རིག་གནས་རྟེན་རྫས་ཆེད་ལས་མཁས་པ་བསོད་ནམས་དབང་ལྡན།
བསོད་ནམས་དབང་ལྡན་ནི་༡༩༦༣ལོར་མདོ་སྨད་ཁྲི་ཀའི་ཡུལ་དུ་སྐྱེས།དེ་སྔ་མཚོ་ལྷོ་ཁུལ་དགེ་འོས་སློབ་གྲྭ་རུ་ཞུགས་ཤིང་།༡༩༨༨ལོར་མཚོ་སྔོན་མི་རིགས་སློབ་གླིང་གི་རྒྱ་ཡིག་སྡེ་ཁག་ནས་སློབ་མཐར་ཕྱིན་པ་དང་།རྒྱ་བོད་ཡིག་གི་དངོས་གཞིའི་སློབ་ཐོན་ཐོབ་ཐང་སྦྲགས་མ་ཐོབ།དེའི་རྗེས་སུ་པེ་ཅིང་སློབ་གྲྭ་ཆེན་མོ་རུ་ཤེར་རྟོགས་རིག་པ་དང་མཛེས་དཔྱོད་རིག་པར་ཟབ་སྦྱོང་བྱས།ད་ལྟ་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གི་འགོ་གཙོ་གཞོན་པ་དང་།རིག་རྫས་ཞིབ་འཇུག་པ།བོད་རང་སྐྱོང་ལྗོངས་རིག་རྫས་བརྟག་དཔྱད་ཚན་པའི་ཆེད་ལས་ཁོངས་མི།བོད་ལྗོངས་རིག་གནས་སྲུང་སྐྱོབ་དང་གོང་སྤེལ་མཐུན་ཚོགས་ཀྱི་ལས་འཛིན།བོད་ལྗོངས་མི་རིགས་སློབ་གླིང་དང་བོད་ལྗོངས་སློབ་གྲྭ་ཆེན་མོའི་གདན་ཞུ་སློབ་དཔོན་ཆེན་མོ།བོད་རིག་པའི་སྡེ་ཚན་གྱི་ཧྲོ་ཧྲི་ཞིབ་འཇུག་སློབ་མའི་སློབ་དཔོན་བཅས་ཀྱི་འགན་གཅིག་ལྕོགས་སུ་བཞེས་མུས་ཡིན།
ཁོང་ལོ་བརྒྱད་ནས་བཟུང་སློབ་གྲྭར་འགྲིམ་ཞིང་།ལོ་བཅུ་གསུམ་སྟེང་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་མི་རིགས་དགེ་འོས་སློབ་གྲྭར་ཆས་ཏེ།རང་མགོ་འཁྱོངས་པའི་འཚོ་བའི་ལམ་སྣ་རུ་ཞུགས་མགོ་བརྩམས།༡༩༧༩ལོར་མཐར་ཕྱིན་ནས་སློབ་གྲྭ་དེ་རུ་དགེ་རྒན་གྱི་འགན་འཁུར།སློབ་ཁྲིད་ཀྱི་ཞོར་དུ་དགེ་རྒན་བཀའ་དྲིན་ཅན་དམ་ཆོས་དང་བཤད་སྒྲུབ་རྣམ་གཉིས་ཀྱི་མདུན་ནས་བོད་ཀྱི་ལོ་རྒྱུས་དང་།གནའ་རབས་རྩོམ་གཞུང་།ནང་བསྟན་རིག་གནས།ཚད་མ་རིག་པ་དང་སྐར་རྩིས་རིག་པ་སོགས་ཀྱི་ཞལ་ཁྲིད་ཅུང་རྒྱས་པར་སྦྱངས་པའི་སྐལ་བ་རེག་ཅིང