༄༅། བོད་ཀྱི་སྨན་རྩིས་རིག་པའི་དེད་དཔོན་འོ་ཚོགས་ཆེན།
འོ་ཚོགས་ཆེན་ལགས་ནི་སྤྱི་ལོ༡༩༥༦ལོའི་ཟླ་༣པར་མདོ་སྨད་ཙོང་ཁའི་གྲོ་ཚང་ཡུལ་དུ་སྐྱེས་པ་དང་། ད་ལྟ་ཁོས་མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་ཡོན་ཀྲང་དང་། འབུམ་རམས་ཞིབ་འཇུག་སློབ་མའི་སློབ་དཔོན། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་ཡོན་ཀྲང་། མཚོ་སྔོན་བོད་སྨན་ཨ་རུ་སྡེ་ཚོགས་ཀྱི་ཚོགས་གཙོ། ཀྲུང་གོའི་བོད་ཀྱི་གསོ་རིག་དུས་དེབ་རྩོམ་སྒྲིག་ཨུ་ཡོན་ཚོགས་པའི་ཚོགས་གཙོ། ཀྲུང་གོའི་ཚན་རྩལ་ལྷན་ཚོགས་སྐབས་དྲུག་པའི་ཨུ་ཡོན་ཚོགས་པའི་ཚོགས་མི། མཚོ་སྔོན་ཞིང་ཆེན་གསོ་རིག་སློབ་ཚོགས་ཀྱི་ཚོགས་གཙོ་སོགས་ཀྱི་འགན་བཞེས་ཡོད།
བོད་ཀྱི་སྲོལ་རྒྱུན་གསོ་བ་རིག་པའི་རྒྱུད་འཛིན་མཁན་དང་གསར་སྤེལ་མཁན་ཞིག་ཡིན་པའི་ངོས་ནས་ཁོང་གིས་ཐོག་མཐའ་བར་གསུམ་དུ་འཛམ་གླིང་ཧྲིལ་བོའི་ཤེས་རིག་གི་འཕེལ་ཕྱོགས་དང་། བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་མིག་མདུན་དུ་མངོན་པའི་གནད་དོན་གསར་བར་དམིགས་ནས། སྒམ་དཀྱེལ་ཡངས་པའི་བསམ་བློ་དང་གསར་གཏོད་ཀྱི་སྙིང་སྟོབས་ལྷན་དུ་བསྒྲིལ་ཏེ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་དེ་རྩ་བའི་ལས་འགན་དུ་བཞག་ཐོག སློབ་གསོ་ནི་གཙོ་བོ་དང། སྨན་བཅོས་ལྟེ་བ། ཚན་ཞིབ་དང་ཐོན་ལས་ཟུང་འབྲེལ། སྨན་བཅོས་ཀྱིས་སྲོག་འཚོ་འགན་ལེན་བྱེད་པའི་སྒྲུབ་ཐབས་རྒྱུན་འཁྱོངས་དང་། སྲོལ་རྒྱུན་རྒྱུད་འཛིན་དང་། མ་འོངས་གསར་གཏོད་ཀྱི་རྩ་དོན་ལག་བསྟར་བྱས་ཏེ་སྔ་གཞུག་ཏུ་མཚོ་སྔོན་བོད་ཀྱི་གསོ་རིག་སློབ་གྲྭ་ཆེན་མོ་དང་། མཚོ་སྔོན་ཨ་རུ་བོད་སྨན་སྨན་བཟོ་མ་རྐང་ཚད་ཡོད་ཀུང་ཟི། མཚོ་སྔོན་བོད་ཀྱི་གསོ་རིག་ཞིབ་འཇུག་ཁང་། ཀྲུང་གོ་བོད་ཀྱི་གསོ་རིག་རིག་གནས་རྟེན་མཛོད་ཁང་སོགས་གསར་དུ་འཛུགས་སྐྲུན་བྱས་པ་དང་། ནང་གི་ཞིབ་འཇུག་དང་སྨན་བཅོས། སློབ་ཁྲིད་སོགས་ཀྱི་སྒྲིག་གཞི་ཇེ་ལེགས་ཇེ་རྒྱས་སུ་བཏང་སྟེ་བོད་ཀྱི་གསོ་བ་རིག་པ་སྔར་ལས་ལྷག་པའི་འཕེལ་རྒྱས་ཀྱི་གོམ་སྟབས་ཤིན་ཏུ་མྱུར་བའི་དུས་རབས་གསར་བ་ཞིག་ཏུ་སླེབས་སུ་བཅུག
གཅིག
བོད་ཀྱི་གསོ་རིག་ལོ་རྒྱུས་སྟེང་སྨན་གཞུང་བརྩམས་ཆོས༤༠༠༠ལྷག་ཡོད་པར་སྨྲ་ནའང་། ལོ་ངོ་སྟོང་ཕྲག་མང་བོའི་རིང་ནས་དམག་འཁྲུག་སོགས་དོན་རྐྱེན་གང་མང་གིས་བརླགས་པ་དང་། ཆར་རླུང་གིས་ཟགས་པའམ། སྲིན་བུས་རྔམ་རྨུག མེ་ཡིས་ཚིག་པ་ལ་སོགས་ཀྱི་རྐྱེན་ལས་ཉིན་རེ་བཞིན་འཐོར་བརླག་ཏུ་གྱུར་ཏེ་ད་ལྟ་མིང་གི་ལྷག་མ་ཙམ་དུ་གྱུར་ཡོད་པ་དང་། ལྷག་པར་དུ་ཕྱི་རབས་རྒྱུན་འཛིན་པ་དག་ནི་སྐྱ་ཟད་སྔོ་གཏུག་དང་ཨུ་ཐུག་ཐབས་ཟད་དུ་གྱུར་ཏེ་སྒུག་འདུག་པ་ལས་བྱ་བྱེད་ཅི་ཡང་མེད་པར་ལུས་ཡོད།
