“མཚོ་སྔོན་གྱི་མི་བཟང”ཚེ་རིང་འབུམ་གྱི་གནས་ཚུལ།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2026-02-13
ཀློག་གྲངས།:
ཚིག་སྲུང་བཞིན་མི་ལོ་བཅུ་གསུམ་འབད། “ཟམ”བསྐྲུན་ནས་དམངས་སེམས་ཡོངས་སུ་སྦྲེལ།
—ལས་བརྩོན་སྐྱེས་འབུལ་གྱི“མཚོ་སྔོན་གྱི་མི་བཟང”མཚོ་སྔོན་ཞིང་ཆེན་གྲངས་ཉུང་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་ཀྱི་ཀྲུའུ་རེན་ཚེ་རིང་འབུམ་གྱི་གནས་ཚུལ་བཀོད་པ།
མཚོ་སྔོན་ཞིང་ཆེན་གྲངས་ཉུང་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་ཀྱི་ཀྲུའུ་རེན་ཚེ་རིང་འབུམ་གྱི་གཞུང་ལས་ཁང་དུ། ཆེས་མང་བ་ནི་དཔེ་དེབ་ཡིན་ལ། དེ་ཚོ་རིགས་བཀར་ནས་གྲལ་དག་པར་བསྒྲིགས་འདུག དགུན་གཞུང་གི་ཉི་འོད་ཀྱིས་སྒེའུ་ཁུང་བརྟོལ་ཏེ་ལྗིད་ཏིག་ཏིག་གི་པོད་གསུམ་བདག་ཉིད་ཅན་གྱི«དེང་རབས་རྒྱ་ཡིག་ཚིག་མཛོད»རྒྱ་བོད་སྐད་གཉིས་ཤན་སྦྱར(གཤམ་དུ་བསྡུས་མིང«ཚིག་མཛོད»ཅེས་བཀོད་ཡོད)གྱི་སྟེང་དུ་འཕྲོས་འདུག
1978ལོར་སྐྱེས་པའི་ཚེ་རིང་འབུམ་ནི་མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་ནས་སློབ་མཐར་ཕྱིན། སློབ་ཆེན་འགྲིམས་པའི་སྐབས་སུ། ཁོས་རྒྱུན་པར་ཡིག་སྒྱུར་གྱི་ཞོར་ལས་སྣ་ཚོགས་མང་དུ་ལས་མྱོང་ལ། སྔར་ལས་མང་བའི་བོད་རིགས་སྤུན་ཟླའི་ཚོགས་ཀྱིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་བྱེད་པའི་དཔུང་རོགས་བྱེད་འདུན་དེ་ནམ་ཡང་སེམས་སུ་འཆང་ཞིང་། བོད་ཀྱི་རིག་གནས་ལ་རྒྱུས་ལོན་བྱེད་འདོད་པའི་མི་རྣམས་ལའང་རང་གི་ནུས་པ་རེ་འདོན་པའི་རེ་སྙེག་རུམ་ཡོད་དེ། དེས་ཀྱང་ཁོ་རང་ཕྱིས་སུ«ཚིག་མཛོད»ལོ་ཙཱའི་ཁྲོད་དུ་ཞུགས་པར་རྨང་གཞི་བཏིངས།

ཚེ་རིང་འབུམ་གྱིས་ནན་ཏན་གྱིས་ཞུ་དག་བྱེད་བཞིན་པ།
