logo

བོད་ཀྱི་གསོ་བ་རིག་པའི་མཁས་དབང་ཆེན་མོ་དབྱངས་དགའ་ལགས་ཀྱི་མཛད་རྣམ་མདོར་བསྡུས།

རྩོམ་པ་པོ།: ཡོང་ཁུངས།:ཨ་རུ་ར། དུས་ཚོད།:2022-12-19 ཀློག་གྲངས།:
       དབྱངས་དགའ་ལགས་ནི་བོད་ལྗོངས་གསོ་རིག་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དང་། འབུམ་རམས་ཞིབ་འཇུག་སློབ་མའི་མཛུབ་ཁྲིད་སློབ་དཔོན། དཔེ་རྙིང་སྲུང་སྐྱོབ་ལས་དོན་ཆེད་མཁས་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། བོད་ལྗོངས་བོད་ལུགས་གསོ་རིག་ཚད་ལྡན་ལག་རྩལ་ལྷན་ཚོགས་ཀྱི་ཨུ་ཡོན། གཞན་ཡང་སློབ་གྲྭ་ཆེ་ཁག་དུ་མ་ཞིག་གི་ནང་དུ་གདན་ཞུའི་སློབ་དཔོན་བཅས་ཀྱི་འགན་བཞེས། ཁོང་ནི་སྤྱི་ལོ༡༩༦༦ལོའི་དབྱར་ཁར་ཁམས་སྟོད་ནག་ཤོད་ཅེས་པ་དེང་དུས་བོད་ལྗོངས་ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་ཤག་ཆུ་གྲོང་བརྡལ་གྱི་འབྲོག་པ་དཀྱུས་མ་ཞིག་གི་ཁྱིམ་ཚང་དུ་འཁྲུངས། ཡབ་ཀྱི་མིང་ལ་ནམ་མཁའ་དང་ཡུམ་གྱི་མིང་ལ་པད་སྐྱིད་ཅེས་ཞུ། སྤྱི་ལོ༡༩༨༦ལོའི༩་ནས༡༩༩༡ལོའི་ཟླ་བ༧པའི་བར། བོད་ལྗོངས་སློབ་གྲྭ་ཆེན་མོ་དང་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གྲྭ་ཆེན་མོ་ནང་བོད་ཀྱི་གསོ་བ་རིག་པ་དང་། གནམ་རིག་སྐར་རྩིས་སོགས་བོད་ཀྱི་རིག་པའི་གནས་ཁག་ལ་སློབ་གཉེར་བྱས་ནས་དངོས་གཞིའི་མཐོ་རིམ་སློབ་གྲྭའི་སློབ་གནས་མཐར་ཕྱིན། སྤྱི་ལོ༡༩༩༩ལོའི་ཟླ༩ནས༢༠༠༢ལའི་ཟླ༧པའི་བར། བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་དུ་མཁས་པའི་དབང་པོ་ལྔ་རིག་པཎ་ཆེན་ཁྲོ་རུ་ཚེ་རྣམ་རིན་པོ་ཆེའི་མཛུམ་སྟོན་གནང་ནས་བོད་ལུགས་གསོ་རིག་གི་རབ་འབྱམས་སློབ་གནས་མཐར་ཕྱིན།
