བོད་རིག་པའི་མཁས་དབང་ཁྲིན་ཆིན་དབྱིན་ལགས་སྐུ་གཤེགས་པར་གདུང་སེམས་དྲག་པོས་མྱ་ངན་ཞུ།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་ནང་བསྟན་སློབ་ཆེན།
དུས་ཚོད།:2022-04-13
ཀློག་གྲངས།:
རང་རྒྱལ་གྱི་སྐད་གྲགས་ཆེ་བའི་བོད་རིག་པ་མཁས་ཅན་དང་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ལོ་རྒྱུས་ཞིབ་འཇུག་སུའོ་ཡི་དེ་སྔའི་སུའོ་ཀྲང་རྒན་ཁྲིན་ཆིན་དབྱིན་ལགས་ནད་ཀྱི་རྐྱེན་པས་སྨན་བཅོས་བྱས་ཀྱང་ཕན་འབྲས་མ་ཐོན་པར་སྤྱི་ལོ༢༠༢༢ལོའི་ཟླ༤ཚེས༡༡ཉིན་གྱི་ཆུ་ཚོད༡༤དང་སྐར་མ༥༥སྟེང་ཁྲིན་ཏུར་སྐུ་གཤེགས་པ་དང་དགུང་ལོ༨༡ཡིན་པ་རེད།
རྒན་ཁྲིན་ཆིན་དབྱིན་ལགས་ནི་སྤྱི་ལོ༡༩༤༡ལོའི་ཟླ༡༠པར་སི་ཁྲོན་ཞིང་ཆེན་ནན་ཁྲུང་གྲོང་ཁྱེར་དུ་སྐུ་འཁྲུངས་ཤིང་། ༡༩༥༨ལོར་ཁྱིམ་ཚང་དང་མཉམ་དུ་མཚོ་སྔོན་དུ་གནས་སྤོས་པ་རེད། སློབ་འབྲིང་མཐར་ཕྱིན་རྗེས་མཚོ་སྔོན་མི་རིགས་སློབ་གླིང་དུ་བོད་སྐད་ཡིག་སྦྱོང་འགོ་ཚུགས་པ་དང་དུས་ཡུན་རིང་པོར་སློབ་ཁྲིད་དང་སློབ་མ་སྐྱོང་བའི་ལས་དོན་བསྒྲུབས་མྱོང་ཡོད། ༡༩༧༨ལོར་ཀྲུང་དབྱང་མི་རིགས་སློབ་གླིང་གི་མི་རིགས་སྐད་ཡིག་ཚན་ཁག་གི་བོད་ཡིག་བརྡ་རྙིང་ཆེད་ལས་སུ་རྒྱུགས་འཕྲོད་ཅིང་རྩོམ་རིག་རབ་འབྱམས་པའི་བསླབ་གནས་འཐོབ། དེའི་རྗེས་སུ་ཀྲུང་དབྱང་མི་རིགས་སློབ་གླིང་གི་བོད་རིག་པའི་ཞིབ་འཇུག་ཁང་དུ་བོད་རིག་པའི་ཞིབ་འཇུག་གི་ཕྱག་ལས་གནང་། ༡༩༨༤ལོར་མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་གི་བོད་རིག་པའི་ཞིབ་འཇུག་ཁང་དུ་ལས་གནས་སྤར་ཏེ་སྔ་རྗེས་སུ་སུའོ་ཀྲང་དང་ཞིབ་འཇུག་པའི་གོ་གནས་བཞེས་པ་དང་། སྐུ་འབུམ་བྱམས་པ་གླིང་གི་ཡིག་རྙིང་གི་དཀར་ཆག་རྩོམ་འབྲི་དང་སྐུ་འབུམ་དགོན་པའི་ལོ་རྒྱུས་རིག་དངོས་ཞིབ་འཇུག་གི་འགན་ཡང་འཁུར་བ་རེད། ༡༩༩༣ལོར་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་ལས་གནས་སྤར་བ་དང་། ཐའེ་ཝན་ཆབ་སྲིད་སློབ་ཆེན་གྱི་མི་རིགས་རིག་པའི་སྡེ་ཁག་དང་ཐའེ་ཝན་ནང་རིག་མི་ཆོས་སྤྱི་ཚོགས་སློབ་གླིང་གི་ཆོས་ལུགས་སྡེ་ཁག་གི་གདན་ཞུས་དགེ་རྒན་ཆེན་མོའི་འགན་བཞེས་ལ། ཨ་མེ་རི་ཁའི་ཧ་ཧྥུ་སློབ་ཆེན་ཡན་ཅིན་སློབ་ཚོགས་ཀྱི་འཚམས་འདྲིའི་མཁས་དབང་བྱས་ཏེ་ཧ་ཧྥུ་སློབ་ཆེན་ཡན་ཅིན་སློབ་ཚོགས་དང་མཉམ་ལས་ཞིབ་འཇུག་བྱེད་མྱོང་ཡོད་པ་རེད།
རྒན་ཁྲིན་ཆིན་དབྱིན་ལགས་ཐོག་མཐའ་བར་གསུམ་དུ་བོད་རིག་པའི་ཞིབ་འཇུག་གི་ལས་ལ་གཞོལ་ཞིང་། བོད་ཀྱི་ལོ་རྒྱུས་དང་། རིག་གནས། ཡིག་ཚང་ཞིབ་འཇུག་བཅས་ཀྱི་ཐད་དུ་གསུང་རྩོམ་འབོར་ཆེན་བརྩམས་གནང་ཡོད་ལ་སློབ་མ་གང་མང་སྐྱེད་སྲིང་བྱས་ཤིང་ཁོང་གི་སྙན་གྲགས་རྒྱལ་ཁབ་ཕྱི་ནང་ཀུན་ལ་ཁྱབ་ཡོད། སྔ་རྗེས་སུ་རྒྱལ་ཁབ་ནོར་སྲིད་ཀྱིས་ཆེད་སྤྱོད་གྲོན་དངུལ་བཏང་བའི་ཚན་རིག་ཞིབ་འཇུག་རྣམ་གྲངས་གལ་ཆེན་དང་། རྒྱལ་ཁབ་ཀྱི་སྤྱི་ཚོགས་ཚན་རིག་ཐེབས་རྩའི་རོགས་དངུལ་སྤྲོད་པའི་རྣམ་གྲངས་གལ་ཆེན། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་རྣམ་གྲངས་གལ་ཆེན། མཚོ་སྔོན་གྱི་བོད་ཀྱི་སྤྱི་ཚོགས་ལོ་རྒྱུས་ཞིབ་འཇུག་རྣམ་གྲངས་གལ་ཆེན་སོགས་ཞིབ་འཇུག་རྣམ་གྲངས་གང་མང་གཙོ་སྐྱོང་གནང་བ་རེད། བརྩམས་ཆོས་ལ«ཏི་ཤྲི་ཆོས་རྒྱལ་འཕགས་པའི་རྣམ་ཐར»དང«ཏཱ་ལའི་བླ་མའི་ཡང་སྲིད་དང་ལོ་རྒྱུས་གཏན་སྲོལ»སོགས་གསུང་རྩོམ་མང་པོ་ཡོད་པ་དང་། «རྩིས་ཐོ་ཡིག་ཆ་ལས་ཐུ་བྷོད་རྒྱལ་རབས་ཀྱི་དཔལ་འབྱོར་ལམ་ལུགས་ལ་བལྟ་བ»དང«ཆིང་རྒྱལ་རབས་དུས་ཀྱི་གསེར་བུམ་དཀྲུག་འདོན་ལམ་ལུགས་གཏན་འབེབས་དང་དེ་བཞིན་བོད་དུ་ལག་བསྟར་བྱས་ཚུལ»སོགས་རིག་གཞུང་དཔྱད་རྩོམ་བརྒྱ་ལྷག་ཙམ་ཡོད། «བོད་ཀྱི་ལོ་རྒྱུས་ཆེན་མོ»དང«ཀྲུང་གོའི་བོད་རིགས» «བོད་ཀྱི་ལོ་རྒྱུས་རིག་གནས་ཚིག་མཛོད»སོགས་བརྩམས་ཆོས་གང་མང་གི་གཙོ་སྒྲིག་པའི་འགན་བཞེས་པ་དང་། འགྱུར་རྩོམ་ལ«ཐུ་བྷོད་རྒྱལ་རབས»དང«བོད་ཀྱི་ཆོས་སྲིད་ཟུང་འབྲེལ་ལམ་ལུགས་སྐོར་བཤད་པ» «རྒྱ་བོད་ལོ་རྒྱུས་ཀུན་ལས་བཏུས་པ» «ས་སྐྱའི་གདུང་རབས»སོགས་ཁག་བཅུ་ལྷག་ཙམ་ཡོད། ༡༩༩༧ལོར་རྒྱལ་ཁབ་རིམ་པའི་བྱས་རྗེས་འབུར་ཐོན་ཡོད་པའི་དར་མའི་ཕུལ་བྱུང་ཆེད་མཁས་པའི་མཚན་སྙན་འཐོབ་པ་དང་། ༡༩༨༩ལོ་དང་༡༩༩༠ལོར་སྔ་གཞུག་ཏུ་མཚོ་སྔོན་ཞིང་ཆེན་གྱི་ངལ་རྩོལ་དཔེ་བཟང་ཅན་དང་མཚོ་སྔོན་ཞིང་ཆེན་གྱི་ཕུལ་བྱུང་ཆེད་མཁས་པའི་མཚན་སྙན་འཐོབ་པ་རེད། ༡༩༩༡ལོ་ནས་བཟུང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་གཞུང་དམིགས་བསལ་ཕོགས་སྣོན་ལོངས་སྤྱོད་གནང་བ་རེད། ༢༠༡༨ལོར་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་གི་ཇོ་མོ་གླང་མ་རྟགས་མའི་བྱ་དགའ་འཐོབ་པ་རེད།
རྒན་ཁྲིན་ཆིན་དབྱིན་ལགས་ཀྱིས་སྐུ་ཚེ་ཧྲིལ་པོར་ཏང་ལ་དགའ་ཞེན་དང་། མེས་རྒྱལ་ལ་དགའ་ཞེན། མི་དམངས་ལ་དགའ་ཞེན་བཅས་བྱེད་པ་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་གནང་ནས་རང་རྒྱལ་གྱི་བོད་རིག་པའི་ཞིབ་འཇུག་གི་བྱ་གཞག་འཕེལ་རྒྱས་དང་ཡར་ཐོན་ཡོང་བར་མི་ཚེ་གང་བོའི་སེམས་ནུས་ཕུལ་ཡོད་པ་དང་བྱས་རྗེས་འབུར་དུ་ཐོན་པ་བཞག་ཡོད། རྒན་ཁྲིན་ཆིན་དབྱིན་ལགས་སྐུ་གཤེགས་པ་ནི་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ཁྱབ་ཁོངས་ཀྱི་གྱོང་གུན་ཆེན་པོ་ཞིག་རེད།
རྒན་ཁྲིན་ཆིན་དབྱིན་ལགས་སྐུ་འཚོ་བཞུགས་སྐབས་སུ་ངེད་སློབ་གླིང་གིས་བསྒྲུབས་པའི་བགྲོ་གླེང་ཚོགས་འདུར་ཐེངས་དུ་མར་ཞུགས་པ་དང་། «བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གྱི་ལོ་རྒྱུས་དང་ཆོ་ག»སོགས་གལ་ཆེའི་ཞིབ་འཇུག་རྣམ་གྲངས་སྐུ་དངོས་སུ་ཇུས་འགོད་དང་མཉམ་ཞུགས་བྱས་ལ། རྟག་པར་ངེད་སློབ་གླིང་གི་བསླབ་དེབ་འཛུགས་སྐྲུན་ལ་སོགས་ཀྱི་ལས་དོན་ལ་རྒྱབ་སྐྱོར་དང་མཛུབ་སྟོན་གང་ལེགས་བྱས་པས་སློབ་གླིང་གི་རྒྱ་ཆེའི་དགེ་སློབ་ཚོའི་དད་གུས་དང་དགའ་ཞེན་ཆེན་པོ་འཐོབ་ཡོད། ཁོང་གི་སློབ་གཉེར་སྙིང་སྟོབས་དང་བླ་མེད་ཀུན་སྤྱོད་ཀྱིས་དུས་ནམ་ཡང་མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོའི་དགེ་སློབ་ཚོར་སློབ་གཉེར་ལ་དཀའ་བ་སྤྱད་དེ་ནང་བསྟན་དར་སྤེལ་དང་། སྔ་འཛིན་ཕྱི་གཏོད་ཀྱིས་མུ་མཐུད་དུ་བོད་རིག་པའི་ཞིབ་འཇུག་བྱ་གཞག་དང་ཀྲུང་ཧྭའི་ཕུལ་བྱུང་རིག་གནས་རྒྱུན་འཛིན་བྱ་ཆེད་འབད་བརྩོན་ལྷོད་མེད་བྱ་དགོས་པའི་སྐུལ་ལྕག་ཐེབས་ཡོད་ལ། ཁོང་སྐུ་གཤེགས་རྗེས་མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོ་དང་མཚོ་སྔོན་ཞིང་ཆེན་བོད་ཀྱི་ནང་ཆོས་ཉམས་ཞིབ་ལྟེ་གནས་གཉིས་ཀྱིས་མྱ་ངན་གློག་འཕྲིན་བཏང་སྟེ་གདུང་སེམས་དྲག་པོས་མྱ་ངན་ཞུས་ཡོད།
འབྲེལ་ཡོད་འོས་སྦྱོར།