༄༅། །དུང་དཀར་ཚང་གི་བསམ་གཞིག་གསར་བའི་ལྟ་ཚུལ།
རྩོམ་པ་པོ།:འབྲོང་བུ་ཚེ་རིང་རྡོ་རྗེ།
ཡོང་ཁུངས།:འོད་འཛིན་རྩོམ་སྟེགས།
དུས་ཚོད།:2022-04-13
ཀློག་གྲངས།:
༄༅། །དུང་དཀར་ཚང་གི་བསམ་གཞིག་གསར་བའི་ལྟ་ཚུལ།
འབྲོང་བུ་ཚེ་རིང་རྡོ་རྗེ།
གཅིག
དེ་བས། ང་ཚོས་སྲོལ་རྒྱུན་རིག་གནས་ཀྱིས་དངོས་ཡོད་སྤྱི་ཚོགས་ནང་གོ་གནས་དང་ནུས་པ་གང་འདྲ་ཞིག་བཟུང་བར་བསམ་ཞིབ་བྱེད་སྐབས། མི་འགའ་རེས་ཁོ་བོར“སྲོལ་རྒྱུན་རིག་གནས་ལ་སྐྱོན་ཆ་ག་རེ་ཡོད་དམ། སྲོལ་རྒྱུན་རིག་གནས་ལ་ཉེས་པ་ག་རེ་ཡོད་དམ”ཞེས་འདྲི་བར་བྱེད་ཀྱང་། ཁོ་བོས་ཕྱོགས་ཡོངས་སུ་དོན་དངོས་དང་མཐུན་པའི་སྒོ་ནས་སྲོལ་རྒྱུན་རིག་གནས་ལ་གདེང་འཇོག་བྱེད་པ་ལས། མཐའ་གཅིག་ཏུ་དགག་མི་རུང་ལ། མཐའ་གཅིག་ཏུ་རྒྱུན་འཛིན་བྱེད་པ་ཞིག་མིན་ཞེས་ལན་བསྐྱོན་པ་ཡིན།
རྒྱུ་མཚན་ནི། རིག་གནས་ཡོན་ཏན་དང་བསམ་བློའི་གོ་རྟོགས་མཐོན་པོ་ཡོད་པ། རིགས་པའི་མཐའ་དཔྱོད་པ་ལ་འཇུག་པར་སྤྲོ་བའི་སྐྱེ་བོ་སུ་དང་སུ་ཡིན་རུང་། སྲོལ་རྒྱུན་རིག་གནས་མེད་ན། མིའི་རིགས་ཀྱི་ད་ལྟའི་འཕེལ་རྒྱས་འདི་ཡོད་མི་སྲིད་པ་དང་། ད་ལྟའི་ཤེར་རྟོགས་རིག་པའི་བསམ་བློ་ཕུན་སུམ་ཚོགས་པོ་འདི་དང་ཚན་རྩལ་གྱི་འབྲས་བུ་འདི་དེ་བས་ཀྱང་འབྱུང་ཐབས་མེད་པ་གསལ་པོར་རྟོགས་ངེས་པས་རེད།
འོ་ན། གནད་དོན་འདིའི་འབྱུང་རྐྱེན་གང་ལ་ཐུག་ཅེ་ན། ཁོ་བོས་བསམ་ན། ང་ཚོས་ནམ་ཡང་ལོ་རྒྱུས་དང་དངོས་ཡོད་གནས་ཚུལ། སྲོལ་རྒྱུན་རིག་གནས་དང་ཚན་རྩལ་རིག་གནས་དབར་གྱི་རྩོད་སྒྲུབ་ཀྱི་འབྲེལ་བ་དེ་ལ་བསམ་ཞིབ་མི་བྱེད་པ་དང་། ལྷག་པར་དུ་ལོ་རྒྱུས་དང་སྲོལ་རྒྱུན་ནི་འདས་ཟིན་པའི་མིའི་རིགས་ཀྱི་ཤེས་རིག་ཅིག་ཡིན་པ་ལས། ད་ལྟ་དང་འབྱུང་འགྱུར་གྱི་མིའི་རིགས་ཀྱི་ཤེས་རིག་ཅིག་གཏན་ནས་མ་ཡིན་པའི་གནད་ཀ་དེར་རིགས་པའི་རྩོད་སྒྲུབ་ཀྱིས་རྟོག་དཔྱོད་མི་བྱེད་པ་དེ་རེད།