2013ལོའི་ལོ་སར་གྱི་རྗེས་སུ། «ཚིག་མཛོད»ལོ་ཙཱ་བྱེད་པའི་བཟོ་འགོད་ཆེན་པོ་འདི་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་དུ་སྒོ་འཕར་ཕྱེ་ཞིང་། ཅང་མ་འགོར་བར། བོད་རིག་པའི་མཁས་དབང་གྲགས་ཅན་དང་ལོ་ཙཱ་པ་ཆེན་མོ་དགེ་རྒན་སངས་རྒྱས་ལགས་ཀྱིས་སྣེ་ཁྲིད་ཅིང་། རྒྱ་བོད་ལོ་ཙཱའི་ཆེད་མཁས་པ15ཡིས་གྲུབ་པའི་ལས་གཞིའི་དཔུང་སྡེ་བཙུགས། “ཚང་མས«ཚིག་མཛོད»ཀྱི་པར་གཞི7པ་མ་དཔེར་བྱས་ནས། དེང་རབས་རྒྱ་ཡིག་གི་རང་བཞིན་ཆ་ཚང་བར་མཚོན་ཞིང་། རྒྱ་བོད་སྐད་གཉིས་ཀྱི་མཉམ་འདྲེས་ཟབ་མོ་མངོན་དུ་འགྱུར་བའི་ལག་ཆའི་དཔེ་དེབ་ཅིག་གྲུབ་པར་བྱེད་པ་དང་། སྐད་ཡིག་གཉིས་ཀྱི་བར་དུ་ཕན་ཚུན་གཅིག་ཏུ་སྦྲེལ་བའི་ལམ་ཁ་ཞིག་བཏོད་པའི་ལས་འགན་ཅི་ཙམ་ལྕི་བ་གསལ་བོར་རྟོགས་ཡོད།”ཚེ་རིང་འབུམ་གྱིས་ཕྱིར་དྲན་བྱེད་ཞོར། དཔུང་སྡེའི་ཁོངས་མི་ཚང་མས་ཚམ་ཚོམ་ཅི་ཡང་མེད་པར་རང་རང་གི་ཅ་ལག་སྡུད་གསོག་བརྒྱབ་སྟེ། ཚིག་གི་རྒྱ་མཚོ་ཆེན་པོ་འདིའི་ཀློང་དུ་ལུས་སེམས་བསྟིམས་པ་རེད་ཟེར།ཚིག་མཛོད་བསྒྲིགས་པ་ནི་གངས་ཀྱི་རི་ལ་འཛེགས་པ་དང་འདྲ་སྟེ། གོམ་པ་རེ་རེ་སྤོ་བར་འཁྱགས་དར་གསིལ་ནས་སྐས་ཐེམ་བསྐྲུན་དགོས། དཔུང་སྡེས་གཟབ་ནན་གྱི་ལོ་ཙཱའི་རྩ་དོན་དང་། ལག་བསྟར་ཞིབ་སྲོལ། ཞིབ་བཤེར་གཏན་འབེབས་ཀྱི་སྒྲིག་སྲོལ། གོ་རིམ་དམ་པོ་བཅས་གཏན་འཁེལ་བྱས་ཤིང་། མི་རེ་རེས་ཐོག་མའི་ཞུ་དག་དང་། ཕན་ཚུན་བསྣོལ་ནས་དག་བཅོས། གཅིག་བསྡུས་མཉམ་རུབ་ཀྱིས་འགྱུར་ཞུས་གཏོང་བ། བསྐྱར་ཞིབ་དག་བཅོས་བྱེད་པ། སྤྱི་ཡོངས་ནས་མཐའ་ཞུས་གཏོང་བ་བཅས་ཀྱི་གོ་རིམ་ལྟར་བསྒྲུབས་ནས། འགྱུར་ཡིག་གི་ནང་དོན་གཅིག་གྱུར་དང་ཚད་ལྡན་ཡོང་བར་ཁག་ཐེག་བྱས།
