logo

བོད་ཀྱི་བུད་མེད་བྱིས་སྒྲུང་རྩོམ་པ་པོ་དང་རྒྱལ་ཁབ་རིམ་པ་དང་པོའི་རྩོམ་པ་པོ་ཡེ་ཤེས་སྒྲོལ་མའི་གནས་ཚུལ།

རྩོམ་པ་པོ།:གཅོད་པ་སྐྱབས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-09-17 ཀློག་གྲངས།:
     འདི་ནའང་། གངས་ལྗོངས་ནས་སྐྱེས་ཤིང་། ནང་ལོགས་ནས་ནར་སོན་ཏེ། ལྗིད་ཏིག་ཏིག་གི་བསམ་བློའི་འབྲས་བུ་འཛམ་གླིང་ལ་གཏོར་བའི་བོད་ཀྱི་རྩོམ་པ་པོ་ཞིག་གི་མི་ཚེ་ཧྲིལ་བོའི་བརྒྱུད་རིམ་ཡོད།
     ག་ལ་པིངྐའི་ལྡེམ་མྱུར་གཤོག་རྩལ་དེ།། མ་སྦྱངས་སྒོ་ངའི་སྦུབས་ནས་རྩལ་དུ་རྫོགས།།
     བོད་ཀྱི་ལོ་རྒྱུས་སུ་རང་ག་བའི་བུད་མེད་དང་ལྷག་པར་དུ་འབྱོར་འཁོས་ཞན་པའི་བུད་མེད་རྣམས་ལ་ཆབ་སྲིད་ཀྱི་གོ་གནས་མེད་པར་མ་ཟད། དཔལ་འབྱོར་གྱི་གོ་གནས་ཀྱང་མེད་ལ། ཁོ་མོ་ཚོས་མི་ཚེ་ཧྲིལ་བོར་ཆོས་ལ་དད་པ་དང་ཁྱིམ་ལས་ཙག་ཙིག་གཉེར་ནས་དུས་འདའ་བར་བྱས། བོད་ཞི་བས་བཅིངས་འགྲོལ་ཐོབ་རྗེས། ཏང་དང་སྲིད་གཞུང་གི་ཡང་དག་པའི་སྲིད་ཇུས་བཟང་བོའི་ཟེར་བརྒྱ་དེ་ཉིན་སྲིབ་མེད་པར་འཕྲོས་པས་བོད་རིགས་བུད་མེད་རྣམས་ལ་ཡང་ལུས་སེམས་བཅིངས་འགྲོལ་ཐོབ་སྟེ་སེམས་ཀྱི་རྨི་ལམ་མངོན་དུ་གྱུར་པའི་དུས་ལ་བསླེབས་པ་དང་། རྒྱལ་ཁབ་ཀྱིས་ཀྱང་སྲིད་ཇུས་བཟང་བོ་རབས་དང་རིམ་པ་ལག་ཏུ་བསྟར་ཏེ་བོད་རིགས་བུད་མེད་ཀྱི་སློབ་གསོའི་གནད་དོན་ལ་གདེང་འཇོག་ཚད་མཐོ་གནང་སྟེ། སློབ་གྲྭ་སྣ་ཚོགས་བཙུགས་པ་དང་རྣམ་པ་སྣ་ཚོགས་ཀྱི་ཡིག་རྨོངས་སེལ་བའི་བྱེད་སྒོ་སྤེལ་བ་ལ་བརྟེན་ནས། གཤིས་རྒྱུད་དུལ་ཞིང་ལས་ལ་བརྩོན་པའི་བོད་རིགས་བུད་མེད་རྣམས་ཀྱིས་ཀྱང་རང་འཇོན་སྒོས་རིག་གནས་སློབ་གསོ་དང་ལག་རྩལ་སློབ་གསོ་སོགས་ལ་སློབ་སྦྱོང་བྱས་པར་བརྒྱུད། རིག་གནས་དང་བྱང་ཚད་སོགས་ཕྱོགས་གང་ཅིའི་ཐད་ནས་སྔོན་ལས་ལྡབ་འགྱུར་གྱིས་འཕེལ་རྒྱས་བྱུང་། ལྷག་པར་དུ་བཅོས་བསྒྱུར་སྒོ་འབྱེད་ཀྱི་དཔྱིད་རླུང་འཇམ་པོས་བོད་རིགས་བུད་མེད་རྣམས་ཀྱི་སེམས་ཀྱི་བྱིང་རྨུགས་སངས་ཤིང་། གདོང་གི་བྱིང་རྨུགས་གྲོལ་ཏེ། རང་གི་འདོད་འདུན་གྱི་རྟ་ཕོར་ལྕག་གིས་བསྐུལ་ཏེ་དམིགས་ཡུལ་དུ་བསླེབས་པར་བརྩོན་པ་གནང་སྟེ། བུད་མེད་ཆབ་སྲིད་པ་དང་བུད་མེད་དཔལ་འབྱོར་བ། སྒྱུ་རྩལ་བ། རྩོམ་པ་བོ་སོགས་མང་བོ་ཆར་ཤུལ་གྱི་ཤ་མོང་བཞིན་བརྡོལ་བས། བོད་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་ཕྱོགས་ལ་བླ་ན་མཐོ་བའི་མཛད་རྗེས་སྦམ་མཐོ་བ་མང་བོ་བཞག  བུད་མེད་འཇོན་ཐང་ཅན་དེ་དག་གི་ཁྲོད་ནས་ཀྱང་བྱས་རྗེས་ཆེ་ཞིང་། བསྐལ་བརྒྱར་མི་ནུབ་པའི་མཛད་རྗེས་ཀྱི་རི་མོ་མངོན་པར་གསལ་བར་འཇོག་མཁན་གཅིག་ནི་རྒྱལ་ཡོངས་སུ་མིང་གྲགས་ཆེ་བའི་བྱིས་སྒྲུང་རྩོམ་པ་པོ་ཡེ་ཤེས་སྒྲོལ་མ་ལགས་རེད།
     ཁོ་མོ་ནི1925ལོར་མདོ་སྨད་ཀན་ལྷོའི་ཅོ་ནེ་རྫོང་མཁར་ཆེན་ཤང་གི་ནུབ་གཟིག་སྡེ་བ་ནས་སྐྱེ་ཞིང་། ཆུང་དུས་ནས་བཟུང་། མོ་ལ་རིག་པ་ལྷན་སྐྱེས་སུ་མངའ་བས། གང་བསླབས་ཐམས་ཅད་ཚེགས་མེད་དུ་ཤེས་ཤིང་། རང་གི་ན་ཚོད་ལས་ལྕི་བའི་རིག་པ་རྒྱན་དུ་བཞེས་པས། སྡེ་བའི་རྒན་རྒོན་ཚོས་ཀྱང་ཡེ་ཤེས་སྒྲོལ་མ་ནི་ཤེས་རབ་ཀྱི་བུ་ཕྲུག་ཅིག་རེད་ཅེས་བསྟོད་པའི་མཐེ་བོང་བསྒྲེངས་ཤིང་རྗེས་སུ་ཡི་རངས་གནང་། ཡིན་ནའང་ཁོ་མོའི་ཕ་དམ་པ་དཀོན་མཆོག་ཚེ་རིང་ལགས་ནི་ཅོ་ནེ་དཔོན་པོ་ལན་གྲུ་རུ་སྡོད་པའི་དོན་གཅོད་ཁང་གི་ཁྲུའུ་ཀྲང་ཡིན་ཕྱིན། ཆུང་དུས་མོ་ཚང་གི་ཁྱིམ་གཞི་ལན་གྲུ་རུ་གནས་སྤར། ཁོ་མོས་དེ་ནས་ཀྱང་ན་མཉམ་རྒྱ་རིགས་བྱིས་པ་ཚོ་དང་ལྷན་དུ་སློབ་ཆུང་དུ་ཞུགས་ཤིང་། སློབ་ཆུང་དུ་ཞུགས་ནས་ལོ་གཅིག་མ་འགོར་གོང་རྒྱ་སྐད་ཚེགས་མེད་དུ་ཤེས་པ་མ་ཟད། རྒྱ་ཡིག་དང་རྩིས་རིག་གི་སྦྱོང་ཚན་མཐའ་དག་གི་ཆུ་ཚད་ཀྱང་རྒྱ་རིགས་བྱིས་པ་ཚོ་དང་མཉམ་པར་གྱུར། འདི་ལྟར་ལོ་ཟླ་ཉིན་ཞག་གིས་བསྐྱལ་ནས་ལོ་ངོ་མང་བོར་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་ནས་སྦྱང་བྱ་མཐའ་དག་ལ་སྦྱངས་པ་གཏིང་ཐུག་པ་མཛད་དེ། 1944ལོར་རྒྱལ་ནང་ན་སྐད་གྲགས་ཆོད་པའི་ཧྲང་ཧེ་ཧྥུ་ཏན་སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད་ཅིང་། ཁོ་མོས་དེ་ནས་ཀྱང་ང་རྒྱལ་དང་ཆགས་ཞེན་གྱི་རྩ་ཉོན་རྒྱང་དུ་དོར་ལ་ཁེངས་སྐྱོང་དང་ཞི་དུལ་བག་ཡོད་ཀྱི་སྤྱོད་པ་ལྷུར་བཞེས་ནས་དགེ་རྒན་རྣམས་སྤྱི་བོའི་ཞྭ་བཞིན་བཀུར་ནས་བསླབ་ཚན་མཐའ་དག་ལ་ཕྱོགས་རེས་མེད་པར་སྦྱངས་པ་མཐར་ཕྱིན་མཛད་ནས་ལྗིད་ཏིག་ཏིག་གི་འབྲས་བུ་རྒྱན་དུ་བླངས་ནས1948ལོར་སློབ་མཐར་ཕྱིན།
     སློབ་མཐར་ཕྱིན་རྗེས་ཀྱང་། རྣམ་གཡེང་གི་རྩེད་འཇོ་དང་བག་མེད་ཀྱིས་དུས་ཚོད་ཆུད་ཟོས་སུ་མ་བཏང་བར་སྔར་བཞིན་སློབ་སྦྱོང་ལ་སྦྱངས་རྒྱུའི་འདུན་པ་དེ་མ་ལྷོད་པར་རྒྱལ་ཁབ་ཕྱི་ནང་གི་རྩོམ་རིག་རིག་གཞུང་ལ་སྦྱངས་པ་གང་ལེགས་གནང་སྟེ། ཞོར་དུ་བརྩམས་ཆོས་སྣ་མང་སྤེལ་བའི་འགོ་བརྩམས་ཤིང་། འདི་ལྟར་ཁོ་མོས་བརྩམས་པའི་བརྩམས་ཆོས་རེ་རེ་རྒྱལ་ནང་ན་སྐད་གྲགས་ཀྱིས་ཆོད་པའི་དུས་དེབ་དང་ཚགས་པར་སྣ་ཚོགས་སུ་ལུ་གུ་བརྒྱུད་དུ་སྤེལ་བས། ཁོ་མོའི་མཚན་སྙན་ཡང་རིམ་བཞིན་ཀྲུང་ཧྭ་འཛིན་མའི་མཁའ་ལ་ཁྱབ་ཅིང་། 1983ལོར། ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་སུ་ཞུགས་པ་མ་ཟད། ཆེད་ལས་རྩོམ་པ་པོའི་འགན་གཅིག་ལྕོགས་སུ་བཞེས་ཤིང་། ཁོ་མོས་བརྩམས་པའི་བརྩམས་ཆོས་མང་པོར་རིམ་པ་དང་པོའི་བྱ་དགའི་བདག་རྐྱེན་བསྩལ་བ་མ་ཟད། རྒྱལ་ནང་གི་བསླབ་དེབ་ཁག་ཅིག་གི་ནང་དུའང་བདམས་ཤིང་། དེ་མིན་དབྱིན་ཡིག་དང་འཇར་པན་གྱི་ཡི་གེ་སོགས་སུའང་བསྒྱུར་ནས་ཕྱི་གླིང་གི་ཀློག་པ་པོ་མང་པོའི་སེམས་ཀྱི་གསོས་སྨན་དུའང་གྱུར་ཡོད།