ང་ཚོའི་བྱེད་སྟངས་ཀྱི་ཕྱོགས་ཐམས་ཅད་ལས་ལོ་རྒྱུས་ཀྱི་ཆེད་དུ་འཚོ་ཞིང་གཞེས་པ་དང་། ལོ་རྒྱུས་ཀྱི་ཆེད་དུ་དགའ་ཞིང་མགུ་བ། ལོ་རྒྱུས་ཀྱི་ཆེད་དུ་མི་ཚེ་བསྐྱལ་བའི་སྣང་ཚུལ་ཞིག་མངོན་གྱི་ཡོད་པ་དང་། དེ་ལྟར་བློ་བག་ལ་ཞ་བའི་ཚུལ་དུ་འདས་སོང་གི་ལོ་རྒྱུས་ཀྱིས་འུ་ཅག་གི་ད་ལྟའི་འཚོ་བ་དང་མ་འོངས་པར་འཇུག་པའི་ཤེས་རབ་ཀྱི་ཚབ་བྱས་ཡོད་ལ། མིའི་རིགས་ཀྱི་སྐྱེ་བོའི་རིན་ཐང་གི་ངོས་ནས་བཤད་ན། དུས་རབས་ཀྱི་འཕེལ་རྒྱས་ལ་འགན་འཁུར་བ་དང་། དུས་རབས་ཀྱི་ཆེད་དུ་ནུས་ཤུགས་ཡོད་རྒུ་འདོན་པ་ནི་མི་ཞིག་གི་ཆེས་རྩ་བའི་འགན་འཁྲི་ཡིན་པས། འདི་ནི་ལྡེམ་འགྱུར་གྱི་ཤེས་རབ་ཡིན་ལ། བསམ་གཞིག་གསར་པའི་ལོ་རྒྱུས་ལྟ་ཚུལ་ཀྱང་ཡིན། ལོ་རྒྱུས་ཞིབ་འཇུག་དང་དུས་རབས་ཀྱི་འཕེལ་རྒྱས་ལ་ཤེས་རབ་གསར་པ་དང་སྟོབས་ཤུགས་གསར་བ་སྦྱིན་པའི་སྒུལ་ཤུགས་ཀྱང་ངོ་། །
དེའི་ཕྱིར་ན། འདིར་ཁོ་བོས་ལོ་རྒྱུས་རིག་པའི་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱི་བསམ་གཞིག་གསར་བའི་ལོ་རྒྱུས་ལྟ་ཚུལ་གཞིར་བཟུང་སྟེ་གོང་གི་གནད་དོན་དེ་ལ་ལན་གདབ་རྒྱུ་ཡིན།
གཉིས།
དུང་དཀར་བློ་བཟང་འཕྲིན་ལས་ནི་དེང་རབས་བོད་ཀྱི་མཁས་པའི་ཁྲོད་ན་སྐད་གྲགས་ཤིན་ཏུ་ཆེ་བ་ཞིག་ཡིན་པ་དང་། ཁོང་གིས་མར་ཁེ་སི་དངོས་གཙོ་རིང་ལུགས་ཀྱི་ལོ་རྒྱུས་ལྟ་ཚུལ་ཉིད་བོད་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པའི་བསམ་བློའི་མཛུབ་སྟོན་དུ་བཟུང་སྟེ་བོད་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་བྱས་པར་བརྟེན། བོད་ཀྱི་ཆོས་སྲིད་ཟུང་འབྲེལ་ལམ་ལུགས་ཀྱི་རུལ་སུངས་ཀྱི་ཚུལ་དེ་མངོན་པར་ཕྱུང་བའི་ལོ་རྒྱུས་སྨྲ་བ་སྐད་གྲགས་ཅན་ཞིག་ཏུ་གྱུར་པ་དང་། བོད་ཀྱི་ལོ་རྒྱུས་ཞིབ་འཇུག་དང་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་བྱ་གཞག་དར་སྤེལ་གྱི་ཕྱོགས་ལ་མཛད་རྗེས་བླ་ན་མེད་པ་ཞིག་བཞག་ཡོད།ཁོང་གི་མི་ཚེ་གང་པོ་ནི་རིག་གཞུང་ཞིབ་འཇུག་གི་འོད་སྟོང་གསར་དུ་འཚེར་བའི་མི་ཚེ་ཞིག་ཡིན་ལ། རིག་གཞུང་ཁྱབ་ཁོངས་སོ་སོ་ན་ཞིབ་འཇུག་གི་འབྲས་བུ་གཡུར་དུ་ཟ་ཞིང་། གསར་གཏོད་ཀྱི་ལམ་བུ་བཏོད་པའི་ཕྱག་རྗེས་གང་མང་བཞག་ཡོད་དེ། དཔེར་ན། བོད་ཀྱི་ཆོས་ལུགས་ཟུང་འབྲེལ་གྱི་ལམ་ལུགས་སྐོར་ལ་ཞིབ་འཇུག་གནང་བ་དང་། བོད་ཀྱི་དཀར་ཆག་རིག་པར་ཞིབ་འཇུག་བྱེད་པ། བོད་ཀྱི་སློབ་གསོ་རིག་པའི་ཐད་ཞིབ་འཇུག་གནང་བ་ལྟ་བུའོ། །
དེ་ལས«བོད་ཀྱི་ཆོས་སྲིད་ཟུང་འབྲེལ་སྐོར་བཤད་པ»ཞེས་པའི་བསྟན་བཅོས་གྲགས་ཅན་དེའི་ཞིབ་འཇུག་གི་ཐབས་ལམ་དང་བསམ་གཞིག་གི་རིགས་ལམ་དེ་ནི། ལོ་ཚིགས་གུང་བསྒྲིགས་པ་ཙམ་དང་ལོ་རྒྱུས་དོན་རྐྱེན་གྱི་བྱུང་རིམ་གཙོ་བོར་སྟོན་པའི་ལོ་རྒྱུས་ཞིབ་འཇུག་ཙམ་ལས་འདས་ཏེ། མཐའ་དཔྱོད་དང་དགག་སྒྲུབ་ཀྱི་འཇུག་པ་ཡངས་པའི་ལོ་རྒྱུས་ཤེར་རྟོགས་རིག་པའི་ཁྱབ་ཁོངས་སུ་སླེབས་ཡོད།
ཁོང་གིས་ཆོས་སྲིད་ཟུང་འབྲེལ་ལམ་ལུགས་ལས་བྱུང་བའི་སྐྱོ་གར་ལ་ཞིབ་འཇུག་བྱེད་པའི་ཚེ། བོད་མི་རང་ཉིད་བརྒྱུད་མྱོང་བ་དང་རང་ཉིད་ཀྱིས་བྱས་བྱས་ཐམས་ཅད་ལ་ཞིབ་འཇུག་བྱེད་པ་མ་ཡིན་པར། རང་ཉིད་བོད་མི་ཞིག་ཡིན་པའི་ངོས་ནས་རང་ཉིད་ཀྱི་འདས་སོང་གི་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་ལ་བསམ་ཞིབ་དང་དཔྱད་གླེང་བྱེད་རྒྱུ་ཞིབ་འཇུག་གི་གནད་གཙོ་བོར་བཟུང་ཡོད་པ་དང་། གནད་དོན་ཅན་གྱི་ལོ་རྒྱུས་ལམ་ལུགས་ཀྱིས་བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་ལ་འགོག་རྐྱེན་ཐེབས་ཚུལ་ཐོག་མཐའ་བར་གསུམ་དུ་མངོན་པར་བསྟན་ཡོད།
སློབ་དཔོན་ཆེན་མོ་དུང་དཀར་ལགས་ཀྱི་སྐད་གྲགས་ཆེ་བའི་བསྟན་བཅོས་གཞན་ཞིག་ནི«བོད་ཀྱི་དཀར་ཆག་རིག་པ»ཞེས་པ་དེ་ཡིན། བསྟན་བཅོས་དེས་བོད་ཀྱི་དེང་རབས་དཀར་ཆག་རིག་པའི་སྟོང་ཆ་བསྐངས་ཡོད་པ་མ་ཟད། གཞུང་ལུགས་ཀྱི་མ་ལག་ཚང་ཞིང་ཅུང་ཆ་ཚང་བའི་བོད་ཡིག་གི་དཀར་ཆག་རིག་པ་ཞིག་ཡིན་ལ། གསར་གཏོད་རང་བཞིན་དང་སྟོང་ཆ་ཁ་གསབ་ཀྱི་རང་བཞིན་ལྡན་པའི་བསམ་གཞིག་གསར་པའི་ཁྱད་རྩོམ་ཞིག་ཡིན།
