས་ཚུལ་ལ་དམིགས་ནས་བྲེལ་ཟིང་ཆེ་བའི་སློབ་ཁྲིད་ཀྱི་ཐུན་གསེང་གི་ཁོམ་པ་དག་བདེ་སྤྱད་ནས་ངལ་བ་ཁྱད་གསོད་དང་དཀའ་བ་དང་དུ་བླངས་ནས་སློབ་མ་རྣམས་ཀྱི་བློ་ཚོད་དང་བསྟུན་པའི་སློབ་དེབ《བོད་ཀྱི་བརྡ་སྤྲོད་རིག་པ》སོགས་རྩོམ་སྒྲིག་ཀྱང་མཛད། 1977ལོར་མཚོ་སྔོན་ཞིང་ཆེན་སྐབས་ལྔ་པའི་མི་དམངས་འཐུས་མི་ཚོགས་ཆེན་འཐུས་མིར་བདམས་ཤིང་། 1978ལོར་མཚོ་ནུབ་མི་རིགས་དགེ་ཐོན་སློབ་གྲྭའི་དགེ་རྒན་ཕུལ་བྱུང་ཅན་དང་། མཚོ་ནུབ་ཁུལ་སློབ་གསོ་འཐབ་ཕྱོགས་སྟེང་གི་དགེ་རྒན་སྔོན་ཐོན་ཅན་ལ་བདམས། 1979ལོར་ཟླ9པར་ནུབ་བྱང་མི་རིགས་སློབ་གྲྭ་ཆན་མོའི་གྲངས་ཉུང་མི་རིགས་སྐད་ཡིག་ཚན་ཁག་གི་བོད་ཡིག་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད་དེ་བོད་ཀྱི་བརྡ་སྤྲོད་རིག་པ་དང་ཚིག་རྒྱན་རིག་པ་ལ་ཆེད་གཉེར་གྱིས་ཞིབ་འཇུག་གནང་ནས། 1983ལོར་རབ་འབྱམས་པ་སྟེ་རྒྱ་སྐད་ཀྱི་ཧྲུའོ་ཧྲི་ཞེས་པའི་དམ་བཅའ་བཞག་མཐར་ཕྱིན་རྗེས་སློབ་གྲྭའི་འགོ་ཁྲིད་ཀྱིས་ཀྱང་ཁོང་གི་སྐྱེས་སྦྱངས་རིག་པའི་ཟབ་ཚད་ལ་དམིགས་ཏེ་སློབ་གྲྭ་དེ་གར་དགེ་རྒན་དུ་བསྐོས་ནས། བོད་ཀྱི་སྐད་ཡིག་ཚན་ཁག་ཏུ་དངོས་གཞི་ཚན་ཁག་གི་སློབ་མ་རྣམས་ལ་བོད་ཀྱི་སྙན་ངག་དང་ཚིག་རྒྱན་རིག་པའི་དཔེ་ཁྲིད་གནང་ཞོར་དུ《བོད་ཀྱི་སྐད་ཡིག་གི་ཨ་མདོའི་བཀླག་གདངས་ཆེ་ལོང་ཙམ་བརྗོད་པ》ཞེས་པ་སོགས་དཔྱད་རྩོམ་དུ་མ《མཚོ་སྔོན་སློབ་གསོ》སོགས་དུས་དེབ་ཁག་ཏུ་སྤེལ་ཞིང་། བརྩམས་དཔེ《སྙན་ངག་གི་རང་མདངས་གསར་པ》ཞེས་པ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། བརྩམས་དཔེ་འདིས་བོད་ཀྱི་སྲོལ་རྒྱུན་སྙན་གཞུང་ལ་ལྟ་བ་གསར་པ་དང་། རིགས་ལམ་གསར་པ། ཐབས་ལམ་གསར་པ་བཅས་ཀྱི་སྒོ་ནས་ལེགས་པར་བརྟག་ཅིང་དཔྱད་དེ། བོད་ཀྱི་ཚིག་རྒྱན་རིག་པའི་གཞུང་ལུགས་ཀྱི་སྟོང་ཆ་མང་པོ་ཞིག་ཡོངས་སུ་བསྐངས་པ་སོགས་ཀྱི་དགེ་མཚན་ལ་དམིགས་ནས1991ལོར་ལྷོ་ནུབ་མི་རིགས་སློབ་གླིང་གིས་བརྩམས་དཔེ་ཕུལ་བྱུང་ཅན་གྱི་བྱ་དགའ་གནང་། ད་དུང་དགེ་རྒན་གཞན་པ་དང་མཉམ་དུ《སྙན་ངག་གི་དཔེར་བརྗོད་ཕྱོགས་བསྒྲིགས》ཞེས་པ་རྩོམ་སྒྲིག་གནང་ཞིང་གླེང་གཞི་ཡང་ཡིག་འབྲུ་ཚིག་ཁྲི་ལྷག་ལ་ཉེ་བ་མཛད། 《མིག་རྒྱང》དང《ནོར》ཞེས་པའི་ལྷུག་རྩོམ་རྣམས《ཉི་གཞོན》དུས་དེབ་དང་ཀྲུང་དབྱང་མི་རིགས་དཔེ་སྐྲུན་ཁང་གིས་དཔར་བསྐྲུན་བྱས་པའི《རྩཱ་ཐང་གི་ཞོགས་པའི་གླུ་དབྱངས》སོགས་དུས་དེབ་སྟེང་སྤེལ་ཞིང་། དེ་ལས《མིག་རྒྱང》ཞེས་པ་སློབ་གྲྭ་ཆེན་མོ་དག་གི་བོད་ཀྱི་དུས་རབས་རིམ་བྱུང་གི་རྩོམ་ཡིག་ཅེས་པའི་སློབ་དེབ་ཁྲོད་དུ་བདམས་བཀོད་བྱས།