     རྣམ་དཔྱོད་གསེར་གྱི་ཡུར་བ་ལས་བབས་པའི།། སྣ་མང་བརྩམས་ཆོས་མི་ཡི་ཟས་སུ་བཀྲམ།།
     རྩོམ་རིག་གི་ཕྱོགས་ནས་གླེང་ནའང་མི་རིགས་ཀྱི་རྩོམ་རིག་ནི་གསར་དུ་གསོན་ཤུགས་རྒྱས་པའི་མྱུ་གུ་དང་འདྲ་ལ། ལྷག་པར་དུ་བོད་ཀྱི་རྩོམ་རིག་ནི་དཔྱིད་ཀས་མངལ་དུ་སྦྲུམ་པའི་ལྗང་མྱུག་ཅིག་དང་འདྲ་བར་རྨི་ལམ་གྱི་ཞིང་ན་གཉིད་དུ་ཡུར། སྐབས་དེ་ག་ཞིག་ལ། སྲོལ་རྒྱུན་དང་ཡུལ་སྲོལ་གྱི་གཞན་དབང་གིས་བུད་མེད་ཅིག་གིས་རྩོམ་ཡིག་འབྲི་རྒྱུ་ཕར་ཞོག  ཐ་ན་རྨི་ལམ་དུའང་རྨིས་མ་མྱོང་བའི་བྱ་བ་ཞིག་ལགས་མོད། འོན་ཀྱང་ཡེ་ཤེས་སྒྲོལ་མས་འགག་སྒོ་དེ་རིགས་ཞུམ་མེད་ཀྱི་སྤོབས་པས་གཏོར་ཏེ་རྩོམ་རིག་གསར་རྩོམ་གྱི་ཁྲོད་དུ་ཞུགས་ནས་རང་ཉིད་ལ་གཏོགས་པའི་ནམ་མཁའ་གོར་མོ་པང་དུ་བསྐྱིལ་ནས་བུད་མེད་ཀྱི་ཐོབ་ཐང་དང་མི་རིགས་ཀྱི་ཐོབ་ཐང་མངོན་དུ་གྱུར།
     འདི་ལྟར་ཉིན་ཞག་ལོ་ཟླས་བསྐྱལ་ཏེ་བརྩོན་འགྲུས་ཀྱི་རྔུལ་ཆུ་ཐོད་དུ་བཟུང་ནས་བརྩམས་ཆོས་བསམ་མ་ཁྱབ་པར་སྤེལ་ཞིང་། དེ་དག་ལས་བརྩམས་ཆོས་གཙོ་བོ་བྱིས་སྒྲུང་རིང་མོ《ཞོགས་པ》དང་། བྱིས་པའི་སྒྲུང་ཐུང《རྣམ་སྒྲོན་ཉི་ནུས་ཁང་བའི་ཕྱོགས་སུ་བསྐྱོད་པ》། འཐོར་རྩོམ《ལུང་ཁུག་གི་འགྱུར་ལྡོག》  སྙན་ཞུ་རྩོམ་ཡིག《གཞིས་ཀ་རྩེའི་དུས་རབས་ཀྱི་འགྱུར་བག》 《མཚོ་བོད་མཐོ་སྒང་གི་ཉི་ནུས་ཁང་བ》། སྒྲུང་ཐུང《ཡག་གཙོག》  གློག་བརྙན་འཁྲབ་གཞུང《རྒྱང་རིང་གི་ཕྱུགས་ར་ནས》སོགས་བརྗོད་བྱ་དོན་དང་འབྲེལ་ཞིང་རྗོད་བྱེད་རྣར་སྙན་པའི་བརྩམས་ཆོས་མང་བོ་བརྩམས།
