logo

བོད་རིག་པའི་ཆེད་མཁས་པ་ཁྲིན་ཆིན་དབྱིན་ལགས་རྗེས་སུ་དྲན་པ།

རྩོམ་པ་པོ།:རིན་ཆེན་སྒྲོལ་མ་དང་ཀླུ་མོ་མཚོ། ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དྲ་བ། དུས་ཚོད།:2023-02-10 ཀློག་གྲངས།:
       སྤྱི་ཟླ5པའི་ཚེས11ཉིན་ནི་རྒན་ཁྲིན་ཆིན་དབྱིན་ལགས་ང་ཚོ་དང་གཏན་དུ་བྲལ་ནས་ཏག་ཏག་ཉིན30ལོན་པའི་ཉིན་མོ་རེད། ད་ལོའི་སྤྱི་ཟླ4པའི་ཚེས11ཉིན་རྒན་ཁྲིན་ལགས་ཁྲེང་ཏུའུ་རུ་སྐུ་གཤེགས་པའི་གཏམ་ངན་དེ་ཐོས་མ་ཐག་ང་རང་སྐྱོ་སྣང་ཚད་མེད་པ་ཞིག་སྐྱེས་བྱུང་། ངས་ཉེ་ལམ་རྒན་ཁྲིན་ལགས་ཀྱི་སྙུན་གཞི་སྐབས་རེར་བདེ་ཞིང་ལན་རེར་སྡུག་ཏུ་འགྲོ་བཞིན་པའང་ཤེས་ཡོད་མོད། གློ་བུར་བའི་གཏམ་ངན་དེ་ཐོས་རྗེས་དུས་ཡུན་རིང་པོར་ཡིད་ཆེས་དཀའ་བར་གྱུར།
       ངས་ཚེ་འདས་བོད་རིགས་རྩོམ་པ་པོ་གྲགས་ཅན་དབྱངས་སྒྲོན་ལགས་ཀྱིས་རྒན་ཁྲིན་ཆིན་དབྱིན་ལ་བཅར་འདྲི་ཞུས་པའི་རྩོམ་ཡིག་གི་རྨང་གཞིའི་ཐོག བོད་ཡིག་གི་ལམ་ནས་དམ་པ་གང་གི་བཅར་འདྲིའི་རྩོམ་ཡིག་ཅིག་ཁ་གསབ་ཀྱི་ཚུལ་དུ་འབྲི་རྩིས་སྔ་མོ་ནས་ཡོད་ཅིང་། ན་ནིང་རྒན་ཁྲིན་ལགས་ཀྱི་སྙུན་གཞི་ཇེ་སྡུག་ཏུ་སོང་རྗེས། ད་ལོའི་སྤྱི་ཟླ4པར་ཁྲེང་ཏུའུ་རུ་རྒན་ལགས་ལ་ཁམས་འདྲིར་འགྲོ་ཞོར་བཅར་འདྲིའི་ནང་དོན་འགའ་ཤས་ཀྱང་སྣོན་རྩིས་ཡོད། བསམ་ཚུལ་དེ་ངས་དེ་སྔོན་ཞའོ་ཧྭ(རྒན་ལགས་ཀྱི་བུ་མོ་ཁྲིན་ལི་ཧྭ)ལགས་ལ་ཡང་བཤད་མྱོང་། ད་ལོའི་བོད་ཀྱི་ལོ་གསར་ནས་བཟུང་། ཉིན་གཉིས་གསུམ་རེའི་ནང་ཞའོ་ཧྭ་ལགས་ལ་རྒན་ལགས་ཀྱི་སྙུན་གཞིའི་གནས་ཚུལ་དྲིས་པ་ལས་ཁོང་ལ་ཐད་ཀར་ཐུགས་སུན་ཞུ་མ་ཕོད། ཉིན་འགའི་སྔོན་ལ་ཞའོ་ཧྭ་ལགས་ཀྱིས་རྒན་ལགས་ཀྱི་སྙུན་གཞིའི་བབ་མི་བརྟན་པར་གྱུར་འདུག་ཟེར་བར། ངས་མོ་རང་ལ་དགེ་རྒན་ལགས་ཀྱི་སྐུ་ཁམས་ཅུང་དྭངས་སྐབས། ངས་ཁ་གསབ་བྱེད་འདོད་པའི་ནང་དོན་ཁག་རྒན་ལགས་ལ་བཀའ་འདྲི་ཞུས་ཏེ་ལག་ཁྱེར་ཁ་པར་དུ་སྒྲར་འབེབས་རོགས་ཞེས་བཤད་པ་ཡིན། ངའི་ཐོག་མའི་བསམ་ཚུལ་ནི་རྒན་ཁྲིན་ལགས་ལ་བཅར་འདྲི་ཞུས་པ་བརྒྱུད། དམ་པ་ཁོང་གིས་སྐུ་ཚེ་གང་པོར་བོད་རིག་པའི་བྱ་གཞག་ཆེད་དཀའ་སྤྱད་བརྩོན་ཞིབ་བརྒྱུད་གྲུབ་འབྲས་བླ་ན་མེད་པ་བཞག་ཡོད་པ་དེ་བོད་རིགས་ཀློག་པ་པོ་རྣམས་ལ་ངེས་སུ་འཇུག་པ་དང་ཆབས་ཅིག རྒན་ཁྲིན་ལགས་ཀྱིས་ང་རང་གི་རིག་གཞུང་ཞིབ་འཇུག་ཐད་མཛུབ་སྟོན་དང་རོགས་རམ་གནང་བར་སེམས་ཁོང་ནས་སྐུ་དྲིན་ཞུ་འདོད་པ་ཡིན། ཡིན་ནའང་དོན་དེ་ལམ་ལྷོང་མ་བྱུང་བས་ངའི་མི་ཚེའི་ཁྲོད་ཀྱི་འགྱོད་གདུང་ཆེ་ཤོས་ཤིག་ཏུ་གྱུར།
2019ལོའི་སྤྱི་ཟླ5པར། ཁང་ཏུའུ་ཆུང་ལའེ་གྲོང་ཁྱེར་གྱི་བཞུགས་ཤག་ཏུ་བསྐྱོན་པའི་སྐུ་ཞབས་ཁྲིན་ཆིང་དབྱིན་ལགས་ཀྱི་འདྲ་པར།
       རྒན་ལགས་ལ་མྱ་ངན་ཞུ་བའི་ཉིན་མོར་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་ང་རང་ཁྲེང་ཏུའུ་ལ་ཁོང་གི་གདུང་མཇལ་དང་མཐའ་མའི་ཕེབས་སྐྱེལ་ལའང་འགྲོ་ཐུབ་མ་སོང་། དེ་བས་ངས་ཉིན་མོ་དེར་འགྱོད་གདུང་དང་བཅས་དེ་སྔར་རྒན་ལགས་ལ་སྐད་འཕྲིན་གྱི་ལམ་ནས་ཁ་བརྡ་བྱས་པའི་ཟིན་ཐོར་བལྟས་པ་ཡིན། ཟིན་ཐོའི་ནང་དོན་མང་ཆེ་ཤོས་ནི་ངས་ཁོང་ལ་རིག་གཞུང་སྐོར་ནས་བཀའ་འདྲི་ཞུས་པ་དག་རེད། 2018ལོའི་ཚུན་གྱི་གླེང་མོལ་གྱི་ཟིན་ཐོ་མང་པོ་ཞིག་ད་དུང་ཉར་ཚགས་བྱས་ཡོད་ལ། སྐབས་རེར་ནང་དོན་ཁ་ཤས་ལ་བསྐྱར་དུ་ལྟ་དགོས་པས་ངས་བསུབ་མ་ཕོད། ད་ལྟ་ངས་ཟིན་ཐོ་དེ་དག་སྔར་ལས་ཀྱང་བསུབ་མི་ཕོད་པར་དྲན་གསོའི་རྟེན་དུ་ཡུན་ནས་ཡུན་དུ་ཉར་རྩིས་ཡིན།