       ༡༩༨༦ནས་བཟུང་ངེས་པ་དོན་གྱི་པཎྜི་ཏ་ཆེན་མོ་མཁས་མཆོག་ཁྲོ་རུ་ཚེ་རྣམ་རིན་པོ་ཆེ་དང་། མཁས་ཤིང་གྲུབ་པ་བརྙེས་པའི་སློབ་དཔོན་ཚུལ་ཁྲིམས་རྒྱལ་མཚན་དཔལ་བཟང་པོ་རྣམ་གཉིས་རྩ་བའི་བླ་མ་རུ་བཀུར་ནས་ཞབས་ཀྱི་པད་མོ་ཡུན་རིང་དུ་བསྟེན། མཁས་མཆོག་ཁྲོ་རུ་ཚེ་རྣམ་རིན་པོའི་ཆེ་སྐུ་མདུན་ནས་སི་ཏུའི་ཞལ་ལུང་། སྙན་ངག་མེ་ལོང་མའི་ལེའུ་ཕྱི་མ། སྒྲ་མདོ་ཀ་ཙན་དབྱངས་གསུམ་སོགས་སྒྲ་རིག་པའི་གཞུང་ལུགས་རྣམས་ཐོས་ལོ་ཙམ་མ་ཡིན་པར་སློབ་གཉེར་མཐར་ཕྱིན་པ་བྱས། ནག་རྩིས་ཨུཏྤལ་སྔོན་པོའི་དོ་ཤལ་དང་ཀུན་གཟིགས་དབྱངས་འཆར་ཤེལ་གྱི་མེ་ལོང་སོགས་རྩིས་དང་དབྱངས་འཆར་གྱི་གཞུང་ལུགས་ལེགས་པར་སྦྱངས། རྒྱུད་བཞི། སྒྲོལ་མ་སྔོ་འབུམ། ལྷན་ཐབས་ལྡེ་མིག སྨན་སྦྱོར་བདུད་རྩིའི་ཐིག་ལེ། ཀོང་སྤྲུལ་བཙོ་བཀྲུ་ཆེན་མོའི་ཟིན་བྲིས། ཀོང་སྤྲུལ་ཟིན་ཏིག འཇམ་མགོན་མི་ཕམ་གྱི་རྩ་མདོ་ཆུ་མདོའི་ཊིཀ བདུད་རྩི་བུམ་ཆེན། བདུད་རྩི་བུམ་ཆུང་། གསང་བ་འདུས་པའི་དབྱུག་བཅོས་ཡིད་བཞིན་ནོར་བུ། གཅེས་བསྡུས་འཆི་མེད་ནོར་ཕྲེང་སོགས་གསོ་རིག་དང་འབྲེལ་བའི་གཞུང་ལུགས་ཀྱི་ཁྲིད་ལུང་ལེགས་པར་མནོས། བཤེས་པའི་སྤྲིངས་ཡིག སྐྱེ་བོ་གསོ་ཐིགས། སྡོམ་གསུམ་རྣམ་ངེས། རྒྱུད་བླ་མ། དཀོན་མཆོག་རྗེས་དྲན། དྭགས་པོའི་ཐར་རྒྱན། ལམ་མཆོག་རིན་ཆེན་ཕྲེང་བ། རྣམ་ཤེས་ཡེ་ཤེས་འབྱེད་པའི་བསྟན་བཅོས། དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པ། ངེས་ཤེས་རིན་པོ་ཆེའི་སྒྲོན་མེ། ཡིད་བཞིན་རིན་པོ་ཆེའི་མཛོད། རྟེན་འབྲེལ་སྙིང་པོ། འདུལ་བ་མདོ་རྩ། ཆོས་དབྱིངས་བསྟོད་པ། མན་ངག་ལྟ་ཕྲེང་། ཉིད་ཀྱིས་མཛད་པའི་དྭགས་བརྒྱུད་གྲུབ་པའི་མེ་ལོང་སོགས་མདོ་ལུགས་གཙོ་བོར་བྱས་པའི་ཡིག་ཆ་དུ་མའི་ཁྲིད་ལུང་ཞུས། དེ་བཞིན་བསྐྱེད་རིམ་ཟུང་འཇུག་སྙེ་མ། སྔགས་སྤྱི་དོན་ནོར་བུའི་འོད་ཟེར། བི་མ་ལ་མི་ཏྲའི་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བའི་