      ཞབས་ཟུང་རྩིབས་སྟོང་འཁོར་ལོའི་བརྒྱུད་ཤུལ་ནས།། དྲི་མེད་འོད་ཀྱི་ཕྲེང་བ་རླབས་སུ་འཕྱུར།།
      སྤྱི་ལོ1938ལོར་ལན་གྲུ་བུད་མེད་སློབ་གྲྭའི་ཡན་ལག་སློབ་ཆུང་དུ་སློབ་སྦྱོང་བྱེད་ཞོར་ཞི་ཨན་ཡུལ་སྐོར་རུ་ཁག་གི་སློབ་ཆུང་སློབ་མའི་རི་འགོག་མྱུར་སྐྱོབ་ལས་འགུལ་ལ་ཞུགས། སྐབས་དེར་སློབ་མའི་ལས་འགུལ་གྱི་འགོ་ཁྲིད་ཀྱི་ལས་འགན་ཁུར་ལ། དྲིལ་བསྒྲགས་ཚགས་པར་དང་དུས་དེབ་ཀྱི་གཙོ་སྒྲིག་པའང་བྱས་མྱོང་། རྗེས་སུ་ལན་གྲུ་བུ་མོ་སློབ་འབྲིང་དང་ལན་གྲུ་སློབ་ཆེན། ཧྲང་ཧེ་ཧྥུ་ཏན་སློབ་ཆེན་སོགས་སུའང་ཏང་ནང་དུ་ཞུགས་ཏེ་སློབ་མའི་ལས་འགུལ་གྱི་འགོ་ཁྲིད་ནས་གསར་བརྗེ་བྱས། 1948ལོར་གཟི་བརྗིད་ངང་ཀྲུང་གོ་གུང་ཁྲན་ཏང་དུ་ཞུགས། 1949ལོར་རྒྱལ་ཡོངས་བུད་མེད་ལྷན་ཚོགས་ཀྱིས་བསྒྲུབས་པའི《ཀྲུང་གོ་གསར་བའི་སྐྱེས་མ》ཞེས་པའི་དུས་དེབ་ཀྱི་རྩོམ་སྒྲིག་པའི་འགན་ཁུར། 1950ལོར་ཀྲུང་དབྱང་དམངས་ཨུས་བསྒྲུབས་པའི་བོད་རིགས་ཞིབ་འཇུག་འཛིན་གྲྭར་ཞུགས་ཏེ་ཀྲུའུ་ཙུང་ལི་དང་། ཀྲུའོ་ཏེ། ཏིན་ཡུན་ཁྲའོ་སོགས་ཏང་དང་རྒྱལ་ཁབ་ཀྱི་གཙོ་འཛིན་རྣམ་པས་དངོས་སུ་ཁྲིད་སྟོན་གནང་ལ། དེའི་མི་ཚད་ཁོ་མོས་གནས་དེའི་ཆབ་སྲིད་ཨུ་ཡོན་གྱི་འགན་ཁུར་བ་དང་། ཕྱིས་སུ་ཀྲུང་དབྱང་དམངས་ཨུའི་བོད་དམངས་ཚན་ཆུང་གི་ཚན་གཙོ་བྱས་ནས་ལོ་ངོ་གཉིས་བསྐྱལ། དེའི་རིང་སྲིད་ཇུས་ཞིབ་འཇུག་བྱ་བའི་དོ་བདག་གི་འགན་ཁུར། ཁོ་མོས་འཚོ་བར་ཟབ་ཞུགས་བྱས་ནས་རྩོམ་རིག་གསར་རྩོམ་ལ་འཇུག་ཕྱིར། གཞི་རིམ་དུ་འགྲོ་རྒྱུའི་རེ་བ་ཡང་ཡང་ཞུས་མཐར། 1952ལོའི་སྟོན་ཁར། པེ་ཅིན་ནས་ནུབ་བྱང་དུ་སླེབས་ཏེ《ནུབ་བྱང་རྩོམ་རིག་སྒྱུ་རྩལ》གྱི་རྩོམ་སྒྲིག་པའི་འགན་ཁུར། 1953ལོ་ནས1963ལོའི་བར་སྔ་གཞུག་ཏུ་ཀན་སུའུ་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ཨུ་དང་རྒྱལ་ཡོངས་སྐབས་གཉིས་པའི་བུད་མེད་འཐུས་མིའི་ཚོགས་ཆེན་གྱི་འཐུས་མི། 