       དམིགས་བསལ་གྱི་ཉིན་མོ་འདིར། འདས་ཟིན་པའི་ལོ་ཟླའི་ནང་དྲན་དབང་གང་དང་འབྲེལ་ཡོད་ཀྱི་འདས་དོན་ལ་དྲན་གསོ་ཞུ་རྒྱུ་དེ་ནི་ཆེས་ཡིད་སྐྱོ་ཞིང་སེམས་ལ་ཟུག་གཟེར་སློང་བ་ཞིག་རེད་ཨང་། རྒན་ཁྲིན་ལགས་དང་ངེད་གཉིས་ལས་གྲོགས་ཡིན་ལ“དགེ་སློབ”ཀྱང་ཡིན། ངས་དེ་སྔ་ཀྲུང་གོའི་བོད་རིག་པ་ལྟེ་གནས་དཔེ་མཛོད་ཁང་དུ་ལས་ཀ་བྱེད་སྐབས། བྱ་བའི་དགོས་དབང་གིས1999ལོ་ནས2000ལོའི་བར་ང་རང་རྒྱ་ཡིག་དཔེ་དེབ་དཀར་ཆག་སྒྲིག་པའི་སྡེ་ཁག་ཏུ་ལས་བགོས་གནང་བ་དང་། རྒན་ཁྲིན་ལགས་ཀྱི་ཚེ་འདས་སྐུ་ཟླ་རྒན་ཡུང་ཧུང་ལགས་དང་ཆབས་ཅིག་གཞུང་ལས་ཁང་གཅིག་ཏུ་ལས་ཀ་བྱས། རྒན་ཡུང་ཧུང་ལགས་ནི་མི་རྣམ་དག་བརྩེ་སེམས་ཅན་ཞིག་ཡིན་ལ། ངེད་གཉིས་ཀྱི་འབྲེལ་བའང་ལེགས་པོ་ཡོད། ཁོང་གིས་ང་རང་དུས་རྒྱུན་སློབ་སྦྱོང་ལ་དགའ་བ་དང་། སྐབས་འགར་རྩོམ་ཡིག་རེ་གཉིས་ཀྱང་བྲིས་ནས་དེབ་ཏུ་སྤེལ་བཞིན་ཡོད་པ་མཐོང་ནས། ང་ལ་རྒན་ཁྲིན་ལགས་ཀྱི་དཔེ་ཁྲིད་ལ་མཉན་རྒྱུར་སྐུལ་མ་བཏང་། སྐབས་དེར་རྒན་ཁྲིན་ལགས་ཀྱིས་ཁོང་གི་གཞུང་ལས་ཁང་དུ་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་བོད་རིག་པའི་སློབ་གླིང་གི་འབུམ་རམས་པ་རྣམས་ལ་དཔེ་ཁྲིད་གནང་བཞིན་ཡོད། ཁོང་གི་འཁྲིད་བྱ་ནི་རྒྱ་ཡིག་གི་ལོ་རྒྱུས་དེབ་ཐེར་ནང་གི་འབྲེལ་ཡོད་བོད་ཀྱི་ལོ་རྒྱུས་སྐོར་ཡིན། ང་རང་དེ་སྔོན་ནས་རྒན་ཁྲིན་ལགས་དང་རྒྱུས་ཡོད་ལ། སྐབས་རེར་རྒན་ལགས་ལ་རིག་གཞུང་ཐད་ཀྱི་གནད་དོན་དག་བཀའ་འདྲི་ཞུ་བཞིན་ཡོད་མོད། ཐེངས་དེའི་དཔེ་ཁྲིད་ལ་མཉན་རྗེས་རྒན་ཁྲིན་ལགས་ནི་ལོ་རྒྱུས་སྤྱི་དང་སྒོས་སུ་བོད་རིག་པའི་ཐད་དུ་མཁྱེན་ཡོན་རྒྱ་ཆེན་པོ་མངའ་བ་དང་། ཕྲ་ཞིང་མཛངས་ལ་ཞིབ་པའི་བློ་གྲོས་ཀྱིས་ཕྱུག་པ་དེ་བས་རྟོགས་པར་གྱུར། སློབ་གསེང་གི་སྐབས་སུ་རྒན་ཁྲིན་ལགས་ཀྱིས་ང་ཚོར་བོད་ཀྱི་ལོ་རྒྱུས་སྦྱང་བྱར་མཁོ་ཆེ་བའི་ལོ་རྒྱུས་དེབ་ཐེར་ཁག་ཅིག་ཀྱང་འོས་སྦྱོར་གནང་། དེ་ནས་བཟུང་ང་རང་རྟག་ཏུ་རྒན་ལགས་ཀྱི་དཔེ་ཁྲིད་ལ་ཉན་དུ་སོང་ཞིང་ཕན་ཐོགས་ཀྱང་ཆེན་པོ་བྱུང་།
       དེ་ཕྱིས་ངས་རྒན་ཁྲིན་ལགས་ཀྱི་འབུམ་རམས་པར་རྒྱུགས་སྤྲོད་རྩིས་ཀྱང་བྱས་མོད། རྒྱུ་རྐྱེན་མང་པོའི་དབང་གིས་བསམ་དོན་ཇི་བཞིན་བྱུང་མ་སོང་། ང་རང་རྒན་ལགས་ཀྱི་དངོས་སློབ་མིན་རུང་། ཁོང་གི་ལས་གྲོགས་སུ་གྱུར་པར་མ་ཟད་ཐོག་ཁང་བརྩེགས་རིམ་གཅིག་ཏུ་ལས་ཀ་བྱེད་པའི་སྐལ་བ་ལྡན་པས། ག་དུས་ཡིན་ཡང་རྒན་ཁྲིན་ལགས་ལ་བཀའ་འདྲི་ཞུ་རྒྱུའི་གོ་སྐབས་རག་གི་ཡོད་ལ། རྒན་ཁྲིན་ལགས་ཀྱིས་རིག་གཞུང་ཐད་ནས་མཛུབ་སྟོན་མི་ཉུང་བ་ཞིག་གནང་བས། ང་རང་ཡང་ཁོང་གི་དགེ་ཕྲུག་ཅིག་ཏུ་བརྩིས་ཆོག་པར་སྙམ། ནམ་ཞར་རང་ཉིད་རིག་གཞུང་ཐད་ཀྱི་གནད་དོན་ཆེ་ཆུང་གང་ཞིག་ལ་ཐུག་ཚེ་རྒན་ཁྲིན་ལགས་ལ་བཀའ་འདྲི་ཞུ་རྒྱུ་ནི་རང་གི་གོམས་གཤིས་སུ་གྱུར་ཡོད་ལ། རྒན་ལགས་ཀྱིས་ཀྱང་ཐུགས་སུན་མེད་པར་ང་ལ་གསུང་གི་བདུད་རྩི་ཕངས་མེད་དུ་སྦྱིན་པར་མ་ཟད། འབྲེལ་ཡོད་ཀྱི་དེབ་ཐེར་དང་རྩོམ་ཡིག་སོགས་འོས་སྦྱོར་གནང་། ངས་དོ་ཁུར་དང་ཞིབ་འཇུག་བྱ་ཡུལ་ནི་བོད་ཀྱི་ལོ་རྒྱུས་དང་། གཞན་བོད་སོག་འབྲེལ་བའི་ལོ་རྒྱུས་དང་འབྲེལ་ཡོད་ཡིག་ཚགས་དང་བཀའ་གཏན་ཁག་ཀྱང་ཡིན། རྒན་ཁྲིན་ལགས་ནི་དེ་དག་གི་ཐད་ལ་མཁྱེན་ཡོན་རྒྱ་ཆེན་པོ་ཡོད་པས། ཁོང་གིས«ཡོན་རྒྱལ་རབས་ཀྱི་ཏི་ཤྲི་འགྲོ་མགོན་འཕགས་པའི་མཛད་རྣམ»དང་། «བོད་སོག་མི་རིགས་འབྲེལ་བའི་ལོ་རྒྱུས་མདོར་བསྡུས»(མཉམ་མཛད) «བོད་སོག་འབྲེལ་བའི་ལོ་རྒྱུས་ཆེན་མོ་ལས་ཆབ་སྲིད་བམ་པོ»སོགས་གསུང་རྩོམ་དང་འབྲེལ་ཡོད་ལྗགས་རྩོམ་མང་པོ་མཛད་ཡོད། ཁོང་གི་ཡོན་མིང་ཆིང་རྒྱལ་རབས་སྐབས་ཀྱི་ལོ་རྒྱུས་བརྩམས་ཆོས་མང་ཆེ་བ་ནི་བོད་སོག་འབྲེལ་བའི་སྐོར་ཡིན་པ་དང་། དེའི་ཐད་ནས་གྲུབ་འབྲས་ཀྱང་གཟེངས་སུ་ཐོན་པ་བླངས་ཡོད། ངའི་བོད་ཀྱི་ནང་སོའི་སྐོར་གྱི་ཞིབ་འཇུག་ནི་རྒན་ཁྲིན་ལགས་ལ་འབྲེལ་བ་དམ་པོ་ཡོད། ཐེངས་ཤིག་ངས་རྒན་ཁྲིན་ལགས་དང་གླེང་མོལ་བྱེད་སྐབས་ང་ཚོའི་ཕ་ཡུལ་རེབ་གོང་གི་ལོ་རྒྱུས་གླེངས་ཤིང་། རྒན་ལགས་ཀྱི་བློ་བསྐྱེད་འོག་ངས་ནང་སོའི་སྐོར་ལ་དོ་སྣང་དང་ཞིབ་འཇུག་བྱེད་འགོ་ཚུགས། ངའི་ནང་སོ་དང་འབྲེལ་ཡོད་ཀྱི་རྩོམ་ཡིག་རྣམས་ལ་རྒན་ལགས་ཀྱི་རྒྱབ་སྐྱོར་དང་རོགས་རམ་མི་ཉུང་བ་ཞིག་ཐོབ་ཡོད།
       2014ལོའི་དབྱར་ཁར། ང་རང་རྒན་ཁྲིན་ལགས་དང་མཉམ་དུ་ཉིན་བདུན་རིང“ཆེད་མཁས་པ་གྲགས་ཅན་མཚོ་སྔོན་དུ་བསྐྱོད་ནས་རྟོག་ཞིབ་བྱེད་པ”ཞེས་པའི་བྱ་འགུལ་ལ་ཞུགས་པ་ཡིན། བྱ་འགུལ་དེ་ནི་མཚོ་སྔོན་ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་སྤེལ་བ་རེད། ཉིན་བདུན་གྱི་རིང་ང་ཚོ་མཚོ་སྔོན་གྱི་སྐུ་འབུམ་བྱམས་པ་གླིང་དང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མཁར་གཙོས་མདའ་བཞི་རྫོང་དང་མདོ་ལ་རྫོང་སོགས་སུ་ཡུལ་དངོས་རྟོག་ཞིབ་ལ་བསྐྱོད་ཅིང་། རང་ཉིད་ཀྱིས་རྒན་ལགས་ལ་ཞབས་ཞུ་ཞུ་ཞོར་མཉམ་དུ་རྟོག་ཞིབ་བྱས་པ་དང་། མཇུག་མཐར་ཡིག་ཐོག་ནས་རྟོག་ཞིབ་ཀྱི་མྱོང་ཚོར་དང་བསམ་འཆར་ཞིག་ཀྱང་བྲིས་ནས་འབྲེལ་ཡོད་ལས་ཁུངས་ལ་ཕུལ་བ་ཡིན། དེའི་རྗེས་ཀྱི་བྱ་འགུལ་ལ་ང་རང་ཞུགས་ཐུབ་མ་སོང་ཡང་། ཐེངས་དེར་རྒན་ཁྲིན་ལགས་ཀྱིས་རྟོག་ཞིབ་ཀྱི་མྱོང་ཚོར་དང་འབྲེལ་ནས། “མཚོ་སྔོན་ཞིང་ཆེན་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་ཁུལ་གསར་འཛུགས་སྐོར་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་”ཞེས་པའི་བརྗོད་དོན་ལ་དམིགས་ཏེ། «ཞིང་ཆེན་གྱི་གནས་ཚུལ་ལ་ངོས་འཛིན་གཏིང་ཟབ་དང་། ལོ་རྒྱུས་དང་རིག་གནས་ཀྱི་ཐོན་ཁུངས་སྔོག་འདོན་སྒོས་གསར་འཛུགས་བྱེད་སྒོར་ཞབས་འདེགས་ཞུ་བ»ཞེས་པའི་དཔྱད་རྩོམ་བྲིས་ཤིང་། དེ་ཉིད་མཚོ་སྔོན་ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་གཙོ་སྒྲིག་བྱས་པའི«མཚོ་སྔོན་ཞིང་ཆེན་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་ཁུལ་གསར་འཛུགས་སྐོར་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན»ཞེས་པའི་དེབ་ཏུ་བཀོད་ཡོད།
2014ལོར་རྟོག་ཞིབ་གནང་སྐབས། པེ་ཅིང་གི་ཆེད་མཁས་པས་སྐུ་འབུམ་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་གི་ལས་སྣེ་པ་ཚོ་དང་བགྲོ་གླེང་གནང་བཞིན་པ།
       ཐེངས་དེར་རྟོག་ཞིབ་བྱེད་སྐབས། རྒན་ཁྲིན་ལགས་གནས་གང་ལ་སླེབས་ན་དེ་ན་རིག་གཞུང་ཐད་ཀྱི་བཀའ་འདྲི་ཞུ་མཁན་དང་ཐུག་འཕྲད་ཞུ་མཁན་མང་པོ་ཡོད་ལ། ཐེངས་ཤིག་མཚོ་བྱང་ཁུལ་མཁར་དུ་ང་ཚོས་དགོང་ཟས་སྤྱད་རྗེས་མགྲོན་ཁང་གི་སྒོ་ཁར་སླེབས་པ་ན། ཁུལ་སྲིད་གྲོས་རིག་གནས་ལོ་རྒྱུས་གཞུང་ལས་ཁང་གི་ལས་བྱེད་པ་གཉིས་ཀྱིས་རྒན་ཁྲིན་ལགས་ལ་བསྒུགས་འདུག ཁོ་ཚོས«མཚོ་བྱང་ཁུལ་གྱི་རིག་གནས་ལོ་རྒྱུས་ཡིག་ཆ(ཞབས་དྲུང་དཀར་པོ)»ཞེས་པའི་དེབ་ཅིག་རྩོམ་སྒྲིག་བྱ་འཆར་ཡོད་པས། རྒན་ཁྲིན་ལགས་ལ་ཞབས་དྲུང་དཀར་པོ་སྐུ་ཕྲེང་བརྒྱད་པའི་ལོ་རྒྱུས་སྐོར་གྱི་འབྲེལ་ཡོད་ཤེས་བྱའི་སྐོར་བཀའ་འདྲི་ཞུ་དགོས་ཟེར། རྒན་ཁྲིན་ལགས་ཀྱིས་ཐུགས་གཤིས་འཇམ་པོའི་ངང་ནས་ང་ཚོ་ཁོང་གི་ཁང་པའི་ནང་དུ་བསུས་ཏེ་ཅུང་སྒུག་ཏུ་བཅུག་རྗེས་ཁོང་ཉིད་ཆབ་གསང་དུ་ཕེབས་སོང་། སྐབས་དེར་རྒན་ལགས་ཀྱི་སྐུ་ཁམས་ཅུང་བདེ་པོ་མེད་པ་འདྲ། ང་རང་གིས་ཀྱང་ལ་མོ་ཞབས་དྲུང་དཀར་པོ་དང་འབྲེལ་ཡོད་ཀྱི་ལོ་རྒྱུས་ལ་དོ་སྣང་དང་ཞིབ་འཇུག་བྱེད་ཀྱིན་ཡོད་པས། ང་ཚོས་རྒན་ལགས་ལ་སྒུག་པའི་དུས་ཡུན་ནང་ངས་ཁོང་ཚོར་ཞབས་དྲུང་དཀར་པོའི་སྐོར་གྱི་ལོ་རྒྱུས་གླེངས་པར་མ་ཟད། འབྲེལ་ཡོད་ཡིག་ཚགས་དང་ཡིག་ཆ་ཁག་ཀྱང་ངོ་སྤྲོད་བྱས་པ་ཡིན། དགེ་རྒན་ཁྲིན་ལགས་ཕྱིར་ཕེབས་རྗེས། ཁོང་གིས་ཞིབ་ཚགས་ལྡན་པའི་ངང་ནས་ཁོ་ཚོར་ལོ་རྒྱུས་ཐོག་གི་ཞབས་དྲུང་དཀར་པོ་དང་། ད་དུང་ཉིན་དེར་རྟོག་ཞིབ་གནང་བའི་ལ་མོ་སྒར་ཐོག(ལ་མོ་སྒར་ཐོག་ཁམས་གསུམ་རྣམ་རྒྱལ་ཀུན་ཏུ་བདེ་བའི་གླིང)དང་མཚོ་བྱང་རྡུལ་ཕྲན་གྲོང་དང་འབྲེལ། ཞབས་དྲུང་དཀར་པོ་སྐུ་ཕྲེང་བརྒྱད་པས་ཀྲུང་གོ་གསར་པ་བཙུགས་པའི་སྔ་རྗེས་སུ་མཚོ་བྱང་ཁུལ་གྱི་སྤྱི་ཚོགས་དང་ལོ་རྒྱུས་འཕེལ་རྒྱས་ཐད་བཞག་པའི་མཛད་རྗེས་སྐོར་དང་། དེ་མིན“མདེལ་གཉིས”ཀྱི་རྟེན་གཞི་བཅས་རྒྱལ་སྲུང་འཛུགས་སྐྲུན་གྱི་ཐད་ལ་བཏོན་པའི་འཇོན་ནུས་སྐོར་སོགས་གསུང་གླེང་གནང་། རྒན་ལགས་ཀྱིས་གསུངས་པའི་གནས་ཚུལ་དང་ཁོང་གི་དེའི་ཐད་ཀྱི་བཞེད་དགོངས་ཀྱིས་ངའི་བློ་ཡི་སྒོ་མོའང་ཆེས་ཆེར་ཕྱེས་ཤིང་། ཞིབ་འཇུག་གི་རིགས་ལམ་དང་མཐོང་རྒྱ་ཡང་ཆེ་རུ་བསྐྱེད་བྱུང་།
       མདོ་ལ་རྫོང་དུའང་དགེ་རྒན་ཁྲིན་ལགས་མགྲོན་དུ་བསུ་མཁན་ཡོད་ལ། ཁོང་ཉིད་གར་ཕེབས་ས་རུ་དགའ་བསུ་ཐོབ་པར་མ་ཟད། འཚམ་འདྲི་དང་རིག་གཞུང་ཐད་ནས་བཀའ་འདྲི་ཞུ་མཁན་ཡང་མི་ཉུང་བ་ཞིག་ཡོད། དངོས་གནས“ཡོན་ཏན་ལྡན་ན་སྐྱེ་བོ་ཀུན། ། མ་བསྡུས་པར་ཡང་རང་ཉིད་འདུ། ། དྲི་ལྡན་མེ་ཏོག་རྒྱང་རིང་ཡང་། ། བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར། །”ཞེས་ས་སྐྱ་ལེགས་བཤད་ལས་གསུངས་པ་དེ་ཅི་མ་བདེན་སྙམ། ཐེངས་འདིའི་རྟོག་ཞིབ་ནང་ང་རང་གི་ཤེས་རྒྱ་དང་མཐོང་རྒྱ་ཆེ་རུ་བསྐྱེད་ཅིང་། མྱོང་ཚོར་ཡང་མི་ཚེ་གང་པོར་བརྗེད་ཐབས་བྲལ་བ་རེད།
