logo

༄༅། །སྔ་རབས་བོད་ཀྱི་སྲིད་ཁྲིམས་གསལ་བའི་སྐར་མ་འོད་ཆེན།

རྩོམ་པ་པོ།:ཚུལ་ཁྲིམས་བཟང་པོ། ཡོང་ཁུངས།:༢༠༢༢ལོའི«གངས་ལྗོངས་ཉི་གཞོན»དེབ་བཞི་པ། དུས་ཚོད།:2022-07-28 ཀློག་གྲངས།:
༄༅། །སྔ་རབས་བོད་ཀྱི་སྲིད་ཁྲིམས་གསལ་བའི་སྐར་མ་འོད་ཆེན།
                                               ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བསོད་ནམས་ཚེ་རིང་ལགས་ལ་བཅར་འདྲི་ཞུས་ཚུལ།
ཚུལ་ཁྲིམས་བཟང་པོས་བྲིས་ཤིང་བསོད་ནམས་ཚེ་རིང་གིས་པར་མཁོ་འདོན་བྱས།
 
ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བསོད་ནམས་ཚེ་རིང་ལགས།
ཐོག་མར་དགེ་བའི་བཤེས་གཉེན་མཇལ།
        སེམས་ལྷོད་ལ་བབས་ནས་འདང་ཞིག་རྒྱག་དུས། དུས་ཀྱི་འཁོར་ལོ་ནི་སྐད་ཅིག་མའི་ཆ་དང་འགྲོགས་ནས་ཡུད་ཙམ་ཡང་མི་སྡོད་པར་རྒྱང་ཐག་རིང་པོ་ཞིག་ལ་བཞུད་ཟིན། ངས་སློབ་ཆེན་གྱི་མཐར་ཕྱིན་དཔྱད་རྩོམ་འབྲི་སྐབས། འཇུག་གི་བཀའ་དྲིན་ཞུ་ཡིག་ཏུ་དགེ་བའི་བཤེས་གཉེན་བསོད་ནམས་ཚེ་རིང་ལགས་ལ་བཀའ་དྲིན་ཞུ་ཞེས་བློ་སེམས་རྣམ་དག་གིས་བཀའ་དྲིན་ཞུས་ཡོད། དེ་ལ་རྒྱུ་མཚན་མེད་པ་མིན་ཏེ། ཁོང་གིས་བགྲང་བྱ་གསུམ་གྱི་རིང་ལ་བོད་ཀྱི་བརྡ་རྙིང་དང་སྔ་རབས་བོད་ཀྱི་སྲིད་ཁྲིམས་སོགས་ཀྱི་སྐོར་ལ་སློབ་ཁྲིད་གང་མང་གནང་བར་མ་ཟད། སྐབས་དེའི་མཐར་ཕྱིན་དཔྱད་རྩོམ་གྱི་ཐོག་མཐའ་བར་གསུམ་དུ་མཛུབ་སྟོན་གནང་ཡོད། སྤྱིར་ང་ལ་མཚོན་ན་སློབ་ཆེན་སྐབས་སུ་བརྡ་རྙིང་སློབ་ཚན་དང་སྔ་རབས་བོད་ཀྱི་སྲིད་ཁྲིམས་སྐོར་གྱི་སློབ་ཚན་ལ་ཆེས་དགའ་མོས་ཆེ་ཞིང་། སློབ་ཐུན་རེ་རེ་ལ་ནན་གྱིས་འཇུག་ཅིང་ཟིན་བྲིས་ཞིབ་ཚགས་བཏབ་པར་མ་ཟད། འབྲེལ་ཡོད་ཡིག་ཆ་ཁག་ཅིག་བཀླགས་མྱངས། གཞན་ཡང་། རྗེས་ནས་ཀྱང་མུ་མཐུད་དུ་ཁོང་གི་བཀའ་སློབ་ལ་ཡང་ཡང་ཉན་རྒྱུའི་གོ་སྐབས་ཐོབ་ཅིང་། དམ་པའི་མཛད་བཟང་ལ་རྒྱུས་ལོན་དང་ཁ་མིག་ཡར་ལྟ་ཡི་རྒྱུ་རུ་གྱུར་ཡོད།
        ཁོང་གིས་དུས་རྒྱུན་རྩེད་མཚར་གྱི་རྣམ་པ་ལ་བརྟེན་ནས་གོ་བ་ལོན་དཀའ་བའི་བརྡ་རྙིང་དང་སྔ་རབས་བོད་ཀྱི་སྲིད་ཁྲིམས་སྐོར་གྱི་མིང་ཚིག་རྣམས་གོ་སྐོན་བློ་འགུག་སྒོས་འགྲེལ་བ་མཛད་པ་དང་། དགེ་རྒན་ཆེན་པོའི་ཚུགས་ཀ་རྫིག་པོ་མི་འཛིན་པར་སློབ་མ་རྣམས་ལ་གྲོགས་པོའི་འདུ་ཤེས་བཟུང་ནས་ཁེངས་སྐྱུང་དང་ཞི་དུལ་བག་ཡོད་ཀྱིས་ཡོན་ཏན་ཡོད་རྒུ་བུམ་པ་གང་བྱོའི་ཚུལ་དུ་བསྩལ་བཞིན་ཡོད།
ཁྲི་སྲོང་ལྡེ་བཙན་གྱི་བང་སོའི་ཁ་སྒོ་ནས་བསྐྱོན་པའི་འདྲ་པར།
བར་དུ་གསུང་གི་བདུད་རྩི་བབས།
གསར་འགོད་པ། རྒན་ལགས་སྐུ་ཁམས་བཟང་། མ་མཇལ་ཡུན་རིང་ཡིན། སྐུ་ཁམས་དྭངས་མ་ཡིན་ནམ། དེ་རིང་གསར་འགོད་པ་ཞིག་གི་ངོས་ནས་ཁྱེད་ཀྱི་སྐུ་ཚེའི་ལོ་རྒྱུས་དང་རིག་གཞུང་ཞིབ་འཇུག་སོགས་ཀྱི་ཐད་ལ་བཅར་འདྲི་ཐུང་ངུ་ཞིག་བྱ་དགོས་པས་འོ་བརྒྱལ་མཛད་རོགས་གནང་།
དགེ་རྒན་བསོད་ནམས་ཚེ་རིང་། ཁམས་བཟང་། བདེ་མོ་ཡིན། འོ་ལགས་སོ། །
གསར་འགོད་པ། ཁྱེད་དགེ་རྒན་གྱི་ལས་གནས་ལ་ཞུགས་དགོས་པའི་རྒྱུ་མཚན་ཅི་ཡིན།
དགེ་རྒན་བསོད་ནམས་ཚེ་རིང་། ང་རང་སྤྱི་ལོ1989ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་སློབ་མཐར་ཕྱིན་རྗེས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩོམ་སྒྱུར་ཁང་དུ་ཡིག་སྒྱུར་དང་། གནའ་དཔེ་ལེགས་སྒྲིག །བོད་སྐད་ཡིག་ལག་ལེན་སོགས་ཀྱི་ལས་ཀ་གཉེར་པ་ཡིན་ལ། སྤྱི་ལོ1991ལོར་སླར་ཡང་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད་དེ་བགྲང་བྱ་གསུམ་གྱི་རིང་དུ་རྒྱ་བོད་ལོ་ཙཱའི་ཆེད་ལས་ལ་སློབ་གཉེར་གྱིས་མཐར་ཕྱིན་རྗེས། གཅིག་ནས་དགེ་རྒན་གྱི་ལས་གནས་ཁྲོད་ནས་རང་ཉིད་ཀྱིས་སྦྱངས་ཟིན་པའི་ཤེས་བྱ་དེས་ཕྱི་རབས་གཞོན་ནུ་དག་ལ་ཕན་རེ་ཐོགས་ན་སྙམ་པ་དང་། གཉིས་ནས་སྐབས་དེར་ལྷོ་ནུབ་མི་རིགས་སློབ་གླིང་གིས་དགེ་བཟོ་བ་བསྡུ་གཉེར་གྱི་ཡིག་ཚད་ཀྱང་ལོངས་པས། ལས་གནས་འདི་འདྲ་ཞིག་ལ་ཞུགས་དགོས་བྱུང་།
གསར་འགོད་པ། ཁྱེད་ཀྱིས་སློབ་ཚན་གང་དག་ཁྲིད་བཞིན་ཡོད།
དགེ་རྒན་བསོད་ནམས་ཚེ་རིང་། ད་ལྟའི་བར་དུ་བོད་རྒྱ་ཡིག་སྒྱུར་དང་བརྡ་རྙིང་། སྔ་རབས་བོད་ཀྱི་སྲིད་ཁྲིམས་སོགས་ཀྱི་སློབ་ཁྲིད་ཀྱི་འགན་འཁུར་བ་ཡིན།
གསར་འགོད་པ། ཁྱེད་ནི་འབྲོག་ཕྲུག་དཀྱུས་མ་ཞིག་ནས་སློབ་གྲྭ་ཆེན་མོའི་འབུམ་རམས་པ་འཕར་མའི་མཛུབ་སྟོན་དགེ་རྒན་ཞིག་ལ་གྱུར་ཡོད་གཤིས། གཡུར་ཟའི་གྲུབ་འབྲས་དེ་འདྲ་ཞིག་ཐོབ་པའི་རྒྱུ་རྐྱེན་ནམ་ཐབས་ཤེས་གཙོ་བོ་གང་ཡིན།
དགེ་རྒན་བསོད་ནམས་ཚེ་རིང་། ང་རང་ཆུང་དུས་ཀྱི་སྤྱི་ཚོགས་རྒྱབ་ལྗོངས་དེ་འདྲའི་ཁྲོད་དུ་སློབ་གྲྭར་འགྲིམ་པའི་གོ་སྐབས་ཤིག་ཐོབ་པ་ནི་དྲིན་ཆེན་ཕ་མའི་བཀའ་དྲིན་ཡིན་ལ། དེ་ནས་སློབ་སྦྱོང་གི་བརྒྱུད་རིམ་ཁྲོད་དུ་དགེ་རྒན་བཀའ་དྲིན་ཅན་མང་པོར་འཕྲད་པ་དང་། རང་གི་ཁྱིམ་མིའི་རྒྱབ་སྐྱོར། ལས་གནས་སུ་ཞུགས་རྗེས་དགེ་གྲོགས་དང་། སློབ་མ་རྣམས་ཀྱང་རྒྱུན་ཅུང་ཟད་རིང་བའི་སློབ་གཉེར་གྱི་སྒུལ་ཤུགས་དང་གྲུབ་འབྲས་ཀྱི་རྒྱུ་རྐྱེན་དུ་གྱུར།
དགེ་རྒན་ཆེན་མོ་བསོད་ནམས་ཚེ་རིང(གྲལ་གཉིས་པའི་གཡོན་བཞི་པ)ལགས་ནུབ་བྱང་མི་རིགས་སློབ་ཆེན་དུ་ཕྱི་རྒྱལ་གྱི་ཏུན་ཧོང་བོད་ཡིག་ཡིག་རྙིང་གི་ཐོག་མའི་འགྲེམ་སྤེལ་མཛད་སྒོར་ཞུགས་པ།
གསར་འགོད་པ། ཁྱེད་ཀྱིས་སྔ་རབས་བོད་ཀྱི་སྲིད་ཁྲིམས་སྐོར་ལ་ཞིབ་འཇུག་མཛད་དགོས་པའི་རྒྱུ་རྐྱེན་ཅི་ཡིན།
དགེ་རྒན་བསོད་ནམས་ཚེ་རིང་། འདི་ལ་རྒྱུ་རྐྱེན་གཉིས་ཡོད། གཅིག་ནས་རང་གི་དགའ་ཕྱོགས་ཡིན། སྔོན་ཆད་སློབ་ཆེན་འགྲིམས་དུས་ཡིག་རྙིང་སློབ་གཉེར་ཁྲོད་དུ་གནའ་བོའི་བོད་ཀྱི་ཁྲིམས་སྲོལ་དང་འབྲེལ་བའི་གན་རྒྱའི་ཡི་གེ་དང་། གཏུག་གཤེར་གྱི་ཡི་གེ། གྱོད་གཞིའི་ཡི་གེ། ཤགས་ཡིག་སོགས་ལ་རྒྱུན་དུ་འཕྲད་བཞིན་ཡོད་པས། གནའ་དུས་སུའང་འདི་འདྲའི་ཆ་ཚང་ཞིང་གོ་རིམ་ལྡན་པའི་ཁྲིམས་སྲོལ་འདུག་ཨང་སྙམ་སྟེ་ཡིད་འཕྲོག་ཅིང་། རྗེས་སུ་ཡིག་རྙིང་སྐོར་གྱི་ཆེད་མཁས་རྒན་རབས་དག་གི་སློབ་ཁྲིད་ལ་ཉན་པ་དང་། བཀའ་འདྲིའི་གོ་སྐབས་བྱུང་སྟེ་དེའི་སྐོར་ལ་རིམ་གྱིས་རྒྱུས་ལོན་བྱུང་བ་དང་སྤྲོ་བའང་འཕེལ་བྱུང་། གཉིས་ནས་བྱ་བའི་དགོས་དབང་གིས་ཡིན། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་འབྲེལ་ཡོད་ཡིག་ཆ་དང་དེ་སྔའི་བོད་རིག་པའི་སློབ་གླིང་གི་ཁྲིད་ཚན་འཛུགས་སྐྲུན་གྱི་འཆར་གཞི་ལྟར་དངོས་གཞི་རིམ་པའི་བོད་རྒྱ་སྐད་གཉིས་ཁྲིམས་ལུགས་འཛིན་གྲྭ་དང་བོད་རིག་པའི་འཛིན་གྲྭ། སྐད་གཉིས་སྲིད་འཛིན་དོ་དམ་འཛིན་གྲྭ་བཅས་ལ་སྔ་རབས་བོད་ཀྱི་སྲིད་ཁྲིམས་ཞེས་པའི་ཁྲིད་ཚན་གསར་པ་འདི་བཀོད་སྒྲིག་བྱས་ཤིང་། ངས་བསླབ་ཚན་འདིའི་ཁྲིད་དེབ་རྩོམ་སྒྲིག་དང་སློབ་ཁྲིད་ཀྱི་འགན་དང་དུ་བླངས། གང་ལྟར་སློབ་ཁྲིད་ཀྱི་དགོས་དབང་གིས་སྔ་རབས་བོད་ཀྱི་སྲིད་ཁྲིམས་ཞེས་པའི་རིག་ཚན་འདི་འདྲ་ཞིག་ལ་འཇུག་དགོས་བྱུང་།
གསར་འགོད་པ། སྔ་རབས་བོད་ཀྱི་སྲིད་ཁྲིམས་ཀྱི་ཞིབ་འཇུག་གནས་བབ་ག་འདྲ་ཡིན།
དགེ་རྒན་བསོད་ནམས་ཚེ་རིང་། སྤྱི་ལོ་དུས་རབས14ནས་གུ་རུ་ཨུ་རྒྱན་གླིང་པའི་གཏེར་མ«བཀའ་ཐང་སྡེ་ལྔ»དང་། དུས་རབས་ནས15པའི་ནང་དུ་སྟག་ཚང་རྫོང་པ་དཔལ་འབྱོར་བཟང་པོའི«རྒྱ་བོད་ཡིག་ཚང་ཆེན་མོ»དུས་རབས16པའི་ནང་དུ་དཔའ་བོ་གཙུག་ལག་ཕྲེང་བའི«ཆོས་འབྱུང་མཁས་པའི་དགའ་སྟོན»དུས་རབས17པའི་ནང་རྒྱལ་དབང་ལྔ་པ་ཆེན་མོའི«དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས»དུས་རབས19པའི་ནང་ཀཿཐོག་རིག་འཛིན་ཚེ་དབང་ནོར་བུའི«བཙན་པོའི་བཀའ་ཁྲིམས་བཤུས»དང་། ཉེ་རབས་སུ་མཁས་དབང་དགེ་འདུན་ཆོས་འཕེལ་གྱི«དེབ་ཐེར་དཀར་པོ»སོགས་ནི་དུས་སྐབས་དེ་དག་ཏུ་བཙན་པོའི་དུས་ཀྱི་ཁྲིམས་ཡིག་སྐོར་ལ་དཔྱད་པའི་མཚོན་བྱེད་ཅན་གྱི་གསུང་རྩོམ་ཁག་ཅིག་ཡིན།
        དུས་རབས20པའི་སྨད་ནས་ད་སྔའི་བར་དུ་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་དང་། ནོར་བྲང་ཨོ་རྒྱན་རྣམ་གཉིས་ཀྱིས་གཙོ་སྒྲིག་མཛད་པའི«བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ»དང་། དབང་རྒྱལ་དང་བསོད་ནམས་སྐྱིད་ཀྱིས་ཕྱོགས་བསྒྲིགས་བྱས་པའི«ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ» «ཏུན་ཧོང་ནས་ཐོན་པའི་གནའ་བོའི་བོད་ཡིག་ཤོག་དྲིལ» ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོས་རྩོམ་སྒྲིག་མཛད་པའི«བོད་ཀྱི་དུས་རབས་རིམ་བྱུང་གི་ཁྲིམས་ཡིག་ཕྱོགས་བསྡུས་དྭངས་བྱེད་ཀེ་ཏ་ཀ» གླིང་དབོན་པདྨ་སྐལ་བཟང་གིས་བརྩམས་པའི«དེ་སྔའི་བོད་ས་གནས་སྲིད་གཞུང་གི་གཞུང་ཡིག་ལས་ཐ་སྙད་སྤྱོད་སྲོལ་དང་འབྲེལ་ཡོད་ཕྱོགས་བསྡུས་གསལ་འགྲེལ» ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱིས་བརྩམས་པའི«དེ་སྔའི་བོད་ས་གནས་སྲིད་གཞུང་གི་སྒྲིག་གཞིའི་རྩ་འཛིན་དྭངས་ཤེལ་མེ་ལོང་སྐོར་རགས་ཙམ་གླེང་བ»སོགས་དང་། ཐུབ་བསྟན་ཕུན་ཚོགས་ཀྱིས་བརྩམས་པའི«བོད་ཀྱི་ལོ་རྒྱུས་སྤྱི་དོན་པདྨ་རཱ་གའི་ལྡེ་མིག» ད་དུང་དབྱང་ཧྲི་ཧོང་གི་རྒྱ་ཡིག་གིས་བརྩམས་པའི«སྲོལ་རྒྱུན་ཁྲིམས་ལུགས་རིག་གནས་ལ་དཔྱད་པ» ཀྲང་ཅིས་མིན་གྱི་བོད་ཀྱི«གོམས་གཤིས་ཀྱི་ཁྲིམས་སྲོལ་སྐོར་ལ་དཔྱད་པ»སོགས་ཀྱིས་མཚོན་པའི་ཆེད་དེབ་དང་། གཞན་དཔྱད་རྩོམ་ཡང་མང་ཙམ་ཡོད།
        གོང་ནས་བཤད་པ་དེ་དག་ཏུ་སྔ་རབས་བོད་ཀྱི་ཁྲིམས་སྲོལ་ལེགས་སྒྲིག་དང་ངོ་སྤྲོད་བྱས་ཏེ་དཔྱད་པའང་ལེགས་པོ་རེ་ཡོད་མོད། འོན་ཀྱང་བོད་བཙན་པོའི་སྐབས་ཀྱི་ཁྲིམས་ཡིག་སྐོར་ལ་དཔྱད་པ་ཉུང་སྟེ། མང་ཤོས་ཤིག་བསྟན་པ་ཕྱི་དར་སྐབས་ཀྱི་ཞལ་ལྕེ་ཁག་གི་ལེགས་སྒྲིག་ཙམ་ལས་ཁྲིམས་ཡིག་གི་རིགས་དབྱེ་དང་མིང་བརྡ་སོགས་ལ་དཔྱད་པ་ཉུང་ངོ་། །དེ་མིན་ཕྱི་རྒྱལ་གྱི་མཁས་པའི་ཁྲོད་དུའང་སྔ་རབས་བོད་ཀྱི་སྲིད་ཁྲིམས་སྐོར་གྱི་དཔྱད་འབྲས་ཁ་ཤས་ཡོད་ཚུལ་ཐོས།
དགེ་རྒན་ཆེན་མོ་བསོད་ནམས་ཚེ་རིང་གིས་འགོ་འཛིན་མཛད་པའི་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ལས་གཞི་གཙོ་བོའི་མཇུག་སྒྲིལ་ཚོགས་འདུའི་དྲན་རྟེན་མཉམ་པར།
གསར་འགོད་པ། སྔ་རབས་བོད་ཀྱི་སྲིད་ཁྲིམས་ཞེས་པ་ཅི་འདྲ་ཞིག་ལ་ངོས་འཛིན་དགོས།
དགེ་རྒན་བསོད་ནམས་ཚེ་རིང་། བོད་ཀྱི་སྲོལ་རྒྱུན་ཁྲིམས་ལུགས་ལ་ཆོས་ཁྲིམས་དང་། རང་ཁྲིམས། རྒྱལ་ཁྲིམས་བཅས་རིགས་གསུམ་དུ་དབྱེ་ཆོག་ལ། སྔ་རབས་བོད་ཀྱི་སྲིད་ཁྲིམས་ནི་རྒྱལ་ཁྲིམས(ཡིག་ཐོག་ཏུ་ཕབ་པའི་ཁྲིམས)ཀྱི་ཁོངས་སུ་གཏོགས། དེས་ན་ད་སྔ་དངོས་སུ་ཡི་གེར་ཕབ་ཡོད་པའི་སྲིད་ཁྲིམས་ལ་རྡོ་རིང་དང་བྲག་ངོས་སུ་བརྐོས་པའི་བཙན་པོའི་བཀའ་ཡིག་དང་། ཏུན་ཧོང་གཏེར་ཡིག་དང་ཞིན་ཅང་གི་ཁྲམ་ཡིག་ཏུ་བརྐོས་པའི་བཙན་པོའི་ཁྲིམས་ཡིག །ཆོས་འབྱུང་གི་བསྟན་པ་ཕྱི་དར་སྐབས་ཀྱི་སྲིད་འཛིན་རིམ་བྱོན་གྱི་སྲིད་ཁྲིམས་ལག་བྲིས་མ། དེབ་ཐེར་སོགས་ནས་བྱུང་བའི་སྲིད་ཁྲིམས་བཅས་རིགས་བཞི་ཙམ་ལ་ངོས་བཟུང་ན་ཆོག །
གསར་འགོད་པ། སྔ་རབས་བོད་ཀྱི་སྲིད་ཁྲིམས་ལ་ཁྱད་ཆོས་ཅི་འདྲ་ཡོད།
དགེ་རྒན་བསོད་ནམས་ཚེ་རིང་། གཅིག་ནས་དྲང་བཞག་གི་ཁྱད་ཆོས་ལྡན། གཉིས་ནས་འགན་རིམ་མ་གཅིག་ན་དམིགས་གསལ་གྱི་ཁེ་དབང་སོ་སོར་འབྱེད་པའི་ཁྱད་ཆོས་ལྡན། གསུམ་ནས་གཏུགས་བཤེར་ལ་མནའ་སྐྱེལ་ནས་བདེན་དཔང་བྱས་ཐུབ་ལ་བདེན་དཔང་གི་དོན་དངོས་རང་བཞིན་ལ་མཐོང་ཆེན་བྱེད་པའི་ཁྱད་ཆོས་ལྡན། བཞི་ནས་སྲིད་ཁྲིམས་ལ་དོན་ཚན་གྱི་རྣམ་གྲངས་གསལ་བའི་ཁྱད་ཆོས་ལྡན། ལྔ་ནས་ཀུན་སྤྱོད་ཀྱི་ཚད་གཞི་དེ་སྲིད་ཁྲིམས་ཀྱི་ཚད་གཞིར་འཕར་བའི་ཁྱད་ཆོས་ལྡན། དྲུག་ནས་དམངས་ཁྲིམས་ལས་ཡིག་ཐོག་གི་གན་རྒྱ་དང་ངག་ཐོག་གི་གན་རྒྱ་གཉིས་ལ་ཁྲིམས་ལུགས་ཀྱི་ནུས་པའི་ཐད་ནས་འདྲ་མཚུངས་ཡིན་པའི་ཁྱད་ཆོས་ལྡན། བདུན་ནས་འབངས་ལ་ཞབས་ཞུ་བསྒྲུབ་རྒྱུ་གཙོ་བོར་འཛིན་པའི་ཁྱད་ཆོས་ལྡན། བརྒྱད་ནས་གཉན་བཙན་གྱི་ཁྱད་ཆོས་ལྡན། དགུ་ནས་ནང་ཆོས་ཀྱི་དགེ་རྩ་དམིགས་སུ་བཟུང་བའི་ཁྱད་ཆོས་ལྡན། བཅུ་ནས་རྗེས་སུ་དབང་བསྒྱུར་གྲལ་རིམ་གྱི་ཁེ་དབང་འབུར་དུ་ཐོན་པའི་ཁྱད་ཆོས་ལྡན་པ་ནི་སྲིད་ཁྲིམས་ཉམས་པའི་རྒྱུ་རུ་གྱུར་པའང་གསལ།
གསར་འགོད་པ། དེང་དུས་བོད་ཀྱི་སྤྱི་ཚོགས་ལ་སྔ་རབས་བོད་ཀྱི་སྲིད་ཁྲིམས་ཀྱིས་ཤུགས་རྐྱེན་ཐེབས་བཞིན་ཡོད་དམ། ཡོད་ན་དཔེ་མཚོན་གང་དག་ཡོད།