དུང་དཀར་བློ་བཟང་འཕྲིན་ལས་ལགས་ཀྱིས་འུ་ཅག་ཕྱི་རབས་པ་རྣམས་ལ་རིག་གཞུང་གི་ལེགས་སྐྱེས་ཕུན་སུམ་ཚོགས་པོ་ཞིག་བཞག་ཡོད་ཀྱང་། ད་ལྟའི་དུས་ཀྱི་ལོ་རྒྱུས་སྨྲ་བའི་སྡེ་དང་སློབ་གསོ་སྨྲ་བའི་སྡེ། ཡང་ན་རིག་ཚན་འདི་དག་ལ་ཆེད་དུ་ཞིབ་འཇུག་བྱེད་མཁན་གྱི་སྡེ་གང་ཡིན་རུང་། རྩོམ་ཡིག་རེ་འབྲི་བའི་ཚེ་སློབ་དཔོན་ཆེན་མོ་དུང་དཀར་ལགས་ཀྱི་ཞིབ་འཇུག་གི་འབྲས་བུ་དཔྱད་ཡིག་གི་ཚུལ་དུ་ལུང་རེ་འདྲེན་པ་མ་གཏོགས། སློབ་དཔོན་ཆེན་མོ་དུང་དཀར་ལགས་ཀྱི་རིག་གཞུང་བསམ་བློ་ལ་ཆེད་དུ་ཞིབ་འཇུག་བྱེད་མཁན་ནམ་མཁའི་པདྨོའི་ཟླར་གྱུར་འདུག་པས། འདི་ནི་འུ་ཅག་ཕྱི་རབས་པ་རྣམས་ངོ་གནོང་དགོས་པའི་བྱ་བ་ཞིག་མ་ཡིན་ནམ།
སྔར་བྱུང་བའི་གནད་དོན་ཅན་གྱི་ལོ་རྒྱུས་དང་གནད་དོན་ཅན་གྱི་ལམ་ལུགས་དེས་ངེད་ཅག་གི་སེམས་པར་གསོ་དཀའ་བའི་རྨ་ཁ་བཟོས་པ་དང་། ངེད་ཅག་འཚོ་བའི་དུས་རབས་འདིའི་འཕེལ་རྒྱས་ལ་འགོག་རྐྱེན་དང་། ངེད་ཅག་མདུན་དུ་སྐྱོད་པའི་ལམ་ཁར་བཀག་སྡོམ་རབ་དང་རིམ་པ་བཟོས་ཏེ། མཐར་ངེད་ཅག་གིས་མིའི་རིགས་ཀྱི་ཤེས་རིག་གི་ཉིང་བཅུད་བསྡུ་ལེན་བྱ་རྒྱུར་འགོག་རྐྱེན་ཚད་མེད་བཟོས་ཡོད་པས། སློབ་དཔོན་ཆེན་མོ་དུང་དཀར་མཆོག་གིས་ལོ་རྒྱུས་ཐོག་གནད་དོན་ཅན་གྱི་ལམ་ལུགས་དེས་བཟོས་པའི་རྨ་ཁ་གསོ་ཆེད“ཆོས་སྲིད་ཟུང་འབྲེལ་ལམ་ལུགས”ལས་བྱུང་བའི་ལོ་རྒྱུས་ཀྱི་སྐྱོ་གར་དེ་ལ་ཐུགས་ནུས་ཡོད་ཚད་ཀྱིས་རྒྱུས་ལོན་དང་། ཕྱོགས་སོ་སོ་ནས་ཞིབ་འཇུག་གནང་སྟེ་མཐོ་སྒང་པ་ཚོས་གནད་དོན་ཅན་གྱི་ལམ་ལུགས་དེར་གོང་བཀུར་དང་ཅི་ཙམ་ཞུགས་དྲགས་པ་ལས་ཕྱིས་ཀྱི་ལོ་རྒྱུས་འཕེལ་རྒྱས་ལ་གསབ་དཀའ་བའི་གྱོང་ཀུན་བཟོས་ཡོད་པའི་སྣང་ཚུལ་ལ་གསེད་འགྲོལ་གང་ལེགས་མཛད་ཡོད།