       2018ལོ་ནས་བཟུང་རྒན་ཁྲིན་ལགས་ཀྱི་སྐུ་བསྙུངས་ཤིང་། ལོ་འདི་འགའི་ནང་དབྱར་ཁ་སླེབས་ཐེངས་རེར་རྒན་ཁྲིན་ལགས་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་དུ་བཞུགས་ཏེ་སྨན་བཅོས་གནང་། སྐབས་རེར་ད་དུང་མཚོ་སྔོན་མི་རིགས་སློབ་ཆེན་ནས་གདན་དྲངས་པ་ལྟར་དེར་ཕེབས་ཏེ་འཆད་ཁྲིད་ཀྱང་གནང་བཞིན་ཡོད། ཉིན་བཅུ་ལྷག་གི་སྔོན་ལ་རྒན་ཁྲིན་ལགས་ཀྱི་བུ་གཉིས་པ་ཁྲིན་ལི་ཅན་གྱིས་མ་གཞི་ད་ལོའི་སྤྱི་ཟླ5པར་རྒན་ཁྲིན་ལགས་པེ་ཅིན་དུ་ལོག་ནས་དུས་ཚོད་ངེས་ཅན་ཞིག་བཞུགས་རྗེས། མཚོ་སྔོན་དུ་སྨན་བཅོས་བྱེད་དུ་ཕེབས་རྩིས་ཡོད་ཅེས་ལབ་བྱུང་། འོན་ཀྱང་ད་ནི་རྒན་ཁྲིན་ལགས་ནི་ཁོང་གི་ཕ་ཡུལ་གཉིས་པ་སྟེ་མཚོ་སྔོན་དུ་ལོག་ཕེབས་ཀྱི་སྐལ་བ་ཡེ་ནས་ཟད་སོང་།
       2018ལོའི་དབྱར་ཁར་རྒན་ཁྲིན་ལགས་ཀྱིས་མཚོ་སྔོན་དུ་སྨན་བཅོས་བྱེད་སྐབས། ང་ཡང་ཟི་ལིང་དུ་གུང་གསེང་ལ་ཕྱིན་ཡོད། རྒན་ཁྲིན་ལགས་སྨན་ཁང་ནས་བུད་རྗེས། ང་རང་ཁོང་དང་མཉམ་དུ་ཟི་ལིང་ཉེ་འཁོར་གྱི་དགོན་ལུང་དགོན་པ་དང་། དམར་གཙང་བྲག སྐུ་འབུམ་བྱམས་པ་གླིང་སོགས་ལ་ལྟ་སྐོར་དུ་ཕྱིན་པ་ཡིན། དེ་དུས་རྒན་ལགས་ཀྱི་ཞབས་ཅུང་ཙམ་བདེ་པོ་མེད་པ་ཙམ་ལས་སྤྱིར་ན་སྐུ་ཁམས་དྭངས་ཤིང་། རི་ལམ་གཟར་བའི་དམར་གཙང་བྲག་ལའང་ཕེབས་རྒྱུར་ཡང་དཀའ་ཚེགས་ཅི་ཡང་མེད། རྒན་ཁྲིན་ལགས་སྐུ་གྲོངས་པའི་ཉིན་མོ་དེར། ཐེངས་དེར་ང་ཚོ་དམར་གཙང་བྲག་ལ་འཁྲིད་མཁན་རབ་འབྱམས་པ་སྙིང་བྱམས་ཚེ་རིང་ལགས་ནས་དེ་དུས་རྒན་ལགས་དང་ངེད་གཉིས་ཀྱིས་དམར་གཙང་བྲག་གི་རྡོ་རིང་ཡི་གེ་ཀློག་བཞིན་པའི་པར་ཞིག་སྐད་འཕྲིན་གྱི་གྲོགས་ཚོམས་སུ་སྤེལ་ཡོད་པ་མཐོང་བ་ན། ང་རང་སྐྱོ་གདུང་དྲག་པོས་གཟིར་བར་གྱུར་པ་དང་ཆབས་ཅིག་འདྲ་པར་དེའང་སྔར་ལས་རྩ་ཆེ་བ་ཞིག་ཏུ་གྱུར།
       ཐེངས་དེའི་ཆེས་དོན་སྙིང་ལྡན་པའི་འགྲུལ་བཞུད་ནི་སྐུ་འབུམ་བྱམས་པ་གླིང་དུ་མཇལ་བ་དེ་ཡིན། རྒན་ཁྲིན་ལགས་ཀྱིས་དེ་སྔོན་མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་དུ་ཕྱག་ལས་གནང་སྐབས།(1984ལོ་ནས1993ལོ་བར) རྒན་ལགས་དང་ཁོང་ཚོའི་ཞིབ་འཇུག་ཚོགས་པས་ལོ་འགའི་རིང་ལ་སྐུ་འབུམ་བྱམས་པ་གླིང་དུ་ཡུལ་དངོས་རྟོག་ཞིབ་གནང་ཞིང་། «སྐུ་འབུམ་བྱམས་པ་གླིང་གི་གནས་ཚུལ་མདོར་བསྡུས»ཞེས་པའི་དེབ་ཅིག་ཀྱང་བརྩམས་ཡོད་པ་རེད། དེ་བས་རྒན་ཁྲིན་ལགས་སྐུ་འབུམ་དགོན་པའི་ལྷ་ཁང་རེ་རེ་དང་དེར་བཞུགས་པའི་བསྟན་བཅོས་དང་རྡོ་རིང་ཡི་གེ། དགོན་པའི་དུས་བཞིའི་ཆོས་ལུགས་ཆོ་ག་དང་མེ་ཏོག་མཆོད་པ་བཞེངས་ཚུལ་སོགས་ཁྱོན་ཡོངས་ལ་གསལ་ཆ་ཧ་ཅང་མངའ་བས། རྒན་ལགས་ལྷ་ཁང་གང་ཞིག་ལ་སླེབས་ཀྱང་དེ་དང་འབྲེལ་ཡོད་ཀྱི་ལོ་རྒྱུས་དང་མི་སྣ། དོན་རྐྱེན་སོགས་ཐུགས་གཞིག་མཛད་མི་དགོས་པར་ཐུགས་ཐོག་ནས་ཤར་མར་ངོ་སྤྲོད་གནང་ཐུབ་ཅིང་། ཁོང་ཉིད་སྐུ་འབུམ་བྱམས་པ་གླིང་གི་གྲུ་ཟུར་རེ་རེར་ཡང་རྒྱུས་གསལ་པོ་མངའ་བ་རེད། ངས་འགྲུལ་བཞུད་འདི་བརྒྱུད་ནས་སྐུ་འབུམ་བྱམས་པ་གླིང་དང་འབྲེལ་ཡོད་ཀྱི་ལོ་རྒྱུས་ཤེས་བྱ་མང་པོ་ཞིག་ལ་ངེས་ཤེས་འདྲོངས་པ་དང་། དེ་ནི་ང་ལ་མཚོན་ན་བརྗེད་པར་དཀའ་ཞིང་རིགས་པས་འགྲིམས་པའི་འགྲུལ་བཞུད་ཅིག་ཏུ་འཁུམས།