་།བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཕྱོགས་ལ་རྨང་གཞི་ལེགས་པོ་ཞིག་ཆགས།༡༩༨༤ལོར་དགེ་རྒན་རྣམ་པ་གཉིས་ཀྱི་སློབ་སྟོན་དང་དགེ་གྲོགས་རྣམས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་མཚོ་སྔོན་མི་རིགས་སློབ་གླིང་གི་གྲངས་ཉུང་མི་རིགས་སྐད་ཡིག་སྡེ་ཚན་གྱི་དངོས་གཞི་འཛིན་གྲྭར་རྒྱུགས་འཕྲོད།གྲངས་ཉུང་མི་རིགས་སྐད་ཡིག་སྡེ་ཚན་དུ་ཟླ་གཅིག་གི་རིང་ལ་སློབ་སྦྱོང་བྱས་མཐར་ཁོའི་བསམ་པར་བསླབ་ཚན་ཕལ་ཆེར་སྦྱངས་ཟིན་པ་དང་།ཚེགས་ཆེན་པོ་རང་མེད་པར་སྙམ་ཞིང་།ཤེས་བྱ་གསར་བ་གང་མང་ཞིག་རྒྱུད་ལ་འབྱོར་བའི་བློ་བསྐྱེད་ཀྱི་དབང་གིས།རྒྱ་ཡིག་སྡེ་ཚན་དུ་སྤོ་བའི་རེ་འདུན་བཏོན།སློབ་གྲྭའི་འགོ་ཁྲིད་ཀྱིས་ཆོག་མཆན་གནང་བ་བརྒྱུད་དེ་རྒྱ་ཡིག་སྡེ་ཚན་དུ་སློབ་ལ་གཞོལ་བ་དང་།ལོ་བཞིའི་རིང་ལ་བརྟུན་པ་ལྷུར་ལེན་བྱས་པས་རྒྱའི་སྐད་ཡིག་གི་ཤེས་བྱའི་ཆུ་ཚད་བླ་ལྷག་ཏུ་ཇེ་མཐོར་སོང་ལ།མཐོང་རྒྱ་དང་ཐོས་རྒྱ་བསྐྱེད་པ་སོགས་ཕྱོགས་གང་ཐད་ནས་ཡར་སྐྱེད་བྱུང་།མཐར་ཕྱིན་ལ་ཉེ་བའི་ཟླ་གཉིས་ཀྱི་སྔོན་ལ།སློབ་གྲྭའི་བཀོད་སྒྲིག་ལྟར་སློབ་ཐོན་ཐོབ་ཐང་གཉིས་པ་ལེན་པའི་སློབ་རྒྱུག་ལ་ཞུགས་ཏེ།གྲངས་ཉུང་མི་རིགས་སྐད་ཡིག་སྡེ་ཚན་གྱི་བསླབ་ཚན་བཅོ་ལྔ་ལ་རྒྱུག་འབྲས་གཡུར་དུ་ཟ་བ་སྤྲད་ཕྱིན།ཐོད་བརྒལ་གྱིས་དངོས་གཞིའི་སློབ་ཐོན་ཐོབ་ཐང་སྦྲགས་མའི་དཔང་ཡིག་བླངས་པ་མ་ཟད།སློབ་གྲྭ་དེ་ག་རུ་དགེ་རྒན་དུ་བསྐོས།