དགེ་རྒན་བསོད་ནམས་ཚེ་རིང་། རང་རེའི་རྒྱལ་ཁབ་ལ་ཁྲིམས་འཐུས་ཚང་ཡོད་མོད། བོད་ཀྱི་རོང་འབྲོག་ས་ཁུལ་དུ་ད་དུང་སྔ་རབས་ཀྱི་ཁྲིམས་སྲོལ་ལམ་གོམས་གཤིས་ཀྱི་ཁྲིམས་ཀྱིས་བོད་ཀྱི་སྤྱི་ཚོགས་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད་དེ། དཔེར་ན་དགྲ་ཇུས་འདུལ་ཐབས་དང་། ཟིན་ཇུས་སྐྱོང་ཐབས། རུ་ཇུས་མཚེར་ཐབས། ཞིང་ཇུས་སྐྱ་སྔོ་ཁྲིམས་སོགས་བོད་མདོ་དབུས་ཁམས་གསུམ་གྱི་རོང་འབྲོག་ས་ཁུལ་དུ་རྒྱུན་གཏན་འཚོ་བའི་ཁྲོད་དུ་སྤྱད་དང་སྤྱོད་མུས་ཡིན་ལ། ཁྲིམས་འཛིན་ལས་ཁུངས་ཀྱིས་ཀྱང་ས་ཁུལ་ལ་ལར་ཞིང་སྡེའི་གཟུ་བཤད་ལྟེ་གནས་བཙུགས་ཏེ། གཟུ་པ་འོས་འཚམ་རེའང་བསྐོ་བཞག་གིས་རྒྱལ་ཁབ་ཀྱི་ཁྲིམས་ཀྱི་ཁྱབ་ཁོངས་ནས་དེ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། དེ་བས་ད་དུང་སྔ་རབས་བོད་ཀྱི་སྲིད་ཁྲིམས་བསླབ་ན། དེང་གི་ཁྲིམས་ལུགས་མཐུས་ཚང་དང་ཡར་རྒྱས་གཏོང་བ་ལ་ཕན་པ་ཆེན་པོ་ལྡན།
དགེ་རྒན་ཆེན་མོ་བསོད་ནམས་ཚེ་རིང་ལགས་སྤྱི་ལོ2014ལོའི་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ལས་གཞི་གཙོ་བོ(སྐབས་གཉིས་པ)«བོད་ཡིག་སྲིད་ཁྲིམས་ཡིག་རྙིང་ལེགས་སྒྲིག་དང་ཞིབ་འཇུག»ཅེས་པ་དབུ་བཙུགས་པའི་སྙན་ཞུའི་ཚོགས་འདུ་ལ་ཞུགས་པ།
གསར་འགོད་པ། མིག་སྔར་སྔ་རབས་བོད་ཀྱི་སྲིད་ཁྲིམས་དང་འབྲེལ་བའི་ཡིག་ཚང་གང་དག་ཡོད། དེ་ལ་ཞིབ་འཇུག་མཛད་པའི་ཆེད་མཁས་པ་སུ་སུ་ཡོད། སོ་སོའི་ཁྱད་ཆོས་ག་འདྲ་ཡིན།
དགེ་རྒན་བསོད་ནམས་ཚེ་རིང་། ཧྥ་རན་སིར་ཉར་བའི་ཏུན་ཧོང་གཏེར་ཡིག་ཁག་ཅིག་དང་། བཙན་པོའི་བཀའ་གཙིགས་རྡོ་རིང་། ཆོས་འབྱུང་ལོ་རྒྱུས་ལས་དཔའ་བོ་གཙུག་ལག་ཕྲེང་བས་མཛད་པའི«ཆོས་འབྱུང་མཁས་པའི་དགའ་སྟོན»དང་། མཁས་པ་ལྡེའུ་ཡི«རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ» ལྡེའུ་ཇོ་སྲས་ཀྱི«ཆོས་འབྱུང་ཆེན་མོ་བསྟན་པའི་རྒྱལ་མཚན» ས་སྐྱ་བསོད་ནམས་རྒྱལ་མཚན་གྱི«རྒྱལ་རབས་གསལ་བའི་མེ་ལོང» རྒྱལ་དབང་ལྔ་པ་བློ་བཟང་རྒྱ་མཚོའི་མཆོག་གི«བོད་ཀྱི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས»བཅས་མང་པོ་ཡོད་ལ། དེ་དག་ནི་བོད་ཀྱི་སྔ་རབས་ཁྲིམས་སྲོལ་ཁག་ཡིག་ཐོག་ཏུ་ཕབ་པའི་ཆུ་མགོ་གཏུགས་སའི་གངས་རི་ལྟ་བུ་ཡིན་ལ། ཡིག་ཚང་དེ་དག་ཏུ་གནའ་དུས་ཀྱི་ཁྲིམས་ཡིག་གི་བརྡ་ཆད་དང་། ཁྲིམས་ཀྱི་དོན་ཚན་དག་ཆུ་ལམ་ཞུགས་དང་རྡོ་ལག་རྒྱུད་ཀྱི་ཚུལ་དུ་གསལ་བས་ཁྲིམས་ཡིག་གི་ཁུངས་གཏུགས་སའི་ཡིག་ཚང་དུ་བགྲང་རུང་།
        ཕྱིས་སུ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་གྲངས་ཉུང་མི་རིགས་ཀྱི་གནའ་རབས་དཔེ་ཆ་ལེགས་སྒྲིག་དང་དཔེ་སྐྲུན་ཚོགས་ཆུང་གིས་སྤྱི་ལོ1983ལོར་པེ་ཅིང་དུ་པར་བཏབ་པའི«བོད་ཀྱི་དུས་རབས་རིམ་བྱུང་གི་ཁྲིམས་ཡིག་ཕྱོགས་བསྡུས་དྭངས་བྱེད་ཀེ་ཏ་ཀ་ཞེས་བྱ་བ་བཞུགས་སོ»དང་། ཚེ་རིང་བདེ་སྐྱིད་ཀྱིས་རྩོམ་སྒྲིག་འགན་འཁུར་བའི་སྤྱི་ལོ1987ལོའི་ཟླ12པའི་དཔར་མ«ཞལ་ལྕེ་ཕྱོགས་བསྡུས»(གོང་གི«ཁྲིམས་ཡིག་ཕྱོགས་བསྡུས་དྭངས་བྱེད་ཀེ་ཏ་ཀ»བསྐྱར་དཔར་བཏབ་པ་ཡིན) ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱིས་གཙོ་འགན་འཁུར་ནས་བསྒྲིགས་པའི་སྤྱི་ལོ1989ལོའི་དཔར་མ«བོད་ཀྱི་སྔ་རབས་ཁྲིམས་སྲོལ་ཡིག་ཆ་བདམས་བསྒྲིགས» གཞན་རྡོ་སྦིས་ཚེ་རིང་རྒྱལ་གྱིས་བསྒྲིགས་པའི«ཁྲིམས་ཡིག་ཕྱོགས་བསྒྲིགས»ཀྱི་དེབ་ཅིག་ཡོད་པ་དེ་ནི་གོང་མ་དེ་དང་ཧ་ལམ་མཚུངས་ལ། ཁོས་ཁྲིམས་སྲོལ་གྱི་བརྡ་ཆད་ཁག་ཅིག་ཕྱོགས་བསྡུས་ཀྱིས་ཟུར་བཀོད་གནང་ཡོད། དེ་མིན་པ་ཚབ་པ་སངས་དབང་འདུས་ཀྱིས་གསར་རྙེད་བོད་ཀྱི་དམག་ཁྲིམས་ཡི་གེར་ཞིབ་འཇུག་བྱས་པ་ཞིག་ཡོད་ལ། དེའང་ཁྲིམས་ཡིག་ལོ་རྒྱུས་རྒྱུས་རྒྱབ་ལྗོངས་ངོ་སྤྲོད་དང་བརྡ་ཆད་ཁག་ལ་འགྲེལ་བ་རྒྱག་རྒྱུ་གཙོ་བོར་བྱས་ཡོད།