འགྲེལ་པ་མཆན་དོན་གསལ་བའི་སྒྲོན་མེ། ཟབ་མོ་ནང་དོན། དུས་འཁོར། གསང་བདག་དགོངས་རྒྱན། གསང་བདག་ཞལ་ལུང་། ཕྱོགས་བཅུ་མུན་སེལ་སོགས་གསང་བ་སྔགས་ཀྱི་གཞུང་ཆེན་དུ་མའི་ཁྲིད་ལུང་ཡང་ཞུས། ལྷག་པར་དུ་གཡུ་ཐོག་སྙིང་ཐིག་གི་དབང་ཆེན་ཞུས་ནས་རྩ་བའི་བླ་མ་རུ་བཀུར། གཞན་ཡང་སྙིང་ཐིག་གི་སྔོན་འགྲོ་རྣམ་མཁྱེན་ལམ་བཟང་། བློ་སྦྱོང་དོན་བདུན་མའི་ཁྲིད། དོ་ཧ་མཛོད་ཀྱི་གླུ། མཁས་པ་ཤྲའི་རྒྱལ་པོའི་ཁྱད་ཆོས་སོགས་ཟབ་མོའི་གདམས་ངག་ཀྱང་མང་དུ་ཞུས། མཁན་པོ་ཚུལ་ཁྲིམས་རྒྱལ་མཚན་རིན་པོ་ཆེ་ནས་སྡེབ་སྦྱོར་རིན་ཆེན་འབྱུང་གནས། ས་པཎ་རོལ་མོའི་བསྟན་བཅོས། ས་པཎ་མཁས་འཇུག མི་ཕན་སྙན་འགྲེལ། ས་སྐྱ་ལེགས་བཤད། ཀོང་སྤྲུལ་ཟིན་ཏིག འབྱུང་རྩིས་མན་ངག་ཟླ་བའི་འོད་ཟེར་སོགས་ཐུན་མོང་རིག་གནས་སྐོར་དང་། འཇམ་དཔལ་མཚན་བརྗོད་དང་། རྒྱལ་སྲས་ལག་ལེན་སོ་བདུན་མ། ཀུན་བཟང་བླ་མའི་ཞལ་ལུང་། མི་ཕམ་མཁས་འཇུག དབུ་མ་འཇུག་པ། ཆོས་ཉིད་རྣམ་འབྱེད། རྒྱུད་བླ་མ། བཟང་སྤྱོད་སྨོན་ལམ། ཞེན་པ་བཞི་བྲལ་གྱི་གདམས་ངག སྤྱོད་འཇུག སྡོམ་གསུམ་རབ་དབྱེ། རྟ་མགྲིན་གསང་བའི་དབང་དང་སྒྲུབ་ཐབས་སོགས་མདོ་སྔགས་སྐོར་གྱི་དབང་ལུང་ཁྲིད་དང་བཅས་པ་ལེགས་པར་ཞུས།
       ༡༩༩༡ལོའི་ཟླ་བ༧ནས༢༠༠༣ལོའི་ཟླ་བ༨པའི་བར། བོད་ལྗོངས་གསོ་རིག་སློབ་གླིང་དུ་དགེ་རྒན་བྱས་ནས་གསོ་རིག་གཞུང་ལུགས་དང་ལེགས་སྦྱར་སོགས་སློབ་ཁྲིད་བྱས་ནས་སློབ་མའི་ཚོགས་མདོ་དབུས་ཁམས་གསུམ་ཀུན་ལ་ཁྱབ་པར་མཛད།
       སྤྱི་ལོ༢༠༠༢ལོའི་ཟླ༩ནས༢༠༠༣ལོའི་ཟླ༡བར། ཨ་མེ་རི་ཀའི་སྙན་གྲགས་ཆེ་བའི་ཧཱ་ཝེར་དྷི་གཙུག་ལག་སློབ་གྲྭ་ཆེན་མོ་ནས་གདན་ཞུས་མཁས་དབང་གི་གོ་མིང་བསྩལ་ནས་སློབ་དུས་གཅིག་གི་རིང་དུ་འབུམ་རམས་སློབ་མ་རྣམས་ལ་བོད་ཀྱི་གསོ་རིག་ལོ་རྒྱུས་སློབ་ཁྲིད་བྱེད་དུ་བཅུག དེ་ནི་རང་རྒྱལ་གྱི་བོད་རིགས་མཁས་པས་ཧཱ་ཝེར་དྷི་གཙུག་ལག་སློབ་ཆེན་ནང་སློབ་ཁྲིད་བྱས་པ་ཐེངས་དང་པོ་རུ་ཆགས་ཡོད།
       སྤྱི་ལོ༢༠༠༣ལོའི་ཟླ༩ནས་བཟུང་ཨ་མེ་རི་ཀའི་ཧཱ་ཝེར་དྷི་གཙུག་ལག་སློབ་ཆེན་དུ་མཁས་དབང་རྗེ་ནེ་ཐི་རྒྱལ་མཚོ་དང་མཁས་དབང་ལེན་ནེར་ཝེར་དྷེ་ཁབ་ཕུ་སོགས་འཛམ་གླིང་ཐོག་ཏུ་སྙན་གྲགས་ཆེ་བའི་མཁས་པ་དུ་མའི་དྲུང་ནས་ལོ་རྒྱུས་རིག་པ། མི་རིགས་རིག་པ། ཐུན་མོང་འཕྲོད་བསྟེན་རིག་པ། བོད་རིག་པ། ལེགས་སྦྱར་སྐད། ཧྥ་རན་སིའི་སྐད་ཡིག་སོགས་འབུམ་རམས་པའི་སློབ་ཚན་ཁག་ལ་སློབ་སྦྱོང་ལེགས་པར་བྱས། མཁས་དབང་རྗེ་ནེ་ཐི་རྒྱ་མཚོས་མཛུབ་ཁྲིད་བྱས་ནས༢༠༡༠ལོའི་ཟླ༥པར་འབུམ་རམས་པའི་སློབ་གནས་མཐར་ཕྱིན། ཨ་རིར་མི་ལོ་བདུན་ལྷག་ཙམ་བཙུགས་རིང་། ཧཱ་ཝེར་དྷི་གཙུག་ལག་སློབ་ཆེན་མཛུབ་ཁྲིད་སློབ་དཔོན་དང་། ཨ་རིའི་མིས་ཤིས་ཀན་སློབ་ཆེན་གྱི་བཤད་ཁྲིད་སློབ་དཔོན་སོགས་གནང་མྱོང་ཡོད་ཅིང་། སྔ་རྟི་དུ་དབྱིན་ཇིའི་ཨོ་ཁི་སི་ཧྥོ་དྷི་སློབ་གྲྭ་ཆེན་མོ། ཨ་རིའི་པེད་ཚི་སློབ་གླིང་སོགས་སུ་གཏམ་བཤད་སྤེལ་ནས་བོད་ཀྱི་གསོ་རིག་ངོ་སྤྲོད་བྱས་ནས་བོད་ཀྱི་གསོ་རིག་འཛམ་གླིང་ནུབ་ཕྱོགས་རྒྱལ་ཁབ་ཏུ་ཁྱབ་སྤེལ་འགྲོ་བའི་རྨང་གཞི་བཏིང་ཡོད།
       མཁས་མཆོག་ཁྲོ་རུ་ཚེ་རྣམ་རིན་པོ་ཆེའི་དགོངས་བཞེད་སྒྲུབ་པའི་ཆེད་དུ། མི་ལོ་གསུམ་ཙམ་རིང་ལ་གསོ་རིག་རྒྱུད་བཞིའི་འགྲེལ་ཆེན་དྲང་སྲོང་ཞལ་ལུང་གི་རྩོམ་སྒྲིག་ཕྱག་རོགས་གནང་། དུས་རབས་༢༡པའི་བོད་ལུགས་གསོ་རིག་དངོས་ཚན་སློབ་གསོའི་འཆར་འགོད་སློབ་དེབ་ཀྱི་ཡ་གྱལ་གྲུབ་པ་ལུས་ཀྱ་སློབ་དེབ་ཀྱི་གཙོ་སྒྲིག་གཞོན་པའི་འགན་བཞེས་ནས་རྩོམ་སྒྲིག་དངོས་ཀྱི་ལས་དོན་ལེགས་སྒྲུབ་གནང་། འདུ་བ་སྙོམས་པའི་མི་ལུས་ཏ་བོད་ཀྱི་གསོ་རིག་གི་སྒྱུ་རྩལ་ཞེས་པའི་དཔེ་དེབ་ནང་གི་ལུའི་བརྒྱད་པ་རྩོམ་སྒྲིག་བྱས། སྔ་རྟིང་དུ་དཔལ་ལྡན་རྒྱུད་བཞིའི་འབྱུང་ཁུངས་ལ་དཔྱད་པ་མ་གསང་དྲང་གཏམ། ཞེས་པ་དང་། གཡུ་ཐོག་གསར་རྙིང་གི་རྣམ་ཐར་དང་དེའི་སྐོར་གྱི་དཔྱད་པ་དྲང་གཏམ་རྣ་བའི་བུ་རམ། བོད་ལུགས་གསོ་བ་རིག་པའི་ཁོག་དབུབ་གཅེས་བཏུས་རིན་ཆེན་ཕྲེང་བ། བི་ཇིའི་པོ་ཏི་ཁ་སེར་དང་དེའི་དཔྱད་པ་མཁས་པ་དགྱེས་པའི་གཏམ་སོགས་གསར་རྩོམ་མཛད། གཞན་ཡང་རྩོམ་ཡིག་ཉི་ཤུ་ལྷག་ཙམ་དུས་དེབ་ཁག་ཏུ་སྤེལ་བར་མཛད། ཚན་རིག་ཞིབ་འཇུག་ཆ་ནས་བཤད་པ། རྒྱལ་ཁབ་ཀྱི་རང་བྱུང་ཚན་རིག་ཐེབས་རྩ་སོགས་ཀྱི་རྣམ་གྲངས་རྒྱབ་སྐྱོར་ཐོབ་ཅིང་རྣམ་གྲངས་དེ་ཉིད་ལེགས་གྲུབ་བྱུང་བ་དང། དཀའ་སྤྱད་ལྷུར་བཞེས་ཀྱིས«གཡུ་ཐོག་གསར་རྙིང་གི་རྣམ་ཐར་དང་དེའི་སྐོར་གྱི་དཔྱད་པ་དྲང་གཏམ་རྣ་བའི་བུ་རམ»དང«བི་ཇི་པོ་ཏི་ཁ་སེར་དང་དེའི་དཔྱད་པ་མཁས་པ་དགྱེས་པའི་གཏམ» «བོད་ལུགས་གསོ་བ་རིག་པའི་ཁོག་དབུབ་གཅེས་བཏུས་རིན་ཆེན་ཕྲེང་བ»སོགས་བརྩམས་གནང་མཛད་དེ། བོད་ཀྱི་གསོ་བ་རིག་པའི་ཐད་ནས་བཀའ་དྲིན་བླ་མེད་ཆེ་བ་ཡིན། ཁོང་གིས་བོད་ཀྱི་རིག་གནས་སྤྱི་དང་། ལྷག་པར་དུ་བོད་ཀྱི་གསོ་བ་རིག་པ། ཡང་སྒོས་སུ་བོད་ཀྱི་གསོ་རིག་ལོ་རྒྱུས་དང་གསོ་རིག་དཔེ་རྙིང་། གསོ་རིག་བདག་དབང་སྐོར་ལ་ལོ་མང་རིང་ཉམས་ཞིབ་ཟམ་མ་ཆད་པ་བྱས་ནས་གཡུར་དུ་ཟ་བའི་འབྲས་བུ་ཐོབ་ཡོད།
       སྤྱི་ལོ༢༠༡༠ལོའི་ཟླ༦པར། ཁོང་དང་ནང་མི་ལྷན་རྒྱས་ཨ་རི་ནས་བོད་དུ་ཕྱིར་ལོག་ཕེབས་པ་ནས་བཟུང་། ད་བར་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གྲྭ་ཆེན་མོ་དུ་སློབ་ཁྲིད་དང་སློབ་གསོ་དོ་དམ་གྱི་ལས་འགན་ཕྲག་ཐོག་ཏུ་ཁུར་ནས་བོད་ཁ་བ་ཅན་གྱི་གསོ་བ་རིག་པའི་བསྟན་པ་ལ་སྲི་ཞུ་གང་ཐུབ་སྒྲུབ་ཡོད་དོ། །སྤྱི་ལོ༢༠༢༢ལོའི་ཟླ༡༢པའི་ཚེས༡༧ཉིན་ཚེ་ཡི་བར་ཆད་ཞིག་གིས་དགོངས་པ་རྫོགས།
འབྲེལ་ཡོད་འོས་སྦྱོར།