འབྲི་ཆུའི་ལྷོ་རྒྱུད་ནས་ཡོང་བའི་བོད་ཀྱི་དགེ་རྒན་ཧྭ་ཁན།
རྩོམ་པ་པོ།:དུར་སྲི།
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2023-01-04
ཀློག་གྲངས།:
འབྲི་ཆུའི་ལྷོ་རྒྱུད་ནས་ཡོང་བའི་བོད་ཀྱི་དགེ་རྒན་ཧྭ་ཁན།
—དགེ་རྒན་ཧྭ་ཁན་ལགས་སྐུ་གཤེགས་པར་གདུང་སེམས་དྲག་པོས་མྱ་ངན་ཞུ།
དུར་སྲི།
ཁྱེད་རང་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་སྒོ་ཐེམ་རྡོག་པས་རྫི་མྱོང་མཁན་ཞིག་ཡིན་ན། ཁྱེད་ཀྱིས་ཕལ་ཆེར་རྒན་ལགས་མཐོང་ཡོད་ངེས་ལ། ཕལ་ཆེར་རྒན་ལགས་ཀྱི་སློབ་ཁྲིད་ལ་ཡང་ཉན་མྱོང་ཡོད་ངེས། ཤིན་ཏུ་ཉམས་ཞན་པའི་སྐུ་གཟུགས་ཐུང་ངུ་དེ་དང་། སྤྱི་ཐེར་དུ་གྱུར་བའི་དབུ་ཆུང་ངུ་དེ། དཀར་པོ་ཁ་བ་ལྟར་གྱུར་བའི་སྐྲ་ཉག་ཟ་ཟི་དེ་ལ་སྣང་འཇོག་བྱས་ཡོད་སྲིད་ལ། དེ་ལས་ཀྱང་ཁོང་གི་ངག་ལས་ཨ་མདོའི་ཁ་སྐད་དག་མོ་ཞིག་ཆུ་བཞུར་བ་ལྟར་བཤད་ཡོང་བ་དེས་ཁྱོད་རང་ཧང་སངས་བར་ཡང་བྱས་ཡོད་སྲིད། ཡང་གཅིག་ན་སློབ་གླིང་གི་གྲུ་ཟུར་གང་རུང་ཞིག་ནས། རྒན་ལགས་ནས་ཆེས་སྤྱིར་བཏང་གི་ཚུལ་དུ་ཁྱོད་ལ་ཁ་བརྡ་བྱས་ཡོད་ཀྱང་སྲིད་དེ། ཁོང་གིས་ཁྱོད་ཀྱི་ཁ་བརྡ་ལས་ཕལ་ཆེར་ཁྱོད་རང་ས་ཆ་གང་ནས་ཡིན་པ་གསལ་བོར་ཤེས་ཡོད་ངེས། ཡིན་ན་ཡང་། ཁྱོད་ཀྱིས་ཁོང་ནི་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཞིག་ཡིན་པ་ཕལ་ཆེར་ཤེས་ཡོད་མི་སྲིད། རྒན་ལགས་ནི་དེ་ལྟར་ཐུགས་གཤིས་ཤིན་ཏུ་མཉེན་ཞིང་ངག་སྒོ་འཇམ་ལ་ཆེ་ཚུགས་ཅི་ཡང་མེད་པ་ཞིག་ཡིན། གནས་གང་ནས་འཕྲད་ན་ཡང་ཁྱོད་ལ་ངག་འཇམ་འཇམ་གྱི་ཁ་བརྡ་གནང་ཡོང་མཁན་ཞིག་ཡིན།ཉིན་འདི་གར་རང་རེའི་གསོ་རིག་མཁས་ཆེན་རྒན་དབྱངས་དགའ་དང་སློབ་གསོ་བ་ནག་ཀྱཱ་བ་ཤ་བོ་ཚེ་རིང་སོགས་རང་རེ་ལ་བཀའ་དྲིན་བླ་ན་མ་མཆིས་པའི་སྐྱེས་ཆེན་འགའ་གཅིག་རྗེས་གཉིས་མཐུད་དུ་གྲོངས་པའི་གཏམ་ངན་འཕྲོ་རིམ་འཕྲོར་ཐོས་པས། སྤྱིར་ཡིད་སེམས་སྐྱིད་པོ་མེད་པའི་ཁར་ལྷག་པར་དུ་དངོས་སུ་ཞལ་གྱི་དཀྱིལ་འཁོར་མཇལ་མྱོང་ཞིང་གསུང་གི་གདམས་པ་ཐོས་མྱོང་བའི་རྒན་དམ་པ་ཧྭ་ཁན་ལགས་སྐུ་གཤེགས་པ་ཐོས་དུས་ལྷག་ཏུ་བློས་མི་ཆོད་པ་ཞིག་བྱུང་། དེ་བས་ཕྱི་དྲོ་ཧྲིལ་པོ་ཞིག་ལ་གནས་གང་ཞིག་ནས་འཕྲད་ན་ཡང་ཆེ་ཚུགས་མེད་པར་ཁ་བརྡ་གློད་ཡོང་བའི་རྣམ་པ་དང་། འཁོས་ཀ་ཞན་པའི་སྐུ་གཟུགས། སྤྱི་ཐེར་དུ་གྱུར་བའི་དབུ། བྱམས་བརྩེའི་མིག་མདངས། ཨམ་སྐད་དག་མོ་ཆུ་བཞུར་བ་ལྟར་བཤད་ཡོང་བའི་ཞལ་རས་བཅས་ཡིད་ལ་ཡང་ཡང་འཁོར་ཡོང་བར་འདུག་པས། བཀྲ་ཤིས་སྒྲོལ་མ་ལགས་ཀྱིས་རྒྱ་ཡིག་གི་ལམ་ནས་ཁོང་གི་སློབ་ཁྲིད་དང་ཞིབ་འཇུག་ལས་དོན་སྐོར་བྲིས་གནང་བའི་རྩོམ་དེ་སྐད་འཕྲིན་རྒྱབ་ལོགས་དང་ལ་རྩེ་ཇ་ཁང་སོགས་སུ་བསྐུར་ནས་རྒན་དམ་པ་ལགས་ལ་མྱ་ངན་ཞུ་ཁུལ་བགྱིས་པ་ཡིན། དེར་རྒན་པདྨ་འབུམ་ནས། “དགེ་རྒན་ཧྭ་ཁན་དང་ང་ཚོ་ལོ་དགུ་ཙམ་ལ་མཉམ་དུ་བསྡད་པ་ཡིན། ཡིན་ན་ཡང་དེ་དུས་དགེ་རྒན་འདིའི་ཡོན་ཏན་དང་ལྷག་བསམ་མཐོང་མི་འདུག ད་ལྟ་ཕྱིར་བལྟས་ཤིག་བྱས་ན། དངོས་གནས་དགེ་རྒན་རྩ་ཆེན་ཞིག་རེད། བོད་ཀྱི་སྐད་ཡིག་ལ་དེང་སང་སྐད་བརྡ་རིག་པ་ཟེར་བ་དེའི་ངོས་ནས་ཞིབ་འཇུག་གནང་མཁན་ཆེས་སྔ་གྲས་ཡིན་རྒྱུ་རེད། ཁོང་ནི་ང་ཚོ་བོད་པ་ཚོས་ཤེས་རིན་ཆེ་བའི་མཁས་པ་ཞིག་རེད། ལ་རྩེ་ཇ་ཁང་ནང་ལ་བོད་ཡིག་གིས་ངོ་སྤྲོད་མདོར་བསྡུས་རེ་གནང་ཐུབ་ན་བཟང་། ལ་རྩེ་ཇ་ཁང་ནང་ལ་བོད་ཡིག་དང་བོད་ཡིག་གཅིག་པོའི་སྟེང་ནས་བསྡད་ན་བསམ་གྱི་ཡོད”ཅེས་གསུངས་པས། ཕྲན་ནས་རྒན་ལགས་ལ་རྗེས་དྲན་ཐུང་ངུ་ཞིག་ངེས་པར་དུ་བྲི་དགོས་སྙམ་པའི་བསམ་བློ་སྐྱེས།
དེ་ཡང་རྒན་ཧྭ་ཁན་ལགས་ནི1934ལོར་ཅང་སུའུ་ཡི་ཁྱིམ་ཚང་ཕལ་བ་ཞིག་ཏུ་སྐྱེས། 1952ལོར་པེ་ཅིན་སློབ་ཆེན་དུ་སློབ་གཉེར་གནང་། 1954ལོར་བླ་བྲང་དུ་བོད་ཀྱི་མི་དམངས་མང་ཚོགས་ཀྱི་འཚོ་བར་ཟབ་ཞུགས་བྱས་ནས་ཟླ10ཡི་རིང་ལ་བོད་སྐད་ཡིག་རིག་གནས་ལ་སློབ་སྦྱོང་བྱས། 1957ལོ་ནས་བཟུང་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོར་བོད་ཡིག་དགེ་རྒན་གྱི་ཕྱག་ལས་གཉེར། ཁོང་ནས«མི་རིགས་སྐད་ཡིག»དང«ཀྲུང་གོའི་བོད་རིག་པ» «བོད་ལྗོངས་ཞིབ་འཇུག»སོགས་རིག་གཞུང་དུས་དེབ་བཅུ་ལྷག་གི་སྟེང་དུ་བོད་རྒྱ་སྐད་གཉིས་ཀྱི་ལམ་ནས་བོད་སྐད་ཡིག་དང་འབྲེལ་བའི་དཔྱད་རྩོམ་བཞི་བཅུ་ལྷག་སྤེལ་བ་དང་། «བོད་རྒྱ་སངས་རྒྱས་ཆོས་གཞུང་གི་ཚིག་མཛོད»དང«རྒྱ་བོད་ཤན་སྦྱར་ཚིག་མཛོད»སོགས་མིང་མཛོད་རྩོམ་སྒྲིག་ཕྱག་རོགས་གནང་བ་དང་། རྒན་ཀླུ་འབུམ་རྒྱལ་དང་མཉམ་འབྲེལ་གྱིས«བོད་རྒྱ་ཤན་སྦྱར་གྱི་ཨ་མདོའི་ཁ་སྐད་ཚིག་མཛོད»རྩོམ་སྒྲིག་གནང་བ་སོགས་རང་རེའི་མིང་མཛོད་རྩོམ་སྒྲིག་ལ་ཕྱག་ལས་རྒྱ་ཆེན་མཛད། «སྐད་བརྡ་རིག་པའི་སྤྱི་བཤད»ཀྱི་བསླབ་དེབ་རྩོམ་བསྒྱུར་གནང་ནས། བོད་དུ་སྐད་བརྡ་རིག་པའི་གཞུང་ལུགས་ནང་འདྲེན་གྱི་དེད་དཔོན་ལྟ་བུར་གྱུར་པ་དང་བོད་ཀྱི་ལོ་ཙཱའི་བྱ་བ་ལ་ཡང་ཕྱག་ལས་མི་དམན་པ་གནང་། མདོར་ན་བོད་ཀྱི་སློབ་གསོ་དང་རིག་གནས་ཞིབ་འཇུག་གི་ལས་དོན་ལ་ལྷག་བསམ་རྣམ་དག་གིས་བྱ་བ་བསྒྲུབས་ནས་སྐུ་ཚེའི་འཕེན་པ་རྫོགས།