ཁོང་གིས་ལོ་འགའི་སློབ་ཁྲིད་ཀྱི་ཁྲོད་དུ།བོད་ཀྱི་རིག་གནས་མཐའ་དག་ལ་ལག་ལེན་བྱེད་པ་དང་སྦྲགས།བོད་ཀྱི་སྒྱུ་རྩལ་མཛེས་རིག་བསམ་བློ་དང་།སྙན་ངག་རིག་པ་སོགས་ལ་ཞིབ་འཇུག་ཟབ་མོ་བྱས།༡༩༩༡ལོ་ནས་བོད་ཀྱི་མཛེས་དཔྱོད་རིག་པར་བློ་ཁ་ཕྱོགས་ཏེ།མཛེས་དཔྱོད་རིག་པའི་སྒྱུ་རྩལ་ལ་འཚོལ་སྙེག་བྱེད་རྒྱུ་གདམ་ག་བྱས།༡༩༩༢ལོར་པེ་ཅིང་སློབ་ཆེན་གྱི་ཤེར་རྟོགས་རིག་པའི་སྡེ་ཚན་དུ་མཛེས་དཔྱོད་རིག་པ་དང་སྒྱུ་རྩལ་ལ་སྦྱང་བ་བྱེད་པར་མངགས།དེའི་རྗེས་སུ་གྲངས་ཉུང་མི་རིགས་སྐད་ཡིག་སྡེ་ཚན་གྱི་བོད་ཡིག་ཆེད་ལས་སློབ་མར་བོད་ཀྱི་མཛེས་དཔྱོད་རིག་པའི་སྒྱུ་རྩལ་བསླབ་ཚན་འཆད་ཁྲིད་བྱས་པས།དགེ་སློབ་ཚང་མས་དགའ་གུས་ཐོབ།༡༩༩༣ལོར་མཚོ་སྔོན་ཞིང་ཆེན་གྱི་ན་གཞོན་དགེ་རྒན་གྱི་ཕུལ་བྱུང་གྲུབ་འབྲས་བྱ་དགའ་ཐོབ།༡༩༩༤ལོར་མཚོ་སྔོན་མི་རིགས་སློབ་གླིང་གི་ཕུལ་བྱུང་དགེ་རྒན་གྱི་མཚན་སྙན་བླངས།༡༩༩༥ལོར་བོད་ལྗོངས་སློབ་ཆེན་གྱིས་གདན་ཞུས་ལྟར།བོད་ལྗོངས་སློབ་ཆེན་གྱི་བོད་ཡིག་སྡེ་ཚན་དུ་སྒྱུ་རྩལ་མཛེས་དཔྱོད་རིག་པའི་སློབ་ཁྲིད་གནང་།སློབ་ཁྲིད་ཀྱི་གོ་སྐབས་དང་བསྟུན་ནས་བོད་ཀྱི་ལོ་རྒྱུས་དུས་སྐབས་སོ་སོའི་རིག་གནས་དང་སྒྱུ་རྩལ་ཤུལ་བཞག་ལ་ཐད་ཀར་བརྟག་དཔྱད་དང་ལག་ལེན་བྱེད་པའི་སྐལ་བ་རེག་ཐུབ་པ་བྱུང་ཞིང་།མཁས་པ་མང་བོར་བསྟེན་པ་དང་འབྲེལ་ཡོད་ཡིག་ཚགས་ལ་བལྟ་ཀློག་བྱས་པས།སྔར་ལས་ལྷག་པར་ཆེད་ལས་ཤེས་བྱ་ཕུན་སུམ་ཚོགས་པར་ཕྱིན་པ་དང་།བོད་ལྗོངས་སུ་བྱ་བ་བསྒྲུབ་ཏུ་ཆས་འདོད་ཀྱི་ཕུགས་འདུན་དྲག་པོ་ཞིག་སྐྱེས་ཤིང་།མི་ཚེ་གང་བོར་བོད་ཀྱི་རིག་གནས་སྒྱུ་རྩལ་གྱི་མཛེས་དཔྱོད་རིག་པ་དང་དེ་མིན་འདྲ་དཔེ་དང་ཐང་གའི་སྒྱུ་རྩལ་གོང་དུ་སྤེལ་འདོད་ཀྱི་ཀུན་སློང་གིས་ཡོངས་ནས་བསྐུལ།
བསོད་ནམས་དབང་ལྡན་ལགས་ཀྱིས་སློབ་ཁྲིད་གནང་སྐབས།སྔ་གཞུག་ཏུ་བོད་ཀྱི་ལོ་རྒྱུས་དང་།བོད་ཀྱི