ང་ཚོ་ད་དུང་འདི་ལྟར་གཉིད་དུ་ཡུར་རྒྱུ་ཡིན་ནམ། ང་ཚོས་མུ་མཐུད་སྣང་ལ་མ་ངེས་པའི་གཏན་ཚིགས་ཀྱི་བསམ་བློ་རྒྱུན་འཛིན་བྱེད་རྒྱུ་ཡིན་ནམ། ཡང་ན། ཁོང་གི་རླབས་ཆེ་བའི་མཛད་རྗེས་འདི་དང་ལེན་བྱེད་མི་འདོད་པ་ཨེ་ཡིན། གནད་དོན་འདིའི་སྐོར་ལ་ཁོ་བོས«རིག་གཞུང་སྨྲ་བའི་རྣམ་དཔྱོད»(༢༠༡༤ལོའི་ཟླ༣ཚེས༡༨ཉིན་གྱི་བོད་ལྗོངས་ཉིན་རེའི་ཚགས་པར་ལ་གཟིགས།)ཅེས་པའི་རྩོམ་ཡིག་དེར་དཔྱད་གླེང་བྱས་ཡོད།
དུང་དཀར་བློ་བཟང་འཕྲིན་ལས་མཆོག་སློབ་དཔོན་ཆེན་མོ་ཞིག་ཡིན་པའི་ངོས་ནས། སློབ་མ་འགའ་རེ་བསྐྱངས་གནང་བ་དང་། རང་ཉིད་ཀྱི་དཔྱོད་ཤེས་མ་ཞུགས་པའི་གཞུང་ལུགས་དེ་བློ་འཛིན་དང་གསུང་རྒྱུན་ཇི་བཞིན་གཞན་ལ་ངོ་སྤྲོད་པ་ཙམ་གཏན་ནས་མ་ཡིན་པར། མཐའ་དཔྱོད་ལ་འཇུག་པའི་རིགས་པ་དང་དགག་སྒྲུབ་ཀྱི་རིགས་ཤེས། བསམ་གཞིག་གསར་པའི་ལོ་རྒྱུས་ལྟ་ཚུལ་གྱི་ལམ་ནས་རང་ཉིད་ཀྱི་ངེས་ཤིང་འདྲོངས་པའི་བསམ་བློའི་ཉིང་བཅུད་དེ་སློབ་བུ་རིགས་པ་སྨྲ་བ་རྣམས་ལ་གནང་བ་དེ་ཡིན། དེ་ལྟའི་སློབ་སྟོན་གྱིས་རིག་གནས་ཤེས་བྱའི་ཉིང་ཁུ་བརྒྱུད་སྤྲོད་ཐུབ་པ་མ་ཟད། བསམ་གཞིག་གསར་པའི་ལོ་རྒྱུས་ལྟ་ཚུལ་ཀྱང་ཀུན་ལ་གནང་ཐུབ་པ་བྱུང་ཡོད།
གསུམ།
དུང་དཀར་བློ་བཟང་འཕྲིན་ལས་མཆོག་ནི་མར་ཁེ་སི་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་དེ་དངོས་སུ་བེད་སྤྱོད་གནང་ཐུབ་མཁན་ཞིག་དང་། མར་ཁེ་སི་དངོས་གཙོ་རིང་ལུགས་ཀྱི་ལོ་རྒྱུས་ལྟ་ཚུལ་གྱི་མཛུབ་སྟོན་འོག་བོད་ཀྱི་ལོ་རྒྱུས་རིག་གནས་ལ་ཞིབ་འཇུག་བྱེད་མཁན་གྱི་དུས་རབས་འདིའི་ལོ་རྒྱུས་སྨྲ་བའི་དེད་དཔོན་ལྟ་བུ་ཞིག་ཡིན།ཁོང་གི་ལོ་རྒྱུས་ཞིབ་འཇུག་གི་བསམ་གཞིག་དེ་ནི་ལྷ་སྒྲུང་གི་སྒྲོག་གིས་བཅིངས་པའི་སྲོལ་རྒྱུན་ལོ་རྒྱུས་རིག་པའི་ལྟ་ཚུལ་ལས་རབ་ཏུ་བརྒལ་ཅིང་། རྩ་བའི་ཆ་ནས་སྲོལ་རྒྱུན་ལོ་རྒྱུས་རིག་པའི་བསམ་བློའི་མཛུབ་སྟོན་དང་ཞིབ་འཇུག་ཐབས་ལམ་ཞལ་ཀྱིས་མི་བཞེས་པར། རིགས་ཤེས་དང་ཚན་རིག་ཟུང་དུ་སྦྲེལ་བའི་བསམ་གཞིག་གསར་བའི་ལོ་རྒྱུས་ལྟ་ཚུལ་དར་སྤེལ་གནང་ཡོད།