《ཀན་སུའུ་ཉིན་རེའི་ཚགས་པར》དང་། 《ཀན་སུའུ་རྩོམ་རིག་སྒྱུ་རྩལ》། 《བཟོ་ཞིང་སྒྱུ་རྩལ》། 《ཀན་སུའུ་དམངས་གླུ》སོགས་ཀྱི་རྩོམ་སྒྲིག་པའི་འགན་ཁུར་བ་མ་ཟད། རྩོམ་རིག་གསར་རྩོམ་གྱི་ལས་ལའང་འབད་པས་ཞུགས། 1954ལོར་འཚོ་བར་ཟབ་ཞུགས་དང་ཉམས་ཞིབ་བྱ་ཆེད་ཀྲུང་དབྱང་ས་གཤིས་པུའུ641ས་གཤིས་རྩད་ཞིབ་རུ་ཁག་ཏུ་ཞུགས་ཏེ《ལྟ་ཞིབ་གསར་བའི》དུས་དེབ་སྟེང《ལུང་ཁུག་གི་འགྱུར་ལྡོག》ཅེས་པ་བཀོད་པར་རླབས་ཆེན་གཙོ་འཛིན་མའོ་ཀྲུའུ་ཞིས་གཟིགས་ཏེ་བསྔགས་བརྗོད་ཐོབ། 1956ལོར་དཔའ་རིས་ཕྱུག་ལས་ས་ཁུལ་ལ་ཟབ་ཞུགས་བྱས་ཏེ་གློག་བརྙན་འཁྲབ་གཞུང《རྒྱང་རིང་གི་ཕྱུག་ར་ནས》ཞེས་པ་བརྩམས། 1958ལོར་རིག་གནས་པུའུ་དང་ཀྲུང་གོ་རྩོམ་པ་པོ་མཐུན་ཚོགས་ཀྱིས་བསྒྲུབས་པའི་རྒྱལ་ཡོངས་གློག་བརྙན་རྩོམ་རིག་འཁྲབ་གཞུང་གི་བྱ་དགའ་ཐོབ། 1963ལོའི་སྟོན་ཁར་ཕ་ཡུལ་དུ་ལོག་ནས་འཚོ་བའི་གནས་གཞི་བཙུགས། དེ་ནས་བཟུང་ཆེད་ལས་རྩོམ་པ་པོའི་ལམ་ལ་ཞུགས་ཏེ་དམངས་སེམས་ཀྱི་དགའ་སྐྱོའི་གླུ་དབྱངས་མྱུ་གུའི་ལམ་ནས་སྟོན་པའི་འགན་གཅིག་ལྕོགས་ཁུར་དུ་བཞེས།
     ལོ་ཟླའི་བང་རིམ་བརྩེགས་པའི་རྔམས་ཁ་ནས།། བརྗེད་མེད་བག་ཆགས་སེམས་ཀྱི་གསེང་དུ་བཏབ།།
     ཁོ་མོའི་སྒྲུང་ཐུང《ཡག་གཙོག》ཅེས་པར1980ལོར་རྒྱལ་ཡོངས་ཕུལ་བྱུང་སྒྲུང་ཐུང་བྱ་དགའ་དང་རྒྱལ་ཡོངས་གྲངས་ཉུང་མི་རིགས་རྩོམ་རིག་གསར་རྩོམ་གྱི་བྱ་དགའ་ཐོབ། བྱིས་སྒྲུང་རིང་བོ《ཞོགས་པ》ཞེས་པར1981ལོར་ཀྲུང་གོ་ན་གཞོན་བྱིས་པའི་པར་སྐྲུན་ཁང་ནས་པར་སྐྲུན་བྱས། འདི་ནི་བོད་རིགས་བུད་མེད་ཀྱིས་བརྩམས་པའི་བོད་ཀྱི་རྩོམ་རིག་ལོ་རྒྱུས་སྟེང་གི་བྱིས་སྒྲུང་རིང་བོ་ཐོག་མ་ཡིན་ལ། ཁོ་མོའི་སྙན་ཞུ་རྩོམ་ཡིག《གཞིས་ཀ་རྩེའི་དུས་རབས་ཀྱི་འགྱུར་བག》ཅེས་པས་བོད་ལྗོངས་ཆུ་ཤུགས་ཆུ་གློག་བྱ་བར་སྐུལ་འདེད་ཀྱི་ནུས་པ་ཐོན། ཁོ་མོའི་བྱིས་པའི་སྒྲུང་ཐུང《ཚད་འཇལ་མི་ནུས་ལ་བརྩིའང་མི་ཕོད》ཞེས་པ《བྱིས་པའི་རྩོམ་རིག》1985ལོའི་འདོན་ཐེངས11པར་བཀོད། དེས་ཞིང་ཆེན་ས་གཤིས་ཀྱིས་ཀན་ལྷོར་གཏེར་ཁ་མེད་ཟེར་བའི་བཤད་སྲོལ་མཇུག་རྫོགས་སུ་བཅུག་པ་མ་ཟད། ཞིང་ཆེན་ས་གཤིས་རུ་ཁག་གསུམ་པར་མཛུབ་སྟོན་བྱས་ནས་རྨ་ཆུའི་གསེར་གྱི་གཏེར་ཁ་རྙེད། 1985ལོ་ནས་བཟུང་ཁོ་མོས་རྒྱལ་ཁབ་འཆར་ཨུས《ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཉི་འོད་ནུས་པའི་ཚོད་ལྟའི་ལྟེ་གནས》འཛུགས་དགོས་པའི་འབོད་སྐུལ་བཏང་བ་མ་ཟད། ཁོ་མོས་ལས་གཞི་དེའི་རྒྱུན་ལས་བློ་འདྲི་སའི་འགན་ཁུར་བ་དང་། ཧུར་བརྩོན་གྱིས་ཡར་འབྲེལ་མར་མཐུད་བྱས་ནས་ཉི་འོད་ནུས་ཁང་འཛུགས་པའི་ལས་ལ་ཞུགས་པ་དང་སྙན་ཞུའི་རྩོམ་རིགས《མཚོ་བོད་མཐོ་སྒང་གི་ཉི་ནུས་ཁང་བ》དང་བྱིས་སྒྲུང་ཐུང་ངུ《རྣམ་སྒྲོན་ཉི་ནུས་ཁང་བའི་ཕྱོགས་སུ་བསྐྱོད་པ》སོགས་སྣ་མང་རྩོམ་གྱི་གཏེར་ཁ་ཕྱེ། དུས་ལྟར་ཉི་འོད་ནུས་ཁང་གི་འཛུགས་སྐྲུན་ལ་མཛུབ་སྟོན་བྱས་ཤིང་། ལོ་ངོ་ཉི་ཤུར་རྒྱུན་འཁྱོངས་བྱས་མཐར། གྲང་ངར་ཆེ་བའི་མཐོ་སྒང་འདིར་དྲོད་སྐྱིད་ལྡན་པའི་ཉི་ནུས་ཁང་བ་ཁྱབ་བརྡལ་བྱེད་ཐུབ་པ་བྱུང་། ཁོ་མོས་བཤད་རྒྱུར། མིའི་རིགས་ཀྱིས་ཉི་འོད་ནུས་པ་སྤྱད་ནས་དྲོད་བསྡུ་བའི་དུས་རབས་ལ་སླེབས་བྱུང་། དུས་མཚུངས་སུ་ཁོ་མོའི་བརྩམས་ཆོས《 མིའི་རིགས་ཀྱི་འཛུགས་སྐྲུན་གྱི་ལོ་རྒྱུས་སྟེང་གི་གསར་བརྗེ་ཆེན་མོ》ཞེས་པར་སྤྱི་ཚོགས་སྟེང་ཁས་ལེན་དང་གདེང་འཇོག་ཚད་མཐོ་ཐོབ། རྩོམ་དེ《ཉི་འོད་ནུས་པ》དུས་དེབ2004ལོའི་འདོན་ཐེངས་ལྔ་བར་བཀོད་པ་དང་། རིག་གནས་པུའུ་ཡི་སྒྱུ་རྩལ་ཞབས་ཕྱིའི་ལྟེ་གནས་ཀྱིས《འོད་སྟོང་འབར་བའི་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལུགས་པོ་ཏི》རུ་བདམས། གཞན་ཡང《ཀྲུང་གོའི་དེང་རབས་ཕུལ་བྱུང་འགོ་ཁྲིད་གཞུང་ལུགས་འདེམས་བཀོད》དང་། 