ཕྲན་ནི་རྒན་ལགས་ཀྱི་དངོས་སློབ་མིན་པས་ཁོང་ལ་རྒྱུས་མངའ་ཆེན་པོ་མེད་མོད། ཕྲན་ཡང་སློབ་གླིང་ན་ཡོད་དུས་རྒན་ལགས་ལས་གནས་ནས་རྒན་ཡོལ་བྱས་ཟིན་ཡང་། བོད་སྐད་ཡིག་སྡེ་ཁག་གིས་གདན་ཞུ་བཞིན་འཆད་ཁྲིད་ཀྱི་འོ་བརྒྱལ་ཐེངས་ཁ་ཤས་གནང་ནས་རྒན་ལགས་ལ་རྒྱུས་མངའ་ཅུང་ཟད་བྱུང་། ཁོང་ནི་ད་ལྟའི་བོད་ཀྱི་རིག་གཞུང་ཞིབ་འཇུག་པ་ཡིན་ཞེས་ཁ་ཕོ་ཆེན་པོ་བསྒྲགས་མཁན་གྱི་མཁས་པར་རློམ་པ། ཐ་ན་བོད་སྐད་ཡིག་དང་བོད་ཀྱི་འཚོ་བ་ལ་རྒྱུས་མངའ་སྤུ་ཙམ་མེད་པ་དེ་དག་དང་མི་མཚུངས་པར། གཞོན་དུས་ནས་བོད་སྐད་ཡིག་རིག་གནས་ལ་སློབ་སྦྱོང་ཤ་ཐང་ཐང་དུ་མཛད་མྱོང་མཁན། བོད་མི་དང་མཉམ་འགྲོ་མཉམ་འདུག་བྱས་ནས་བོད་ཀྱི་འཚོ་བར་རྒྱུས་མངའ་གནང་མྱོང་མཁན། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་སྐུ་ཚེ་གང་བོར་བོད་ཀྱི་སློབ་མ་བསྐྱངས་མྱོང་མཁན་ཞིག་ཡིན་པས། ཁོང་གི་ལྷག་བསམ་དང་སྙིང་རུས་སོགས་ཀྱིས་གྱི་ན་བའི་ཡིད་ཀྱི་དང་བ་ཅིག་ཅར་དུ་འདྲེན་མྱོང་ལ། སྙིང་ཁོང་རུས་པའི་གཏིང་ནས་ཡིད་སྨོན་ཚད་མེད་སྐྱེས་མྱོང་།
འདི་ནས་ཡར་བརྩིས་པའི་ལོ་ངོ་གསུམ་གྱི་སྔོན་དུ་རྒན་ཧྭ་ཁན་ལགས་ཕ་ཡུལ་དུ་ཕེབས་སྐབས་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་སྐད་ཡིག་སློབ་གླིང་གི་དགེ་སློབ་ཀུན་གྱིས་ལག་ཏུ་དར་ཁ་བཟུང་ནས་ཁོང་ལ་སྐྱེལ་མ་བྱེད་བཞིན་པའི་པར་རིས་འགའ་ཞིག སློབ་གྲོགས་ཚོའི་སྐད་འཕྲིན་རྒྱབ་ལོག་ནས་མཇལ་བྱུང་། དེ་ནི་ཕལ་ཆེར་སྟོན་ཁ་སླེབས་ལ་ཉེ་བའི་སྲོད་ཁ་ཞིག་ལ་རེད། སྡོང་ལོ་ཁ་ཤས་ས་རུ་འཐོར་ཞིང་རླུང་གིས་དལ་མོར་གཡོ་བ་དེས་རྒན་ལགས་ལ་སྐྱེལ་མའི་སྐྱོ་གདུང་གི་ཤུགས་གླུ་ལེན་པ་དང་འདྲ། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་སློབ་ཡོངས་ཀྱིས་ལག་ལ་དར་ཁ་བཟུང་སྟེ་རྒན་ལགས་ལ་བཀའ་དྲིན་མཚོན་ཕྱིར་དུ་དར་ཁ་འབུལ་བ་དང་སྐྱེལ་མ་གནང་བའི་རྣམ་པ་དེས། ངས་རང་ཉིད་ཀྱང་དེའི་གྲས་སུ་ཡོད་ན་ཅི་མ་རུང་སྙམ། པར་རིས་དེ་དག་གིས་ང་རང་ཉིན་ཧྲིལ་པོ་ཞིག་ལ་སེམས་འགུལ་ཐེབས་སུ་བཅུག