ཕྱོགས་གཞན་ཞིག་གི་ཆ་ནས་བཤད་ན། བོད་ཀྱི་སྲོལ་རྒྱུན་ལོ་རྒྱུས་རིག་པའི་ཞིབ་འཇུག་བྱེད་ཐབས་ཉིད་མཇུག་སྒྲིལ་པ་དང་བསམ་གཞིག་གསར་པའི་རིགས་ལམ་འོག་ལོ་རྒྱུས་ཤེར་རྟོགས་རིག་པར་ཞིབ་འཇུག་བྱེད་པའི་སྒོ་གླེགས་ཕྱེ་ཟིན་པ་ནི། སློབ་དཔོན་ཆེན་མོ་དུང་དཀར་མཆོག་གི«བོད་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་སྐོར་བཤད་པ»ཞེས་པའི་བསྟན་བཅོས་དེའི་སྟེང་ནས་གསལ་པོར་མཚོན་ཐུབ།
དེ་ཡང་ཡིན་ཏེ། ལོ་རྒྱུས་ལ་ཞིབ་འཇུག་བྱས་པ་དེས་མི་རྣམས་ལ་མྱོང་བ་དང་ཤེས་བྱ་མཁོ་སྤྲོད་གནང་བ་ཙམ་མ་ཟད། ཆེས་གལ་ཆེ་བ་ནི་མི་ལ་རྩོད་སྒྲུབ་ཀྱི་བསམ་གཞིག་ཅིག་མཁོ་སྤྲོད་བྱེད་པ་དང་། མི་རྣམས་ལ་ལོ་རྒྱུས་ཀྱི་གོ་རྟོགས་ཟབ་མོ་ཞིག་དང་མིག་རྒྱང་རིང་མོ་ཞིག་གིས་འདས་སོང་གི་དུས་རབས་ལ་བལྟ་བ་དང་། ད་ལྟ་ཉིད་བདེན་པར་འཚོལ་ཞིང་། མ་འོངས་པར་སྔོན་དཔག་བྱེད་དགོས་ཚུལ་བསྟན་ཡོད་པ་དེ་རེད།
ང་ཚོས་ལོ་རྒྱུས་ཀྱི་སྐྱོ་གར་དང་གནད་དོན་ཅན་གྱི་ལོ་རྒྱུས་ཀྱི་ངོ་བོ་ལེགས་པར་ངོས་ཟིན་ཚེ། ད་གཟོད་གཞི་ནས་དངོས་ཡོད་སྤྱི་ཚོགས་ཀྱི་འཚོ་གནས་གནད་དོན་ཉིད་ཐག་གཅོད་བྱེད་ཐུབ་པ་དང་། ལོ་རྒྱུས་ཀྱི་ཆོས་ཉིད་དང་མཐུན་པའི་འཕེལ་རྒྱས་ཀྱི་མདུན་ལམ་ཞིག་ཡང་དག་པའི་སྒོ་ནས་འཚོལ་རྟོག་དང་གདམ་གསེས་བྱེད་ཐུབ།
མདོར་ན། ཀྲུང་གོ་གསར་པ་དབུ་བརྙེས་ཏེ་བོད་ཞི་བས་བཅིངས་འགྲོལ་བཏང་བ་ནས་བཟུང་། བོད་ཀྱི་སྤྱི་ཚོགས་འདི་ཉིད་ཤེས་རིག་ལྡན་པ། སེམས་ཤུགས་ཆེ་བ། འཕེལ་རྒྱས་དང་བསྒྱུར་བཅོས་ཀྱི་ཚ་རླབས་དགུང་དུ་འཕྱུར་བའི་དུས་སྐབས་ཤིག་ཏུ་སླེབས་པ་དང་། བོད་ཀྱི་སྤྱི་ཚོགས་ཉིད་སྲོལ་རྒྱུན་ཅན་གྱི་སྤྱི་ཚོགས་ནས་ཚན་རྩལ་གྱི་ཤེས་རིག་ལ་སྙེག་པའི་དུས་རབས་སུ་འཕོ་འགྱུར་བྱུང་བའི་དུས་སྐབས་ཤིག མཐོ་སྒང་གི་ཤེས་རིག་ཉིད་དེང་རབས་ཚན་རྩལ་རིག་གནས་ཀྱི་གདོང་ཐུག་འོག་འཕེལ་འགྱུར་འབྱུང་བཞིན་པའི་ཐོད་རྒལ་གྱི་དུས་སྐབས་ཤིག་ཀྱང་ཡིན།