       རྒན་ཁྲིན་ལགས་སྐུ་སྙུང་གིས་ཟིན་པའི་ལོ་ཟླའི་ནང་། ངས་ད་དུང་སྔར་བཞིན་སྐད་འཕྲིན་དང་ཁ་པར་གྱི་ལམ་ནས་ཁོང་ལ་སྐུ་ངལ་མང་པོ་བཟོས་མྱོང་ཞིང་། རྒན་ལགས་ཀྱིས་ཀྱང་སྔོན་མ་ནང་བཞིན་ཐུགས་སུན་མེད་པར་ངའི་དྲི་བར་ལན་བསྐྱོན་ཡོང་། 2020ལོར་ལྟེ་གནས་རྟེན་རྫས་བཤམས་མཛོད་ཁང་གིས«ཡོན་རྒྱལ་རབས་ཀྱི་ཞ་ལུ་དགོན་པའི་རྒྱ་བོད་སྒྱུ་རྩལ་འགྲེམས་སྟོན»ཞེས་པའི་འགྲེམས་སྟོན་སྤེལ་བ་དང་། ངེད་ཀྱིས་དེའི་ཁྲོད་ཀྱི་ཞ་ལུ་དགོན་པའི་ལོ་རྒྱུས་སྐོར་གྱི་སྡེ་ཚན་གྱི་ནང་དོན་འབྲི་བའི་འགན་ཁུར། ང་ཚོར་འབྲེལ་ཡོད་ཀྱི་ཞིབ་འཇུག་ལས་གཞིའི་རྨང་བརྟན་པོ་ཡོད་ལ། དཔྱད་གཞིའི་ཡིག་རིགས་ཀྱང་ཕུན་སུམ་ཚོགས་པ་ཡོད་མོད། ད་དུང་རྒྱུན་པར་རྒན་ཁྲིན་ལགས་ལ་དཀའ་གནད་མང་པོ་ཞིག་བཀའ་འདྲི་ཞུ་དགོས་ཀྱི་ཡོད། རྒན་ཁྲིན་ལགས་ནི་ཡོན་རྒྱལ་རབས་སྐབས་ཀྱི་ལོ་རྒྱུས་ཀྱི་ཤེས་བྱར་མངའ་བརྙེས་པ་ཞིག་ཡིན་ཞིང་། ཁོང་གིས་མཛད་པའི«ཡོན་རྒྱལ་རབས་ཀྱི་ཏི་ཤྲི་འགྲོ་མགོན་འཕགས་པའི་མཛད་རྣམ»དང་། ཁོང་གིས་འགན་འཁུར་དང་གཙོ་འགན་གཅིག་ལྕོགས་སུ་བཞེས་པའི«བོད་ཀྱི་ལོ་རྒྱུས་ཆེན་མོ»གཉིས་ནི་ཐེངས་འདིའི་འགྲེམས་སྟོན་ཁྲོད་དགོས་ངེས་ཀྱི་དཔྱད་གཞིའི་ཡིག་ཆ་གཙོ་གྲས་ཡིན་པས། ང་ཚོར་ཁོང་གི་རོགས་རམ་དང་གནད་འགག་གི་མཛུབ་སྟོན་དེ་ལས་ཀྱང་མཁོ་བ་རེད། སྐབས་འགར་དྲི་གཞིའི་ནང་དོན་ཅུང་མང་དྲགས་པས་རྒན་ལགས་ཀྱིས་ཁ་པར་སྟེང་ནས་ཕྱག་བྲིས་གནང་ན་སྐུ་ངལ་ཁག་པར་དོགས་ནས། ངག་ཐོག་ནས་གསུང་རོགས་ཞེས་ཞུས་ཀྱང་། ཁོང་གིས་སྔར་བཞིན་ཡི་གེའི་ལམ་ནས་ཕྱག་བྲིས་རིང་པོ་རིང་པོ་ཞིག་བསྐུར་ཡོང་གི་ཡོད། དོན་དེ་ལ་སོགས་པས་རྟག་པར་ང་ལ་བློ་བཟོད་ཤིན་ཏུ་མི་བདེ་བ་དང་བཅས་འཚེར་སྣང་སྐྱེ་རུ་བཅུག་མྱོང་།
       གཞན་ཡང་དེ་སྔོན་རྒན་ཁྲིན་ལགས་ཀྱིས་ལྟེ་གནས་རྟེན་རྫས་བཤམས་མཛོད་ཁང་གི«བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་སྐོར་གྱི་ཆེད་དོན་བཤམས་སྟོན»གྱི་རིགས་གཞུང་ཐད་ཀྱི་ཇུས་འདོན་པའི་འགན་བཞེས་ཏེ་ནུས་པ་གལ་ཆེན་བཏོན་མྱོང་། 2017ལོའི་ཟླ2པར་ཁོང་གིས་འགྲེམས་སྟོན་དེ་དང་འབྲེལ་ནས།  “ཆེད་ལས་མཁས་པས་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་སྐོར་གསེད་བཀྲོལ་གནང་བ”ཞེས་པའི་ཆེད་དོན་གྱི་འཆད་ཁྲིད་གནང་། ད་ལྟ་ངང་འཇམ་ཞི་དུལ་གྱི་སྐྱེས་མཆོག་འདི་ཉིད་ང་ཚོ་དང་གཏན་དུ་གྱེས་སོང་། འདི་ནི་ཀྲུང་གོའི་བོད་རིག་པའི་སྡེ་དང་ཐ་ན་རྒྱལ་སྤྱིའི་བོད་རིག་པའི་སྡེ་ལ་མཚོན་ནའང་གྱོང་གུན་ཆེན་པོ་ཞིག་རེད།
       རྒན་ཁྲིན་ལགས་ཀྱི་རིག་གཞུང་ཐད་ཀྱི་གྲུབ་འབྲས་ནི་རིག་གཞུང་ཞིབ་འཇུག་པ་ཚང་མས་མཁྱེན་གསལ་ལྟར་ཏེ། ཁོང་ལ་རིག་གཞུང་ཞིབ་འཇུག་སྐོར་གྱི་བརྩམས་ཆོས་དེབ་བཅུ་ལྷག་ཡོད་པར་མ་ཟད། འགྱུར་ཡིག་གི་དེབ་གྲངས་ཀྱང་མང་པོ་ཡོད། རིག་གཞུང་དཔྱད་རྩོམ་ནི་དེ་བས་མང་སྟེ། «ཀྲུང་གོའི་བོད་རིག་པ»དུས་དེབ་ཁོ་ནར་སྤེལ་བའི་དཔྱད་རྩོམ་ཡང30ལྷག་ཟིན་ཡོད། ཁོང་གིས་ནམ་རྒྱུན་བོད་ཡིག་ཡིག་སྒྱུར་གནང་བ་ནི་བོད་ཡིག་སློབ་སྦྱོང་བྱ་ཐབས་ཡག་པོ་ཞིག་ཏུ་ངོས་བཟུང་ཡོད་ལ། སྒོས་སུ་བོད་ཡིག་དཔེ་རྙིང་གི་ཡིག་སྒྱུར་དེ་གལ་ཆེན་དུ་འཛིན་བཞིན་ཡོད། རྒན་ཁྲིན་ལགས་ཏུན་ཧོང་ཡིག་རྙིང་ལ་མཁས་པ་དེ་ཀུན་གྱིས་མཁྱེན་མོད། ཁོང་ཉིད་དེ་ལས་ཀྱང་ཡོན་མིང་ཆིང་རྒྱལ་རབས་སྐབས་ཀྱི་བོད་ཡིག་བཀའ་ཤོག་དང་བཀའ་གཏན་གྱི་ཡིག་སྒྱུར་དང་། གསེད་བཀྲོལ། ཞིབ་འཇུག་བཅས་ཀྱི་ཐད་ལ་མཁས་ཤིང་བྱང་ཆ་ཆེས་ཆེར་ལྡན་པ་རེད། འདི་ནི་ཁོང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡིན་ལ། གཞན་གྱིས་བསྒྲུན་དུ་མེད་པའི་ཡོན་ཏན་ཡང་ཡིན། ཁོང་གིས་ཡོན་རྒྱལ་རབས་སྐབས་སུ་གོང་མའི་ཏི་ཤྲིས་ཞ་ལུའི་ཁྲི་དཔོན་རྣམས་ལ་བསྩལ་བའི་བཀའ་ཤོག་དང་། འབྲེལ་ཡོད་ཀྱི་བཀའ་གཏན་སོགས་ཡིག་སྒྱུར་དང་། གསེད་བཀྲོལ། ཞིབ་འཇུག་སོགས་ཀྱི་ཕྱག་ལས་ཀྱང་མང་པོ་མཛད་ཡོད།
