logo

དཀོན་མཆོག་སྒྲ་དབྱངས་རྒྱ་མཚོ།(དཀོན་ལོ།)

རྩོམ་པ་པོ།:amib ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2008-06-30 ཀློག་གྲངས།:

    མིང་གཞན་ལ་དཀོན་མཆོག་སྒྲ་དབྱངས་རྒྱ་མཚོ་ཟེར།༡༩༥༧ལོར་མདོ་སྨད་ཀན་ལྷོ་ཁུལ་གྱི་བསང་ཆུ་རྫོང་ཀླུ་གྲགས་སྡེ་བ་རུ་སྐྱེས།༡༩༧༨ལོར་ནུབ་བྱང་མི་རིགས་སློབ་གླིང་གི་གྲངས་ཉུང་མི་རིགས་སྐད་ཡིག་སྡེ་ཁག་ནས་སློབ་མཐར་ཕྱིན་ཏེ།ལོ་འཁོར་ལྔའི་རིང་ལ་ཀན་ལྷོ་ཁུལ་རྨ་ཆུ་རྫོང་མི་རིགས་སློབ་འབྲིང་གི་དགེ་རྒན་བྱས།༡༩༨༥ལོར་རྨ་ཆུ་རྫོང་མི་དམངས་སྲིད་གཞུང་གི་ཡིག་སྒྱུར་ཁང་གི་མགོ་འཛིན་པའི་འགན་ཁུར།༡༩༨༨ལོར་ལས་གནས་སྤར་ཏེ་ད་ལྟའི་བར་དུ་ཀན་ལྷོ་ཁུལ་གྱི《ཟླ་ཟེར།》རྩོམ་སྒྲིག་ཁང་གི་ཀྲུའུ་རེན་གཞོན་པ་དང་གཙོ་སྒྲིག་པ་གཞོན་པ།ཀན་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་ཀན་ལྷོ་ཁུལ་གྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི།ཀན་ལྷོ་ཁུལ་བོད་ཀྱི་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་ཀྱི་ལས་འགན་གཅིག་ལྕོགས་སུ་ཁུར་ཡོད།

  ལོ་རབས་བདུན་ཅུ་པ་ནས་གསར་རྩོམ་གྱི་ལས་ལ་ཞུགས་ཤིང༌།སྒྲུང་གཏམ་དང་སྙན་ངགལྷུག་རྩོམ།འཁྲབ་གཞུང་།དཔྱད་རྩོམ་སོགས་བརྩམས་ཆོས་བརྒྱ་ཕྲག་ལྷག《སྦྲང་ཆར།》གཙོ་བྱས་བོད་ཁུལ་གྱི་དུས་དེབ་དང་ཚགས་པར་སྣ་ཚོགས་སུ་བཀོད་ཅིང༌།སྔ་ཕྱིར་རྒྱལ་ཡོངས་དང་ཞིང་ཆེན་རིམ་པའི་རྩོམ་རིག་གི་བྱ་དགའ་ཐེངས་མང་པོ་ཐོབ་མྱོང་བ་དང༌།བརྩམས་ཆོས་བཅུ་ལྷག་བོད་ཀྱི་དེང་རབས་རྩོམ་རིག་གི་དཔེ་ཚོགས་སུ་བདམས་ནས་པར་སྐྲུན་བྱས་ཡོད།ལྷུག་རྩོམ་《རྨ་ཆུའི་ཁ་ཡི་ངང་ཕྲུག》ཅེས་པ་ཞིང་ལྗོངས་ལྔའི་སློབ་གྲྭ་ཆེན་མོ་ཁག་དྲུག་གི་ཁྲིད་གཞི་སྟེ་《དེང་རབས་བོད་ཀྱི་རྩོམ་རིག་གཅེས་བསྡུས།》ཞེས་པའི་ནང་དུ་བདམས་ཡོད་ཅིང༌།བསྒྱུར་རྩོམ《ལྷ་ལྡན་ཡུལ་དུ་ཕུལ་བའི་གླུ》ཞེས་པའི་སྙན་རྩོམ་དང《བོད་སྒང་མཐོང་བ་ཀུན་སྨོན།》ཞེས་པའི་ལྷུག་རྩོམ་གྱི་དཔེ་དེབ་གཉིས་སོ་སོར་པེ་ཅིན་མི་རིགས་དཔེ་སྐྲུན་ཁང་དང་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་ཡོད།བསྒྱུར་རྩོམ《རྩྭ་ཐང་གི་སྐོར།》དང《ཕྱུགས་ནད་སྨན་བཅོས་ཀྱི་སྐོར།》ཞེས་པའི་ཀན་ལྷོའི་ཕྱུགས་ལས་སློབ་གྲྭའི་བསླབ་དེབ་གཉིས་ལ་ཀན་སུའུ་ཞིང་ཆེན་གྱི་སྐབས་གཉིས་པའི་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་ཀྱི་བྱ་དགའ་དང་པོ་དང་གཉིས་པ་ཐོབ་མྱོང༌།

  ད་ལྟ་ཀན་སུའུ་ཞིང་ཆེན་གྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་པ་དང་ཀན་སུའུ་ཞིང་ཆེན་གྲངས་ཉུང་མི་རིགས་ཡིག་སྒྱུར་ཆེད་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ།ཀྲུང་གོའི་གྲངས་ཉུང་མི་རིགས་རྩོམ་པ་པོའི་མཐུན་ཚོགས་ཀྱི་ལས་འཛིན་པ་བཅས་ཀྱི་འགན་བཞེས་ཡོད།


འབྲེལ་ཡོད་འོས་སྦྱོར།