        ཕྲན་གྱིས་བསྒྲིགས་པའི«ཁྲིམས་ཡིག་ཞལ་ལྕེ་བཅུ་གསུམ་གྱི་བཤུས་ཡིག་དང་འབྲུ་འགྲེལ»དང་། «གཡུ་འབྲུག་སྒྲོག་པའི་ཞལ་ལྕེ་བཅོ་ལྔ་དང་ཁྲིམས་ཡིག་ཞལ་ལྕེ་བཅུ་གཉིས་ཀྱི་བཤུས་ཡིག་དང་འབྲུ་འགྲེལ» «གཡུ་འབྲུག་སྒྲོག་པའི་ཞལ་ལྕེ་བཅོ་ལྔ་དང་ཁྲིམས་ཡིག་ཞལ་ལྕེ་བཅུ་གཉིས་ཀྱི་བཤུས་ཡིག་དང་འབྲུ་འགྲེལ»གསུམ་ནི་ཕྱི་དར་དུས་ཀྱི་ཁྲིམས་ཡིག་ཁག་ལག་བྲིས་མ་ཡིན་ལ། དེར་ཁོ་བོས་ཁྲིམས་ཡིག་གི་བརྡ་ཆད་གལ་ཆེན་ཁག་ལ་འགྲེལ་བཤད་ཅུང་ཙམ་བཀོད་ཡོད་པས། འདིའི་ཕྱོགས་ལ་འཇུག་མཁན་དག་དང་། སློབ་བུ་དག་ལ་རྒྱུ་ཆར་རུང་།
        གཞན་ཕྲན་གྱི«སྔ་རབས་བོད་ཀྱི་སྲིད་ཁྲིམས»ཞེས་པའི་དེབ་དེ་ནི། སྤྱི་ལོ2004ལོར་མི་རིགས་དཔེ་སྐྲུན་ཁང་གིས་ཐོག་མར་དཔར་དུ་བསྐྲུན་པ་དང་ཆབས་ཅིག་སྲིད་འཛིན་འཛིན་གྲྭའི་ཁྲིད་དེབ་ཏུའང་གདམས། སྤྱི་ལོ2014ལོར་དེབ་འདིའི་ནང་དོན་ལ་འཕྲི་སྣོན་དང་སྒྲིག་གཞི་ལེགས་བཅོས་བྱས་ཏེ«སྔ་རབས་བོད་ཀྱི་སྲིད་ཁྲིམས་གསལ་བའི་མེ་ལོང»ཞེས་མཚན་བྱང་གསར་པ་ཞིག་གསོལ་ཏེ་པར་གཞི་གཉིས་པ་དང་པར་ཐེངས་གཉིས་པ་དཔར། དེབ་འདིའི་སྒྲིག་གཞིའི་ཆ་ནས་ལེའུ་བཅུ་གསུམ་དུ་བཀར་ཡོད། ནང་དོན་ལ་ཐོག་མར་བཙན་པོའི་དུས་སྐབས་ཀྱི་སྲིད་ཁྲིམས་ཀྱི་བྱུང་བའི་ལོ་རྒྱུས་དང་དེའི་ཁྱད་ཆོས། དུས་སྐབས་དེའི་ཡིག་ཚགས་ཁག་ལས་བྱུང་བའི་བཀའ་ཁྲིམས། བོད་བཙན་པོའི་དུས་ཀྱི་བཀའ་ཁྲིམས་ཀྱིས་དུས་ཕྱིས་ཏེ་བོད་སིལ་བུའི་དུས་སུ་བྱུང་བའི་ཁྲིམས་ཡིག་ལ་ཤུགས་རྐྱེན་ཐེབས་ཚུལ་དང་། དེ་ནས་ས་སྐྱ་དང་ཕག་གྲུ། གཙང་པ། དགའ་ལྡན་ཕོ་བྲང་དུས་སྐབས་ཀྱི་ཁྲིམས་དང་ཞལ་ལྕེ་ཁག་གི་བྱུང་བ་དང་ཁྱད་ཆོས། ཕན་ནུས། བརྡ་དོན་ལ་འགྲེལ་ཡོད། མཇུག་ཏུ་ཕག་གཙང་དགའ་གསུམ་གྱི་ཞལ་ལྕེའི་གཏན་འབེབས་དང་། མེན་ཏི་སི་ཀུའི་ནུབ་གླིང་གི་ཁྲིམས་ལུགས། བྱང་མགོ་ལོག་འབྲོག་པའི་གོམས་གཤིས་ཀྱི་ཁྲིམས་ཀྱི་ཁྱད་ཆོས་དང་ད་ལྟའི་གོམས་གཤིས་ཀྱི་ཁྲིམས་ཀྱི་ཁ་ཕྱོགས་བཅས་ལ་ཁྱབ་ཞིང་ཞིབ་ཚགས་ཀྱི་རྣམ་པ་ཅན་ཞིག་ཏུ་ཡོང་ཅི་ཐུབ་བྱས་ཡོད།
གསར་འགོད་པ། རིག་གཞུང་ཞིབ་འཇུག་གི་བརྒྱུད་རིམ་དུ་དཀའ་ངལ་གང་འདྲ་དང་འཕྲད་མྱངས། རྒྱུན་འཁྱོངས་ཅི་ལྟར་བྱས།
དགེ་རྒན་བསོད་ནམས་ཚེ་རིང་། བོད་ཀྱི་སྔ་རབས་ཁྲིམས་སྲོལ་གྱི་སློབ་ཁྲིད་དང་ཞིབ་འཇུག་གི་བརྒྱུད་རིམ་ཁྲོད་དུ་གཞུང་ལུགས་ཀྱི་རྒྱབ་རྟེན་དང་། ཆེད་ལས་ཀྱི་སྣེ་ཁྲིད་ཀྱིས་དབེན་པ། དེའི་རིན་ཐང་མི་གོ་བ་སོགས་མིག་སྔར་འཕྲད་མྱོང་བའི་དཀའ་ངལ་ཆེས་ཆེ་བ་ཡིན་མོད། ཡིན་ཡང་སློབ་ཁྲིད་དང་ཞིབ་འཇུག་ཁྲོད་དཀའ་ངལ་དེ་དག་ཁྱད་བསད་ཀྱིས་མཚམས་མ་བཞག་པ་ནི་རྒྱུན་སྐྱོང་བའི་རྣམ་འགྱུར་ཞིག་ཡིན་ཞེས་བཤད་ཆོག །
གསར་འགོད་པ། མ་འོངས་པར་སློབ་མ་གསོ་སྐྱོང་དང་རིག་གཞུང་ཞིབ་འཇུག་ཐད་དགོངས་འཆར་ག་འདྲ་ཡོད།
དགེ་རྒན་བསོད་ནམས་ཚེ་རིང་། ད་ལྟ་འཛམ་གླིང་གི་རྒྱལ་ཁབ་གཞན་སོ་སོ་ཡིན་ནའང་འདྲ་རང་རྒྱལ་ཡིན་ནའང་འདྲ། ཀུན་པོ་ཁྲིམས་ལྡན་གྱི་སྤྱི་ཚོགས་ཤིག་ཏུ་སླེབས་ཏེ་ཁྲིམས་ཀྱིས་རྒྱལ་ཁབ་སྐྱོང་རྒྱུ་དར་སྤེལ་གཏོང་བཞིན་འདུག་ལ། ངེས་པར་དུ་ཁྲིམས་ལ་བརྟེན་ནས་བྱ་བ་ཆེ་ཕྲ་འཐུས་ཚང་དུ་གཏོང་དགོས་པ་ནི་འགྲོ་ཕྱོགས་ཤིག་ཏུ་གྱུར་ཡོད། དེའི་ཕྱིར་ས་གནས་ཤིག་གམ་སྤྱི་མིང་སྒེར་གང་ཞིག་ལ་མཚོན་ན། རྒྱལ་ཁབ་ཀྱི་ཁྲིམས་ཀྱི་ཚད་གཞིར་བརྟེན་ནས་རང་གཞན་གྱི་ཁེ་ཕན་དང་། སྤྱི་ཚོགས་ཀྱི་བྱ་བ་ཆེ་མ་ཆུང་གསུམ་དོ་དམ་དང་། ཐག་གཅོད་བྱ་དགོས་པ་ལས་ཁྲིམས་ཀྱི་ཚད་ཐིག་དེ་ལས་ལྡོག་ན་རང་གཞན་ཀུན་ལ་གྱོང་གུད་རེག་ངེས། དེ་བས་སྤྱི་སྒེར་གང་ཡིན་རུང་ཁྲིམས་ལྡན་གྱི་ཤེས་དཔལ་འཛོམས་པའི་སྤྱི་ཚོགས་ཤིག་ཏུ་འཚོ་དགོས་ན། གོང་རིམ་གྱི་སྲིད་འཛིན་སྡེ་ཁག་ཅིག་གམ་རྩ་འཛུགས་འབའ་ཞིག་ལ་རག་ལས་པ་མ་ཡིན་པར་མི་རིགས་སོ་སོ་དང་སྤྱི་དམངས་སྒེར་སོ་སོར་རག་ལས་ཆེན་པོ་ཡོད། ནང་སྒོས་སུ་ན་གཞོན་ལ་རག་ལས་པས་ན་ཁྲིམས་ཀྱི་ཤེས་བྱ་འཛོམས་པའི་སློབ་མ་སྐྱེད་སྲིང་བྱས་ན་ཐོག་མར་རང་སོ་སོ་ཀུན་སྤྱོད་ལེགས་ཤིང་མི་གཤིས་དྲང་མོ་ཞིག་ཏུ་གྱུར་ཏེ། རྗེས་ཕྱོགས་ཁྱིམ་གཞི་སྐྱོང་བ་དང་། ལས་གནས་སུ་ཞུགས་ན་ཁྲིམས་ཀྱི་འདུ་ཤེས་ཟབ་པའི་མི་སྣ་ཚད་ལྡན་ཞིག་ཏུ་འགྱུར་རྒྱུ་ནི་སྤྱི་ལ་དམིགས་པ་ཡིན། བྱེ་བྲག་ཏུ་སྲིད་ཁྲིམས་ཀྱི་སློབ་གསོ་དང་ཞིབ་འཇུག་གི་ལས་ལ་འབད་པའི་ཆེད་ལས་མི་སྣ་བསྐྱངས་ཏེ་སྤྱི་ཚོགས་ལ་ཞབས་འདེགས་ཞུ་རྒྱུར་སྐུལ་རྒྱུ་དེའོ། །
        རིག་གཞུང་ཞིབ་འཇུག་གི་ཐད་ནས་གཙོ་བོ་ཁྲིམས་ལུགས་རིག་པ་དང་། ཆབ་སྲིད་རིག་པ། དམངས་སྲོལ་རིག་པ། སྤྱི་ཚོགས་རིག་པ་དང་། ལོ་རྒྱུས་ཡིག་ཚང་རིག་པ། དེང་རབས་སྐད་བརྡ་རིག་པ་སོགས་ཀྱི་རིག་གཞུང་གི་ཞིབ་འཇུག་བྱེད་ཐབས་སྤྱད་དེ། དག་ཅིང་བློས་འགེལ་ཆོག་པའི་དཔྱད་གཞིའི་ཡིག་ཆའི་ནང་སྙིང་དེ་མེ་ལོང་ལས་གཟུགས་བརྙན་འཆར་བ་ལྟར་བྱ་ཐུབ་རྒྱུ་དང་། ཁྲིམས་སྲོལ་གྱི་ཚད་ལྡན་ཡིག་ཆའི་བརྡ་ཆད་ཀྱི་ཁུངས་བཙལ་ཏེ། དེའི་འཕེལ་རིམ་དང་འགྱུར་ལྡོག །གོ་དོན་ལ་འགྲེལ་བ་སྔར་ལས་ལྷག་པའི་ཁ་གསལ་རེ་བཀོད་དེ་སྔ་རབས་བོད་ཀྱི་ཁྲིམས་སྲོལ་གྱི་ཆུ་མོའི་གཞུང་ལ་ཀེ་ཏ་ཀའི་ནོར་བུ་རེ་སྦྱིན་ཐུབ་པར་འབད་རྒྱུ་དེ་གནད་ཀྱི་དོན་ནོ། །
རྒྱལ་ཡོངས་ཁྲིམས་དཔོན་ཟབ་སྦྱོང་འཛིན་གྲྭ་ལ་འཆད་ཁྲིད་གནང་བཞིན་པ།
མཇུག་ཏུ་མཛད་བཟང་བསྟར་དུ་བསྒྲིགས།
        ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བསོད་ནམས་ཚེ་རིང་ལགས་ནི་སྤྱི་ལོ1965ལོའི་ཟླ6པའི་ཚེས15ལ་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཉེ་འདབས་ལི་ཐང་སྡེ་པ་ནས་འཁྲུངས། སྤྱི་ལོ1972ལོ་ནས་སྤྱི་ལོ1978ལོའི་བར་དུ་གན་རྒྱའི་རྩྭ་ཐང་ནས་སློབ་ཆུང་འགྲིམས། སྤྱི་ལོ1978ལོ་ནས་སྤྱི་ལོ1985ལོའི་བར་དུ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་སློབ་འབྲིང་གི་སློབ་སྦྱོང་བྱས། སྤྱི་ལོ1985ལོ་ནས་སྤྱི་ལོ1989ལོའི་བར་དུ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་བོད་སྐད་ཡིག་ཆེད་སྦྱང་གི་དངོས་གཞིའི་སློབ་གཉེར་བྱས། སྤྱི་ལོ1991ལོ་ནས་སྤྱི་ལོ1994ལོའི་བར་དུ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་བོད་རྒྱ་ཡིག་སྒྱུར་གྱི་རབ་འབྱམས་ཞིབ་འཇུག་སློབ་མའི་ཡོན་གནས་ལ་འཇུག་པ་དང་། སྤྱི་ལོ2002ལོ་ནས་སྤྱི་ལོ2003ལོའི་བར་དུ་སི་ཁྲོན་སློབ་གྲྭ་ཆེན་མོ་ནས་ནང་དོན་རིག་པའི་སྐོར་གྱི་མཁས་པ་དགེ་རྒན་ཁྲིན་པེན་ལགས་ལ་བསྟེན་ནས་ཟབ་སྦྱོང་བྱས། སྤྱི་ལོ2005ལོ་ནས་སྤྱི་ལོ2008ལོའི་བར་དུ། སི་ཁྲོན་སློབ་གྲྭ་ཆེན་མོ་ནས་ནང་དོན་རིག་པ་ཆེད་གཉེར་གྱི་འབུམ་རམས་པའི་སློབ་གཉེར་མཛད།
        ཁོང་ཉིད་སྤྱི་ལོ2006ལོར་རྒྱལ་སྤྱིའི་བོད་ཁམས་ཕྱོགས་ཀྱི་རིག་གཞུང་གྲོས་མོལ་ལ་ཞུགས་ནས་སྡེ་དགེ་རྒྱལ་པོའི་སྲིད་ཁྲིམས་སྐོར་ལ་ཅུང་དཔྱད་པ་ཞེས་པའི་དཔྱད་རྩོམ་སྤེལ་བ་དང་། སྤྱི་ལོ2006ལོར་ཧྥ་རན་སིར་ཉར་ཚགས་བྱས་པའི་ཏུན་ཧོང་ནས་ཐོན་པའི་བཙན་པོའི་སྐབས་ཀྱི་ཡིག་རྙིང་ཐེངས་དང་པོར་པར་བསྐྲུན་བྱས་པའི་མཛད་སྒོ་དང་རྒྱལ་སྤྱིའི་ཏུན་ཧོང་བོད་རིག་པའི་རིག་གཞུང་གྲོས་ཚོགས་ཐེངས་དང་པོ་རུ་ཞུགས་ནས་གསུང་བཤད་གནང་། མཚོ་ངོགས་གཉིས་དང་ས་གསུམ་གྱི་བོད་འབར་སྐད་སྡེའི་རིག་གཞུང་གྲོས་ཚོགས་ཐེངས་བཞི་པ་ལ་ཞུགས་ཤིང་གསུང་བཤད་གནང་། སྤྱི་ལོ2008ལོར་ཏུན་ཧོང་བོད་བཙན་པོའི་དུས་ཀྱི་རིག་གནས་དཔྱད་གླེང་ཚོགས་འདུ་ཐེངས་བཞི་པར་ཞུགས་ནས་ཕུ་བོས་ནུ་བོར་གཏམས་པའི་མདོ(P.T.1283. P.T.2111)དང་མི་ཆོས་གཙང་མ་བཅུ་དྲུག་བར་གྱི་འབྲེལ་བ་ལ་ཅུང་ཙམ་དཔྱད་པ་ཞེས་པའི་དཔྱད་རྩོམ་སྤེལ། སྤྱི་ལོ2009ལོར་རྒྱལ་སྤྱིའི་གཞོན་ནུ་བོད་རིག་པར་བརྩོན་མཁས་པའི་ལྷན་ཚོགསParis,7-11 Septeber 2009ལ་ཞུགས་ནས་བོད་ཀྱི་སྲོལ་རྒྱུན་སྲིད་ཁྲིམས་གྱི་ངོ་བོ་དང་ད་སྔའི་གནས་སྟངས་ལ་དཔྱད་ནས་སྤྱི་ཚོགས་བདེ་འཇགས་ལ་ཕན་ངེས་པའི་དོན་ཚན་འགའ་ལ་རགས་ཙམ་གླེང་བ(མེས་པོའི་སྲིད་ཁྲིམས་འདི་ད་རུང་གསོན་འདུག)ཞེས་པའི་དཔྱད་རྩོམ་སྤེལ་ནས་བགྲོ་གླེང་མཛད། གཞན་ཡང་ཁོང་གིས་གཙོ་འགན་འཁུར་བའི«སྔ་རབས་བོད་ཡིག་སྲིད་ཁྲིམས་ཡིག་ཚགས་དག་སྒྲིག་དང་ཞིབ་འཇུག»ཅེས་པ་དང་། «བོད་ཀྱི་གོམས་གཤིས་ཁྲིམས་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་འཛུགས་སྐྲུན་བར་གྱི་དགེ་འབྲེལ་ཞིབ་འཇུག» «བཙན་པོའི་དུས་སྐབས་ཀྱི་རྒྱ་བོད་ནང་བསྟན་ཆོས་འབྲེལ་ཏུན་ཧོང་ཡིག་ཚང་ཞིབ་འཇུག»ཅེས་པ་སོགས་ཀྱིས་མཚོན་པའི་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་གི་གནད་ཆེའི་ཐེབས་རྩའི་རྣམ་གྲངས་དང་། སྤྱིར་བཏང་གི་ཐེབས་རྩའི་རྣམ་གྲངས། རྒྱལ་ཁབ་སློབ་གསོའི་པུའུའི་ནུབ་ཕྱོགས་མཐའ་མཚམས་ས་ཁུལ་གྱི་རྣམ་གྲངས་སོགས་འགན་ཁུར་དང་ཟུར་ཞུགས་སྒོས་བསྒྲུབས་དང་སྒྲུབ་བཞིན་པ་བཅས་མི་རིགས་སློབ་གསོ་དང་རིག་གཞུང་ཞིབ་འཇུག་ཐད་ལ་བྱས་རྗེས་བཞག་དང་འཇོག་བཞིན་པའོ། །
དགེ་རྒན་ཆེན་མོ་བསོད་ནམས་ཚེ་རིང་དང་ཁོང་གིས་སྐྱོང་བཞིན་པའི་འབུམ་རམས་པ་དང་རབ་འབྱམས་པ་ཁག་ཅིག་གི་མཉམ་པར།
འབྲེལ་ཡོད་འོས་སྦྱོར།