ཉིན་ཧྲིལ་པོ་ཞིག་ལ་ངས་པར་རིས་དེ་དག་ལ་ཡང་ལྟ་བསྐྱར་ལྟ་བྱས་ནས་བསྡད། པར་རིས་དེ་དག་གིས་སྐབས་དེའི་བདག་གི་གཉོམ་དྲག་པའི་སེམས་པར་དཔུང་འཇུག་ཡང་ཡང་བྱས་ཤིང་། མཐར་ང་རང་རྨང་ནས་ཕམ་སྟེ་མིག་ཟུང་དུ་མཆི་མའི་ཞགས་པ་ཡང་ཡང་བསྐྱིལ་དགོས་བྱུང་། བློ་ཞིབ་མོས་བསམ་བློ་གཏོང་དུས་མི་རིགས་མི་གཅིག་པའི་མི་ཞིག་གིས་རང་རེའི་སྐད་ཡིག་རིག་གནས་ལ་ཕུལ་བའི་བྱས་རྗེས་འདི་དག་བསམས་ཚེ། ན་ཚོད་འདི་ལ་སླེབས་ཀྱང་བྱས་པ་ཅི་ཡང་མེད་པའི་རང་ལ་ཞེ་ཁྲེལ་ཡོང་། དངོས་གནས། རྒན་ཁོང་ནི་བོད་མི་རིགས་ཀྱིས་གཏན་དུ་བརྗེད་མི་རུང་བའི་དགེ་རྒན་དྲིན་ཆེན་ཞིག་རེད་ཨང་།ཐུགས་རྗེ་ཆེ་སོང་དགེ་རྒན་ཧྭ་ཁན་ལགས། འོ་བརྒྱལ་མྱངས་སོང་སློབ་དཔོན་སེང་གེ་ལགས།
འབྲི་ཆུའི་ལྷོ་རྒྱུད་ནས་སྐྱེས་ཤིང་སྐུ་ཚེའི་འཛད་འཕྲིན་མཐོ་སྒང་ནས་བསྐྱངས་པའི་རྒན་དམ་པ་ཧྭ་ཁན་ལགས། ཁྱེད་རང་བདེ་བར་བཞུད་དང་ཁྱེད་ཀྱིས་སྐུ་ཚེ་གང་བོར་བྱི་དོར་ཡང་ཡང་གནང་མྱོང་བའི་གསལ་བྱེད་སུམ་ཅུས་ཁྱོད་རང་བརྗེད་མི་སྲིད། ཁྱེད་ཀྱི་སྐུ་ཚེ་གང་བོར་ངག་སྐྱོར་ཡང་ཡང་གནང་མྱོང་བའི་ཨམ་སྐད་ཀྱིས་ཁྱོད་རང་བརྗེད་མི་སྲིད། ཁྱོད་ཀྱི་མི་ཚེ་གང་བོར་ཤ་འབད་རུས་འབད་བྱེད་མྱོང་བོད་ཀྱི་རིག་གཞུང་གིས་ཁྱེད་རང་བརྗེད་མི་སྲིད། གཏན་དུ་བརྗེད་མི་སྲིད། རྒན་ལགས་བདེ་བར་གཟིམས།
2022ལོའི་ཟླ12པའི་ཚེས30ཉིན་ཉིད་ཀྱི་སློབ་བུའི་གྲལ་མཐར་ཟིན་ཙམ་པ་གསང་བདག་རྡོ་རྗེའམ་དུར་སྲི་ནས་གུས་འདུད་དང་བཅས་ཕུལ་བ་དགེའོ།།
འབྲེལ་ཡོད་འོས་སྦྱོར།