ཚེ་རིང་འབུམ་གྱིས་ལག་ཏུ་ཡོང་ཚོད་ཀྱིས་མ་ཟིན་བསྡམས་ཐོ་ཞིག་བླངས་པ་ན། དེ་དུས་ཀྱི་དཀའ་ཚེགས་ཆེ་བའི་དུས་ཚོད་དག་ཅིག་ཅར་མཐོང་ལམ་དུ་ཤར་ཅིང་། ཤོག་ལྷེ་གཅིག་གི་སྟེང་དུའང་སྨྱུག་ཁ་དམར་པོས་རྟགས་བརྒྱབ་ཡོད་པའི་རྗེས་ཤུལ་མང་པོ་མཐོང་ལ། འགྱུར་ཡིག་གི་སྟེང་དུ་ཡང་དང་བསྐྱར་དུ་བསུབ་སྣོན་དང་ཟུར་མཆན་བཀོད་པའི་རྗེས་ཤུལ་གྱིས་གང་ནས་ཡོད་པ་ནི། ཁུ་སིམ་གྱི་གཡུལ་འཐབ་རེ་རེ་བརྒྱུད་པ་དང་ཡང་ཤིན་ཏུ་འདྲ།
“ལས་དོན་འདི་ཉིད་འགྲན་སློང་ཆེན་པོ་གསུམ་དང་འཕྲད་ཡོད་དེ། གཅིག་ནི་ཆེད་ལས་བརྡ་ཆད་ཀྱི་ལོ་ཙཱ་རེད། ནང་སྒོས་སུ་སྐྱེ་དངོས་དང་ཚན་རྩལ་སོགས་ཁྱབ་ཁོངས་ཀྱི་ཆེད་ལས་མིང་བརྡ་རེད། གཉིས་ནི་རིག་གནས་བརྡ་དོན་ཅན་གྱི་མིང་བརྡ་རེད། དཔེར་ན། དཔེ་ཆོས་དང་གསུང་རབ། གཏམ་དཔེ་སོགས་ལྟ་བུ། གསུམ་ནི་གནའ་ཡིག་དང་ཡིག་ཚང་དཔེ་མིང་སོགས་དམིགས་བསལ་ཅན་གྱི་ནང་དོན་རྣམས་རེད། ང་ཚོས‘ཆེད་མཁས་པས་བརྟག་བཅོས’བྱེད་པའི་ཐབས་ལ་བརྟེན་ནས་དཀའ་ངལ་ཁྱད་གསོད་བྱས་ཤིང་། དེང་རབས་རྒྱ་ཡིག་གི་རྩ་བའི་སྒྲིག་གཞི་དང་རྒྱུན་གོམས་རྗོད་སྟངས་མ་བོར་བ་ཡོང་ཅི་ཐུབ་བྱས་ཏེ། སློབ་སྦྱོང་དང་བེད་སྤྱོད་མཁན་རྣམས་ལ་སྐད་ཡིག་གི་མ་དཔེ་གསར་པ་གསར་རྐྱང་ཞིག་མཁོ་སྤྲོད་བྱེད་པར་འབད་པ་ཡིན།” ཚེ་རིང་འབུམ་གྱིས་དེ་ལྟར་བཤད།
“དཔེར་ན། ‘胸有成竹’ལྟ་བུའི་རིག་གནས་ཀྱི་བརྡ་དོན་མཚོན་པའི་མིང་བརྡ་འདི་ལོ་ཙཱ་བྱེད་པར་ཤིན་ཏུ་དཀའ་ངལ་ཆེ། ལན་རེར་ཟླ་ངོ་ཁ་ཤས་ལའང་ལུས་འགྲོ”ཞེས་ཁོས་སྐད་དམའ་མོས་བཤད། ཁ་ཅིག་གིས“གདེང་ཚོད་ཡོད་པ”ཞེས་བསྒྱུར་ན་མི་ཆོག་གམ་ཟེར། འོན་ཀྱང་ཚང་མས་སྔར་བཞིན་ཁོག་ན་སྨྱུག་མའི་རི་མོ་བཀྲ་ཞེས་པའི་མ་ཡིག་གི་རོ་ཉམས་ཇི་མ་ཇི་བཞིན་དུ་བོད་སྐད་ཀྱི་ཞིང་སའི་ནང་དུ་འདྲེན་པ་རྒྱུན་འཁྱོངས་བྱས།