སློབ་དཔོན་ཆེན་མོ་དུང་དཀར་མཆོག་ནི་སྤྱི་ཚོགས་གསར་རྙིང་གི་ལམ་ལུགས་གཉིས་ཀར་རྒྱུས་ཡོད་པ་དང་། མི་རིགས་ཤིག་གི་ལས་དབང་དང་འཕེལ་རྒྱས་ཀྱི་མདུན་ལམ་ལ་སྒྱུར་བཅོས་གཏོང་དགོས་ན། ངེས་པར་དུ་ཤེར་རྟོགས་རིག་པའི་བསམ་གཞིག་ཅིག་དང་ལོ་རྒྱུས་ཀྱི་བསམ་གཞིག་ཅིག་ལ་བརྟེན་དགོས་པ་གསལ་པོར་རྟོགས་ཡོད་པ་རེད།
ཁོང་གིས་སྔོན་བྱུང་གི་ངོ་མཚར་བའི་ལོ་རྒྱུས་ཉིད་ང་ཚོ་དེང་རབས་ཀྱི་སྐྱེ་བོ་རྣམས་སྤོབས་པ་སྐྱེད་བྱེད་ཀྱི་མ་རྩ་གཏན་ནས་མ་ཡིན་པ་གསལ་རྟོགས་བྱུང་ཡོད་པ་དང་། རང་ཉིད་ལོ་རྒྱུས་རིག་གནས་ལ་ཞིབ་འཇུག་བྱེད་མཁན་ཞིག་ཡིན་པའི་ཆ་ནས། མར་ཁེ་སིའི་དངོས་གཙོ་རིང་ལུགས་ཀྱི་ལོ་རྒྱུས་ལྟ་བར་སློབ་སྦྱོང་དང་། ལོ་རྒྱུས་དངོས་གཙོ་རིང་ལུགས་ཀྱི་ལྟ་བ་ལ་བརྟེན་ནས་བོད་ཀྱི་ལོ་རྒྱུས་ལ་ཞིབ་འཇུག རིག་གནས་བསམ་གཞིག་གི་ལྟ་ཚུལ་གསར་པ་ཞིག་གི་སྒོ་ཕྱེ་སྟེ། བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་སུ་འགྲོ་བའི་མདུན་ལམ་ཞིག་འཚོལ་སྙེག་བྱེད་པ་ནི་ཁོང་ཉིད་སྤོབས་པ་སྐྱེད་བྱེད་ཀྱི་མ་རྩ་རུ་གྱུར་ཡོད།
སློབ་དཔོན་ཆེན་མོ་དུང་དཀར་མཆོག་གི་ལོ་རྒྱུས་ལྟ་ཚུལ་དེ་ཉིད་དོན་དངོས་ལ་ཉེ་བར་རེག་ཅིང་ཕྱི་རོལ་ཡུལ་གྱི་ཆོས་ཉིད་དང་མཐུན་པས། མཐོ་སྒང་ན་འཚོ་ཞིང་བཞེས་པའི་སྐྱེ་བོ་རྣམས་ཀྱི་རྒྱུན་སྲོལ་གྱི་ཤེས་རིག་དང་། རིག་གནས་བསམ་གཞིག སྤྱི་ཚོགས་སྲོལ་ལུགས་སྒྱུར་བཅོས་གཏོང་བའི་ཕྱོགས་ལ་སྟོབས་ཤུགས་ཆེན་པོ་ཞིག་གནང་ཡོད། དེའི་རྒྱུ་མཚན་གྱིས། ཁོ་བོས་བསམ་ན་སློབ་དཔོན་ཆེན་མོ་དུང་དཀར་མཆོག་གིས་སྲོལ་ཕྱེ་བའི་བསམ་གཞིག་གསར་པའི་ལོ་རྒྱུས་ལྟ་ཚུལ་དང་ཕྱི་དོན་རྣམ་བདེན་རིང་ལུགས་ཀྱི་ཞིབ་འཇུག་བྱེད་ཐབས་སམ་ཚན་རིག་དང་མཐུན་པའི་ཕྱི་དོན་ཞིབ་འཇུག་གི་ཐབས་ལམ་ཀྱིས། ང་ཚོ་ཕྱི་རབས་པའི་ལོ་རྒྱུས་ཞིབ་འཇུག་པ་རྣམས་ལ་ལོ་རྒྱུས་ནི་མིའི་རིགས་ཀྱི་སྤྱི་ཚོགས་སྔོན་དུ་བསྐྱོད་རྒྱུ་མ་ཟད། ཕྱི་རོལ་ཆོས་ཉིད་དང་མཐུན་ཞིང་མི་རང་ཉིད་ཀྱིས་བསྐྲུན་པའི་ལོ་རྒྱུས་ལྟ་ཚུལ་ཞིག་ཡིན་པར་རྐང་ཚུགས་ཡོད་པས། བོད་ཀྱི་ལོ་རྒྱུས་ལྷ་སྒྲུང་གི་འཁྲུལ་གཞི་ལས་གྲོལ་པ་རེད་སྙམ། འདི་ནི་ཁོ་བོས་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་བསམ་གཞིག་གསར་པའི་ལོ་རྒྱུས་ལྟ་ཚུལ་གྱི་སྲོལ་འབྱེད་པ་ཡིན་པར་བརྗོད་པའི་རྒྱུ་མཚན་གཙོ་བོ་དང་རིགས་པའི་ཁུངས་སྐྱེལ་སའི་གཞི་འཛིན་ས་གཙོ་བོའང་ཡིན།
ཟུར་བལྟའི་དཔྱད་གཞི།
1 འབྲོང་བུ་ཚེ་རིང་རྡོ་རྗེ། དུང་དཀར་བློ་བཟང་འཕྲིན་ལས་ཀྱི་དཔྱད་རྩོམ་ལེགས་བཏུས། [G] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2014ལོ།
2 ཀྲང་ཞོའུ་ཧྥན། ལོ་རྒྱུས་ཀྱི་གནད་དོན་དང་གནད་དོན་གྱི་ལོ་རྒྱུས། [G] རྒྱང་རིང་དཔེ་སྐྲུན་ཁང་། ༢༠༠༨ལོ།
3 ལིའུ་ཞི། མིའི་སེམས་ངོས་ཀྱི་ལོ་རྒྱུས། [M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1987ལོ།
4 འབྲོང་བུ་ཚེ་རིང་རྡོ་རྗེ། དུང་དཀར་བློ་བཟང་འཕྲིན་ལས་ཀྱི་རིག་གཞུང་བསམ་བློའི་དཔྱད་རྩོམ་ཕྱོགས་བསྒྲིགས། [G] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།
5 ཀྲུའུ་ཀོན་ཆན་གྱི་རྩོམ་ཡིག་ཕྱོགས་བསྒྲིགས། [G] ཨན་ཧའེ་སློབ་གསོ་དཔེ་སྐྲུན་ཁང་། 1992ལོ།
6 འབྲོང་བུ་ཚེ་རིང་རྡོ་རྗེ། རིག་གཞུང་སྨྲ་བའི་རྣམ་དཔྱོད། དངོས་སྟོབས་རིག་པའི་ཤེས་རབ། [N] བོད་ལྗོངས་ཉིན་རེའི་ཚགས་པར། 2014ལོའི་ཟླ3ཚེས18ཉིན།
7 ཐཱེན་ཧྲུན་ཁང་དང་ཅིན་ཀྲུང་ཡོན། དེང་རབས་ནུབ་ཕྱོགས་ལོ་རྒྱུས་རིག་པའི་གྲུབ་མཐའི་རྩོམ་བཏུས། [G] ཧྲང་ཧེའི་མི་དམངས་དཔེ་སྐྲུན་ཁང་། 1982ལོ།
རྒྱ་ཡིག་གི་རྩོམ་ནི2014ལོའི་ཟླ11པའི་ཚེས15ཉིན་གྱི«བོད་ལྗོངས་ཉིན་རེའི་ཚགས་པར»ངོས3པའི་ཐོག་བཏོན་ཟིན།
འབྲེལ་ཡོད་འོས་སྦྱོར།