འོ་ཚོགས་ཆེན་ལགས་ཀྱིས་མིག་སྔའི་ཉམས་ཉེས་ཚབས་ཆེན་ལ་དམིགས་ཏེ་གང་མྱུར་སྒོས་ཆེད་གཉེར་མི་སྣ་རྩ་འཛུགས་ཀྱིས་ཁ་ཆར་བུ་ཡུག་ལ་སོགས་པའི་དཀའ་བ་ཁྱད་དུ་བསད་དེ་ལན་གྲངས་མང་བོར་ལྷ་ས་དང་སི་ཁྲོན། ཀན་སུའུ། ཡུན་ནན། མཚོ་སྔོན་སོགས་བོད་ཁམས་ཧྲིལ་བོའི་རང་སྐྱོང་ཁུལ༡༥དང་རྫོང་ཞང༧༧། ས་ལེ་བར༤༠༠༠༠ལྷག་ལ་ཆིབས་སྒྱུར་གྱིས་གསོ་རིག་མཁས་དབང་མང་བོའི་གམ་དུ་བཅར་ནས་བོད་ཀྱི་གསོ་བ་རིག་པའི་གནའ་དཔེ་དཀོན་པོའི་རིགས་སློང་བ་དང་། རིན་གྱིས་བླུས་པ་དང་། པར་ལོག་བརྒྱབ་པ་སོགས་ཐབས་སྣ་གང་མང་སྤྱད་དེ་གནའ་དཔེ༩༠༠ཙམ་འཚོལ་སྡུད་གནང་བ་དང་། དག་སྒྲིག་མི་སྣ་ཆེད་བསྐོས་ཀྱིས་དཔེ་རྒྱུན་དཀོན་པོའི་རིགས་གཙོ་བོར་བཟུང་བའི《བོད་ཀྱི་གསོ་བ་རིག་པའི་གནའ་དཔེ་ཕྱོགས་སྒྲིག》ཅེས་པའི་དཔེ་ཚོགས་དག་སྒྲིག་གི་འགོ་བརྩམས་པ་དང་། དུས་ད་ལྟའི་བར་དེབ༡༠༠ལྷག་དག་སྒྲིག་པར་སྐྲུན་བྱས་ཏེ་བོད་ཁམས་ཡོངས་མ་ཟད་འཛམ་གླིང་ཧྲིལ་བོའི་གྲུ་ཟུར་ཙམ་ལ་ཁྱབ་གདལ་དུ་བཏང་སྟེ་བསྐལ་བ་བརྒྱ་ཕྲག་དུ་མར་ཉམས་ཉེས་ཀྱི་འཇིག་པ་ཅི་ཞིག་བྱུང་ཡང་བསྣུབས་ཐབས་མེད་པ་ཞིག་བྱས་ཡོད།
༢༠༠༥ལོར་ཁོང་གིས་ནུས་ཤུགས་ཡོད་དགུ་རྩལ་དུ་སྤྲུགས་ཤིང་ཐུགས་རྒྱ་ཆེན་པོས་སྣེ་ཁྲིད་དེ། ཀྲུང་གོའི་བོད་ཀྱི་གསོ་རིག་རིག་གནས་རྟེན་མཛོད་ཁང་ལས་འགོ་བརྩམས་པ་དང་།༢༠༠༧ལོར་ཡོངས་སུ་ལེགས་འགྲུབ་བྱུང་། དེའི་ས་ཁྱོན་ལ་མུའུ༢༠༠དང་། བཟོ་སྐྲུན་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི༡.༢ལྷག་ཡོད། ཕྱིའི་བཀོད་པ་དང་ནང་གི་སྒྲིག་གཞི་སོགས་བོད་ཀྱི་གནའ་བོའི་བཟོ་སྐྲུན་གྱི་ཁྱད་ཆོས་དང་དེང་རབས་བཟོ་སྐྲུན་གྱི་སྒྱུ་རྩལ་ཟུང་འབྲེལ་གྱིས་ཆུ་ལ་ཆུ་བླུགས་ཀྱི་ཚུལ་དུ་གནམ་འཁོར་ལོ་རྩིབས་བརྒྱད་དང་ས་པདྨ་འདབ་བརྒྱད་ཀྱི་ཚུལ་དུ་གསར་བཞེངས་བྱས་ཤིང་། སྨན་རྫས་ཀྱི་དམར་དཔེ༤༠༠ལྷག་དང་། སྔོན་བྱོན་སྨན་པ་གྲགས་ཆེན་༣༠ཙམ་གྱི་འབག་སྐུ། བོད་ཀྱི་གསོ་བ་རིག་པའི་གནའ་དཔེ༡༠༠༠ལྷག གནའ་རྫས་གྲགས་ཆེན༡༠༠ལྷག་དང་། ཞེང་ལ་སྨི༢.༥དང་སྲིད་ལ་སྨི་༦༡༨ཡོད་པའི་ཀྲུང་གོའི་བོད་ཀྱི་རིག་གནས་ཀུན་འདུས་ཞལ་ཐང་ཆེན་མོ། ཞེང་ལ་སྨི༡.༦དང་སྲིད་ལ་སྨི༢.༡ཡོད་པའི་རྒྱུད་བཞི་ལག་བྲིས་མ་སོགས་ཕུན་སུམ་