མ་ཟིན་ལ་སྐད་སྒྲ་མེད་ཀྱང་། གྲངས་མེད་པའི“གྲོས་བསྡུར”ཆུང་ངུ་རེ་རེ་ཇི་བཞིན་ཐོ་རུ་བཀོད་ཡོད། ཚེ་རིང་འབུམ་གྱིས་བཤད་ན། ཁོའི་བག་ཆགས་ལ་འདི་ལྟ་བུའི་གནས་ཚུལ་ནི་བགྲང་གིས་མི་ལངས་ཏེ། ཆེད་སྤྱོད་མིང་བརྡ་དང་། ཚན་རྩལ་བརྡ་ཆད། དཔེ་ཆོས་གསུང་རབ་སོགས། རང་གིས་ཚོད་མི་ཐེག་པའི་མིང་བརྡ་ཡོད་ཚད་ཚོགས་ཐོག་ཏུ་ཁྱེར་ཡོང་ནས་ཡང་དང་བསྐྱར་དུ་བརྡར་གཅོད་དང་ཞུན་བརྡར་བྱས་པ་ཡིན་ཟེར།
2023ལོའི་དཔྱིད་ཀར། དགེ་རྒན་ཆེན་མོ་སངས་རྒྱས་ལགས་སྐུ་གཤེགས་པས། ཚེ་རིང་འབུམ་གྱིས་དཔུང་སྡེའི་འགན་འཁྲི་ལྕི་མོ་ཁུར་དུ་བླངས། ལོ་དེ་གཉིས་ཀྱི་རིང་ལ། ཆབ་སྲིད་དང་། ཚན་རྩལ། གནའ་ཡིག མིང་རྐྱང་། ཚིག་ཕྲད་སོགས“ཆེས་དམུར་དཀའ་བའི་རུས་པ”འདི་དག་ཡང་ཡང་དཔྱད་གླེང་བྱེད་དགོས་བྱུང་བས། གཅིག་བསྡུས་གཞུང་ལས་ཁང་གི་གློག་སྒྲོན་ནི་རྒྱུན་པར་ནམ་སྨད་བར་དུ་གཟིམས་མ་མྱོང་ལ། ལན་རེར་མིང་བརྡ་གཅིག་གི་སྒྱུར་ཚུལ་ཐད་ཀྱི་རྩོད་གླེང་དེ་གཞུང་ལས་ཁང་ནས་ཟ་ཁང་གི་བར་དུ་མཚམས་འཇོག་མི་ཐུབ་དུས་ཀྱང་ཡོད།
དཀའ་གནད་འགག་སྒྲོལ་གྱི་དུས་ཚོད་དེ་གའི་རིང་ལ། ཆ་སྙོམས་ཀྱི་ལོ་ན60ཡིན་པའི་དཔུང་སྡེ་འདིས་མཚན་བསྐྱལ་ནས་ཉིན་ལ་ཐུག་པར་བྱས་ཤིང་། དུས་ཚོད་དང་སྲོག་བསྡོས་རྒྱུག་འགྲན་བྱས་ཏེ་ཡོང་། དེ་དུས་ཚེ་རིང་འབུམ་གྱི་མིག་གཡོན་པར་ན་ཚ་བྱུང་བས། མིག་ཁེབས་ཀྱིས་གཡོགས་ཏེ་ལོ་ཕྱེད་ལྷག་ལ“དམག་དཔོན་མིག་གཅིག་མ”བྱས་ཏེ་ཡོང་ཞིང་། སྨན་བཅོས་བྱེད་ཞོར་དང་ལས་ཀ་ལས་ཞོར་བྱས་པ་དང་། མི་སྒེར་གྱི་ན་ཚ་དང་ཁྱིམ་ཚང་གི་འཁྲེང་སེམས། ཚེ་སྲོག་གི་འགན་འཁྲི་ལྕི་མོ་འདི་དག་ཚང་མ་རྔམ་མཐུག་པོར་བརྩེགས་པའི་མ་ཟིན་གྱི་འོག་ཏུ་མནན།
“ལོ་ངོ་བཅུ་ཕྲག་རིང་ལ། ངས་རང་གི་ལོ་ན་རྒན་པའི་མ་རྒན་ལའང་བདག་སྐྱོང་ཐུབ་ཀྱིན་མེད་ལ། བྱིས་པའང་ཆུང་མ་གཅིག་པུས་བདག་སྐྱོང་བྱེད་ཀྱིན་ཡོད། ཆེས་དཀའ་ངལ་ཆེ་བའི་དུས་སྐབས་ནི«ཚིག་མཛོད»མཇུག་གྲུབ་ལ་ཉེ་དུས་རེད། དེ་དུས་མིག་ནད་ཇེ་སྡུག་ཏུ་སོང་ནས་ལས་ཀ་ལས་ཐབས་མེད་པར་གྱུར། ཆུང་མས་འགྲོ་རོགས་བྱས་ཏེ་ངེད་གཉིས་པེ་ཅིན་ལ་སྨན་བཅོས་བྱེད་དུ་སོང་བས། ལོ་ན་ཆུང་བའི་བྱིས་པའང་མཐོ་འབྲིང་འགྲིམ་གྱིན་པའི་ཚ་མོར་མི་བཅོལ་ཐུ་མེད་བྱུང་། ……ལས་ཀ་མཚམས་འཇོག་དགོས་བྱུང་བའི་ཁར། ཁྱིམ་མི་ཡང་སྡུག་ལ་གཏད་པས། ངའི་སེམས་ནས་ཤིན་ཏུ་བཟོད་ཐབས་བྲལ།”ཚེ་རིང་འབུམ་གྱི་མིག་མཐའ་དམར་པོར་འགྱུར་བཞིན«ཚིག་མཛོད»ལ་བལྟས། སྨྲ་བ་མེད་པར་ཅུང་ཟད་བསྡད་རྗེས་མུ་མཐུད་དུ་བཤད་རྒྱུར། “དོན་དག་མང་པོ་ཞིག་ནི་ཅིས་ཀྱང་མི་ཞིག་གིས་བསྒྲུབ་དགོས་ཤིང་དེ་ལ་བློས་ཀྱང་གཏོང་དགོས་པ་རེད། ད་ལྟ«ཚིག་མཛོད»འགྲེམ་སྤེལ་བྱུང་བས། སྔོན་བྱས་ཐམས་ཅད་ལ་དོན་སྙིང་སྨིན་འདུག་བསམས།”
འགའ་རེས་ལོ་ཙཱའི་མཉེན་ཆས་སྔར་ནས་ཁྱབ་བརྡལ་དུ་སོང་ཡོད་པས། ད་དུང་ཐབས་ཤེས་རྙིང་པ་དེ་སྤྱོད་དགོས་དོན་ཅི་ཡོད་ཟེར་མཁན་ཡང་འདུག
“དགོས་མཁོ་ཡོད་པའི་རྐྱེན་གྱིས་རེད།” ཚེ་རིང་འབུམ་གྱིས་དེ་ལྟར་བཤད་ཅིང་། “འདི་ནི་བོད་འབྲེལ་ས་ཁུལ་གྱི་མང་ཚོགས་ཀྱིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་འདུན་གྱི་སེམས་འདུན་དང་འབྲེལ་ཡོད་ལ། མི་རིགས་སོ་སོ་འགྲོ་འོང་བརྗེ་རེས་མཉམ་འདྲེས་ལ་སྐུལ་སྤེལ་བྱེད་པའི་ཡུན་རིང་གི་བསམ་གཞིག་ཀྱང་རེད། ཚིག་མཛོད་འདི་ནི་སྤྱིར་བཏང་གི་ཉེར་སྤྱོད་དཔེ་དེབ་ཙམ་ཞིག་མ་ཡིན་པར། འདི་ནི་རྨང་རྡོ་ལྟ་བུ་རེད། མི་རིགས་གཉིས་ཀྱིས་ཕན་ཚུན་གྱི་སེམས་སྒྲར་ཉན་བྱེད་ཀྱི་རྣ་བ་རེད”ཟེར།
2025ལོའི་ཟླ7པར། «ཚིག་མཛོད»དངོས་སུ་པར་སྐྲུན་བྱས་པས། རྒྱ་བོད་སྐད་གཉིས་ཀྱི་ཚིག་མཛོད་ཁྱབ་ཁོངས་སུ་དུས་ཡུན་རིང་མོར་དབང་གྲགས་ལྡན་ལ་མ་ལག་ཚང་ཞིང་ཤན་སྦྱར་གྱི་རྣམ་པ་ཅན་གྱི་ཉེར་སྤྱོད་དཔེ་དེབ་མེད་པའི་སྟོང་ཆ་དེ་བསྐངས་པ་རེད། ཡིག་འབྲུ་ཁྲི་ཚོ་ཆིག་སྟོང་ལྷག་ཅན་གྱི“ཞིང་ས”རུ། རྒྱ་ཡིག་ཁྲི་ཚོ་བདུན་གྱི“ས་བོན”བཏབ་ནས། བོད་ཡིག་གི“མྱུ་གུ”རྐང་ཁྲི་ཚོ་ཉི་ཤུ་ལྷག་འབུས་ཐུབ་པ་བྱུང་བས། མི་རིགས་སོ་སོ་ཕུགས་བསམ་དང་། དད་འདུན། བརྩེ་དུང་། རིག་གནས་བཅས་ཀྱི་སྟེང་མཐུན་སྒྲིལ་གཅིག་གྱུར་ཡོང་བར་སྐུལ་འདེད་གཏོང་བའི“སེམས་ཀྱི་སྦྲེལ་ཟམ”འདི་ངང་གིས་གྲུབ་པ་རེད།
ཉིན་དེར། ཚེ་རིང་འབུམ་གྱི་མིག་ལས་མཆི་མ་ལྷུང་སོང་། རྒྱུ་མཚན་ནི་འདི་ནི་ཁོ་དང་ཁོའི་དཔུང་སྡེ་ཡིས་མི་ལོ13རིང་གི་ཉིན་མཚན4500ལྷག་ལ་བརྟན་སྲུང་བྱས་ཤིང་། ཆུང་བ་ཁྱིམ་གྱི་བདེ་སྡུག་རིང་དུ་དོར་ནས་སྤྱི་ཡོངས་བསམས་པ་དང་། ཉིན་མཚན་དབྱེར་མེད་དུ་སྲོག་བསྡོས་བྱས་ཏེ་གྲུབ་པ་ཡིན་པས་རེད། ཉིན་མོ་དེར། ཚེ་རིང་འབུམ་གྱི་གདོང་ལ་དགའ་བའི་འཛུམ་དཀར་གྲོལ་སོང་། རྒྱུ་མཚན་ནི་ཁོས«ཚིག་མཛོད»འདི་ནི་ཉེར་སྤྱོད་དཔེ་དེབ་ཙམ་ཞིག་མ་ཡིན་པར། མི་རིགས་སོ་སོའི་རིག་གནས་གཅིག་ཏུ་སྦྲེལ་བའི་བསམ་པའི་གསེར་ཟམ་ཞིག་ཡིན་པ་གསལ་བོར་རྟོགས་པས། ཁོ་ལ་སྤྲོ་དགའ་དང་བློ་སྤོབས་སྐྱེས་པས་རེད།
རྒྱ་བོད་སྐད་གཉིས་ཀྱི་ཚིག་མཛོད་ལས་གཞན། ཚེ་རིང་འབུམ་གྱིས་མི་རིགས་སྐད་ཡིག་ཁྱབ་ཁོངས་ཀྱི་ཕྱོགས་མང་པོའི་ཐད་དུ་ལག་རྗེས་བཞག་ཡོད་དེ། ཁོས་སྣེ་ཁྲིད་ནས་ཐ་སྙད་ཁྲི1ལྷག་ཡོད་པའི«བོད་སྐད་བརྡ་ཆད་གསར་པའི་བཀས་བཅད»སྤྱི་བསྒྲགས་ཐེངས80ལྷག་ཞིབ་བཤེར་གཏན་འབེབས་བྱས་ཤིང་། གྲངས་ཉུང་མི་རིགས་སྐད་ཡིག་ལོ་ཙཱའི་སྐོར་གྱི་མི་ཐེངས700ཡི་ལས་ཐོབ་དཔྱད་ཞིབ་རྩ་འཛུགས་བྱས་པ་དང་། «ང་དང་མཉམ་དུ་སྤྱི་སྐད་སློབ»ཅེས་པའི་ལེ་ཚན་ལེའུ300ཅན་འཆར་འགོད་དང་སྒྲིག་བཟོ་བྱས་པར་མ་ཟད། “བོད་ཡིག་རིག་ནུས་ལོ་ཙཱའི་འདེགས་སྐྱོར་མ་ལག”མཐུན་སྦྱོར་ནང་འདྲེན་བྱས་ཏེ། ཁེ་ལས་དང་མི་སྒེར་བཟོ་ཚོང་ལས་གཉེར་མཁན་སོགས་རིགས་སོ་སོའི་མང་ཚོགས་ལ་སྐད་ཡིག་ཞབས་ཞུ་མཁོ་འདོན་བྱས་ལ། རྒྱ་བོད་སྐད་གཉིས་ཀྱི་འཇོན་མིའི་དཔུང་སྡེ་འཛུགས་སྐྲུན་ཐད་སྐུལ་འདེད་བཏང་ནས། མི་རིགས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འཇོན་མིའི་འདེགས་སྐྱོར་འདོན་སྤྲོད་བྱས་ཡོད།
དེ་མིན། ཚེ་རིང་འབུམ་གྱིས་བརྡ་ཆད་གསར་པའི་ལོ་ཙཱའི་ཞིབ་བཤེར་གཏན་འབེབས་རྩ་འཛུགས་བྱས་པ་དེས། བོད་སྐད་གསར་འགྱུར་ལས་དོན་མཁན་རྣམས་ཀྱི་དཀའ་གནད་མང་པོ་ཐག་བཅད་ཡོད། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་མཚོ་མོ་སྐྱིད་ཀྱིས་བཤད་ན། སྔོན་ཆད་སྲིད་དོན་སྐོར་གྱི་མིང་བརྡ་དང་ཆེད་ལས་མིང་བརྡ་མང་པོ་ཞིག་གི་བོད་སྐད་ཀྱི་སྒྱུར་ཐབས་གཅིག་གྱུར་མིན་ཡང་། ད་ལྟ་ཚིག་མཛོད་འདི་ཡོད་པ་ནས་མིང་བརྡ་རེ་རེར་ཚད་ལྡན་གྱི་སྒྱུར་ཐབས་ཡོད་པར་གྱུར་ལ། དུས་ཚོད་མང་པོ་གྲོན་ཆུང་བྱེད་ཐུབ་ཅིང་གསར་འགྱུར་གྱི་ཡང་དག་རང་བཞིན་ལའང་ཁག་ཐེག་བྱེད་ཐུབ་ཟེར།
ལས་ཀ་འདི་དག་ནི་བལྟས་ཚོད་ཀྱིས་ཕལ་བ་ཞིག་ཏུ་མཐོང་ཡང་། མི་རིགས་ཀྱི་རིག་གནས་བརྗེ་རེས་ལ་སྐུལ་འདེད་དང་། རྒྱལ་ཁབ་ཀྱི་རིག་གནས་བདག་དབང་སྲུང་སྐྱོང་བྱེད་པའི་ཐད་དོན་སྙིང་ཟབ་མོ་ལྡན། ཚེ་རིང་འབུམ་གྱིས་ཆེད་ལས་ཀྱི་བྱང་ཚད་མཐོན་པོ་དང་། རྒྱལ་ཁབ་དང་མི་རིགས་ལ་བཅངས་པའི་བརྩེ་ཞེན་དང་མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་དྲག་པོར་བརྟེན་ནས། བརྟན་སྲུང་དང་གསོལ་འབུལ་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བཟོ་བའི་ལེའུ་གསོན་ཉམས་ལྡན་པ་ཞིག་རྩོམ་བཞིན་ཡོད། །
འབྲེལ་ཡོད་འོས་སྦྱོར།