2014ལོར་རྟོག་ཞིབ་གནང་སྐབས། མཚོ་བྱང་ཁུལ་མདོ་ལ་རྫོང་སྟོང་སོ་ཆུང་བར་བསྐྱོན་པའི་སྐུ་ཞབས་ཁྲིན་ཆིང་དབྱིན་ལགས་གྱི་འདྲ་པར།
       ལོ་འདི་འགའི་རིང་ངས་རང་གི་ལས་གཞི«ཆིང་རྒྱལ་རབས་སྲིད་གཞུང་དང་རྒྱལ་བ་པཎ་ཆེན་རྣམ་གཉིས། བོད་སོག་འགོ་པ་བཅས་ཀྱིས་ཆ་གན་ནོ་མོན་ཁང་ལ་གནང་བའི་བཀའ་གཏན་ལེགས་སྒྲིག་དང་ཡིག་སྒྱུར། ཞིབ་འཇུག»ཅེས་པའི་སྤྱི་ཚོགས་ཚན་རིག་མ་རྩའི་རྣམ་གྲངས་གཉེར་རིང་ཆ་གན་ནོ་མོན་ཁང་དང་འབྲེལ་ཡོད་བཀའ་ཤོག་དང་བཀའ་གཏན20ལྷག་ཡིག་སྒྱུར་དང་གསེད་བཀྲོལ་བྱེད་སྐབས། ཆིང་རྒྱལ་རབས་ཀྱི་ལོ་རྒྱུས་དང་བོད་སོག་དབར་གྱི་འབྲེལ་བའི་ལོ་རྒྱུས་སྐོར་ལ་རྒན་ཁྲིན་ལགས་ནས་རོགས་རམ་ཆེན་པོ་གནང་མྱོང་། བོད་སོག་དང་མན་ཇུའི་ལོ་རྒྱུས་མི་སྣ་དང་དོན་རྐྱེན། དེ་བཞིན་དཔོན་མིང་ས་མིང་སོགས་ཀྱི་དཀའ་གནད་ལ་འཕྲད་དུས་རྟག་པར་རྒན་ལགས་ལ་བཀའ་འདྲི་ཞུས་པ་དང་། རྒན་ལགས་ནས་ངའི་དོགས་གནད་གང་ཞུས་ཕལ་ཆེ་བ་ལེགས་པར་སེལ་ཅིང་། ཁོང་ལ་གསལ་ཆ་མེད་ཚེ་ཐད་ཀར་མི་ཤེས་ཞེས་བཤད་པ་ལས་ནམ་ཡང་མི་ཤེས་ཤེས་མདོག་མི་སྟོན་ལ། ཁོང་ལའང་གདེང་ཚོད་མེད་པའི་དོགས་གཞི་དེ་དག་སྤྱིར་བཏང་གཞན་སུ་ཞིག་ལ་དྲིས་ཀྱང་ལན་དོན་མཐུན་འདེབས་ཐུབ་མཁན་བྲལ། རྒན་ཁྲིན་ལགས་ཀྱིས་ཁོང་གི་ཉམས་མྱོང་དང་ལོ་རྒྱུས་ཀྱི་མཁྱེན་ཡོན་སོགས་ལ་བརྟེན་ནས་ང་ལ་དྲིས་ལན་ཡིད་ཚིམ་པ་ཞིག་བསྐྱོན་ཡོང་ཞིང་། ངའི་བཀའ་ཤོག་དང་བཀའ་གཏན་གསེད་བཀྲོལ་ཁྲོད་ཀྱི་དཀའ་གནད་མང་པོ་ཞིག་ཡང་དང་ཡང་དུ་བཀྲོལ་མྱོང་། ང་རང་བོད་ཡིག་ཆེད་ལས་འཛིན་གྲྭ་ནས་སྦྱངས་པ་ཐོན་པ་ཞིག་ཡིན་རུང་། བོད་ཡིག་བཀའ་གཏན་གྱི་ནང་དོན་འགྲེལ་སྐབས་རྒན་ལགས་ལ་བཀའ་འདྲི་ཞུ་དགོས་པའི་སྐབས་ཀྱང་ཡོད། དེ་ནི་རང་ཉིད་ཀྱི་བོད་ཡིག་ཆུ་ཚད་མ་འདངས་པའི་རྐྱེན་གྱིས་མ་ཡིན་པར། བཀའ་གཏན་གྱི་རྩོམ་གཤིས་ཐད་ལ་རྒྱུས་ཡོད་མེད་དང་བརྩོན་ཞིབ་བྱས་མིན་སོགས་ལ་རག་ལས་ཤིང་། དེའི་ཐད་དུས་ཡུན་རིང་པོར་སྦྱངས་ནས་བསགས་པའི་ཤེས་ཡོན་རྒྱ་ཆེན་པོ་ཞིག་ཀྱང་དགོས་པ་རེད། དེ་ནི་རྒན་ཁྲིན་ལགས་ཀྱིས་ཕྲན་གྱི«བོད་ཀྱི་ལོ་རྒྱུས་ཡིག་ཆ་དང་རིག་གནས་སྐོར་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས»ཞེས་པའི་དེབ་ཀྱི་གླེང་གཞི་རུ། “བཀའ་ཤོག་འདི་རིགས་གསར་འགྲེལ་དང་ཡིག་སྒྱུར་བྱེད་པའི་གོ་རིམ་ཁྲོད། ལོ་རྒྱུས་དང་ཆོས་ལུགས་ཀྱི་ཐ་སྙད་དང་མིང་བརྡ་ཁག་པོ་གང་མང་པོར་འཕྲད་སྲིད་པས་དངོས་གནས་ལས་ཚེགས་ཆེ་བའི་བྱ་བ་ཞིག་རེད། སྐབས་རེར་མིང་ཚིག་གཅིག་གི་དོན་རྟོགས་པར་ཡང་དང་བསྐྱར་དུ་བསམ་གཞིག་བཏང་སྟེ་གཟའ་འཁོར་གཅིག་གམ་ཡང་ན་ཟླ་བ་གཅིག་གི་དུས་ཡུན་སྤྱད་ཀྱང་ད་དུང་གཏན་ལ་འབེབས་དཀའ་ཞིང་། བཀའ་ཤོག་ཁྲོད་ཀྱི་འབྲེལ་ཡོད་མི་སྣ་དང་ལོ་རྒྱུས་དོན་རྐྱེན་སོགས་གོ་རིམ་མ་འཛོལ་བར་ངེས་རྒྱུ་དེ་ཡང་ལས་སླ་མོ་ཞིག་མིན”ཞེས་གསུངས་པ་ཇི་བཞིན་ནོ། །དེ་ནི་རྒན་ཁྲིན་ལགས་ཁོང་ཉིད་ཀྱི་མྱོང་ཚོར་དངོས་ཡིན་ཞིང་། རྒན་ལགས་གྱིས་དེ་ལྟར་རིག་གཞུང་ཞིབ་འཇུག་ཐད་ལོ་དང་ཟླ་བ་མཐུད་ནས་རྒྱུན་འཁྱོངས་ལྷོད་མེད་སྒོས་བརྩོན་པ་གནང་མཐར་རིག་གཞུང་ཞིབ་འཇུག་གི་གྲུབ་འབྲས་བླ་ན་མ་མཆིས་པ་བཞག་ཡོད། ང་རང་གི་ཞིབ་འཇུག་བྱ་བའི་ཁྲོད་དུ་དམ་པ་གང་གི་རིག་གཞུང་གི་མཛུབ་སྟོན་དང་། ཁོང་གི་ཡོན་ཏན་མི་ཉུང་བ་ཞིག་བསོད་ནམས་ཀྱི་བགོ་སྐལ་དུ་ཐོབ་པ་ནི་ངའི་མི་ཚེའི་གཟི་བརྗིད་དང་འབྱོར་པ་རིན་ཐང་བྲལ་བ་ཞིག་ཏུ་སེམས་ཡོད།
       རང་གི་མི་ཚེ་ཧྲིལ་པོ་བོད་རིག་པའི་བྱ་གཞག་ཐད་བསྟིམས་པའི་དམ་པ་འདི་ལ། “མཁས་བཙུན་བཟང་གསུམ་གྱི་མཛད་པས་ཕྱུག་པའི་སྐྱེས་བུ”ཞེས་བསྟོད་བསྔགས་ཅི་བས་ཞུ་འོས་ཤིང་། འདི་ནི་བོད་ཀྱི་སྲོལ་རྒྱུན་དུ་མཁས་པ་རྣམས་ལ་ཚད་མཐོན་པོའི་གདེང་འཇོག་དང་བསྔགས་བརྗོད་ཞུ་སྲོལ་ཞིག་ཀྱང་རེད། རྒན་ཁྲིན་ལགས་ནི་མཁས་པའི་གོ་འཕང་བརྙེས་ཀྱང་ཁེངས་སྐྱུང་ལྡན་པ་ཞིག་ཡིན་པས། གཞན་གྱིས་བཅར་འདྲི་ཞུ་དུས་ཁོང་གིས་གསུངས་དོན། “ལོ་རྒྱུས་ཡུན་རིང་ལྡན་པའི་བོད་ཀྱི་རིག་གནས་ཀྱི་ཞིབ་འཇུག་གི་ཁྱབ་ཁོངས་ཧ་ཅང་ཡངས་པས། ང་ལྟ་བུའི་མི་རིགས་གཞན་པའི་བོད་རིག་པའི་ཞིབ་འཇུག་པ་ཞིག་ལ་མཚོན་ན། ཐོག་མཐའ་བར་གསུམ་དུ་བོད་ཀྱི་རིག་གཞུང་ལ་སློབ་སྦྱོང་བྱེད་ཞོར་དང་དཔྱད་བསྡུར་བྱེད་ཞོར་གྱི་བརྒྱུད་རིམ་ཁྲོད་ན་གནས། ཡིག་ཆ་གསར་པ་རེ་རག་ན་རང་གིས་བསམ་གཞིག་བྱས་པ་བརྒྱུད་སྔོན་རབས་པ་རྣམས་ཀྱིས་མ་གླེངས་པའམ་དཔྱད་པ་གང་ལེགས་མ་བྱུང་བའི་ལྟ་བ་གསར་པ་ཁ་ཤས་ཀྱང་འཐོན་སྲིད་མོད། རང་ཉིད་ཀྱི་ལྟ་བ་དང་བསྡོམས་ཚིག་ཡང་དག་ཡིན་མིན་དང་མཐའ་འཁྱོལ་མིན་ཐད། ད་དུང་ཐོག་མཐའ་བར་གསུམ་དུ་ཁེངས་སྐྱུང་དང་གཟབ་ནན་གྱི་རྣམ་འགྱུར་ཞིག་འཛིན་དགོས་སྙམ།” འདི་ནི་ཞིབ་འཇུག་པ་ཞིག་གི་ལྷད་མེད་ཀྱི་རང་གཤིས་ཡིན་ལ། རྒན་ཁྲིན་ལགས་ཀྱི་རིག་གཞུང་ཞིབ་འཇུག་ཐད་ཀྱི་རྣམ་འགྱུར་དང་བསམ་བློའི་གོ་འཕང་ཚད་ངེས་ཅན་ཞིག་ཏུ་སོན་ཡོད་པའང་མཚོན། དེ་ནི་ས་སྐྱ་ལེགས་བཤད་ལས། “བླུན་པོའི་ཡོན་ཏན་ཁར་འབྱིན་ཏེ། །མཁས་པའི་ཡོན་ཏན་ཁོང་དུ་སྦེད། །སོག་མ་ཆུ་ཡི་སྟེང་དུ་འཕྱོ། །ནོར་བུ་སྟེང་དུ་བཞག་ཀྱང་འབྱིང་། །ཞེས་གསུངས་པ་ལྟར་རོ། །ཁོང་གི་ཁེངས་སྐྱུང་གི་མི་གཤིས་དང་། བླ་མེད་ཀྱི་ཀུན་སྤྱོད། ཁེ་གྲགས་ལ་མི་དམིགས་པའི་མཛད་པ་ནི་རིག་གཞུང་ཞིབ་འཇུག་པ་རྣམས་ཀྱི་མིག་དཔེར་གྱུར་ཡོད་དོ། །
       གོང་དུ་ཞུས་པ་ནི་རང་ཉིད་ཀྱིས་དུས་ཡུན་རིང་པོར་རྒན་ཁྲིན་ལགས་ཀྱི་སློབ་སྟོན་འོག་རིག་གཞུང་ཞིབ་འཇུག་བྱས་པའི་གོ་རིམ་ཁྲོད་ཀྱི་ཕྱིར་དྲན་དང་མྱོང་ཚོར་ཙམ་ལགས་ཤིང་། ད་ལྟ་ངང་འཇམ་ཞི་དུལ་གྱི་སྐྱེས་མཆོག་འདི་ཉིད་ང་ཚོ་དང་གཏན་དུ་གྱེས་སོང་། ཁོང་གི་སྐུ་ཚེ་ཧྲིལ་པོ་བོད་རིག་པའི་བྱ་གཞག་ཐད་ཕུལ་ཡོད་པས། ང་ཚོ་རྗེས་རབས་པ་རྣམས་ཀྱིས་ཁོང་གི་གསུང་རྩོམ་ཀློག་པ་དང་། ཁོང་གི་སྐུ་ཡོན་མཐོང་བའི་ཐོག་ནས་ཁོང་གི་ཐུགས་སྟོབས་ལ་བསྔགས་བརྗོད་བྱེད་འོས། དམ་པ་གང་གིས་རིག་གཞུང་ཉམས་ཞིབ་ཐད་གཟབ་ནན་གྱིས་འཇུག་པའི་ཕྱག་ལས་གནང་སྟངས་དང་། བླ་ན་མེད་པའི་སྤྱོད་བཟང་། ཁྱད་དུ་འཕགས་པའི་མཛད་རྗེས་བཅས་མི་རབས་ནས་མི་རབས་སུ་མི་ཉམས་པར་གྱུར་ཅིག།

ཡིག་སྒྱུར་བ། ཀླུ་མོ་མཚོ།
འབྲེལ་ཡོད་འོས་སྦྱོར།