《དུས་རབས་གསར་བའི་འཕེལ་རྒྱས་ཐབས་ཇུས་ཀྱི་གཞུང་ལུགས་དང་ལག་ལེན》སོགས་སུ་བདམས་པ་མ་ཟད་རྒྱལ་སྤྱི་དང་རྒྱལ་ནང་གི་བྱ་དགའ་རབས་དང་རིམ་པ་ཐོབ།
     སྐྱོ་མེད་བརྩོན་པའི་དངུལ་ཆུའི་ཆུ་གཏེར་ལས།། འཕྲ་ཚོམ་ནོར་བུ་དཔུང་འཇོམས་སྐྱེས་སུ་ཐོབ།།
     འདི་ལྟར་ཡེ་ཤེས་སྒྲོལ་མས་གཟབ་ནན་དང་དྲང་བདེན་གྱི་བླང་བྱ་བརྩི་སྲུང་བྱས་ཏེ་བལྟས་ན་མཐོང་ལ་མྱངས་ན་རེག་རྒྱུ་ཡོད་པའི་བརྩམས་ཆོས་མང་པོར་འབྲེལ་ཡོད་སྡེ་ཁག་དང་སྤྱི་ཚོགས་སྟེང་གི་ཁས་ལེན་གང་ལེགས་ཐོབ་སྟེ་བྱ་དགའ་ཐོབ་ལ། དེ་དག་ལས་ཀྲུང་གོའི་ཟིན་ཐོའི་ལོ་དེབ་ཕྱོགས་སྒྲིག་ཨུ་ཡོན་ལྷན་ཚོགས་དང་། ཀྲུང་གོའི་ཟིན་ཐོའི་དཔང་ཡིག་ཞིབ་བཤེར་ཐོ་འགོད་ཨུ་ཡོན་ལྷན་ཁང་གིས་ཧྭ་ཞ་མཛངས་མའི་གསེར་གྱི་རྟགས་མ་གནང་། དུས་མཚུངས་སུ་འཛམ་གླིང་རིག་གཞུང་ཞིབ་འཇུག་གླིང་གིས་ཡང་འཛམ་གླིང་ཕུལ་བྱུང་རིག་གཞུང་ཆེད་རྩོམ་གྱི་རྒྱལ་སྤྱིའི་གསེར་གྱི་རྟགས་མ་དང་། 《རྒྱལ་སྤྱིའི་ཕུལ་བྱུང་རིག་གཞུང་གསར་རྩོམ་གྱི་གྲུབ་འབྲས》ཞེས་པའི་གསེར་གྱི་རྟགས་མ། ཀྲུང་གོ་རྒྱལ་སྤྱིའི་གསར་འགྱུར་ཁང་དང་། ཕྱིའི་རྒྱལ་ཁབ་ཀྱི་མཛངས་མའི་དུས་དེབ་ཁང་གིས་ཀྲུང་ཧྭ་མཛངས་མའི་མི་སྣ་ཞེས་པར་གདེང་འཇོག་བྱས། ཀྲུང་གོ་དོ་དམ་ཚན་རིག་གླིང་བཅོས་བསྒྱུར་དང་འཕེལ་རྒྱས་ཞིབ་འཇུག་སུའོ་ཡིས་གསར་བརྗེའི་གདོང་ལེན་གྱི་གསེར་གྱི་རྟགས་མ་གནང་བ་དང་། འཛམ་གླིང་ཚད་ལྡན་ཡིག་ཆ་པར་སྐྲུན་ཁང་དང་འཛམ་གླིང་ཀྲུང་གོ་བའི་ཚད་ལྡན་ཡིག་ཆ་ཞིབ་འཇུག་དང་བརྗེ་རེས་ལྟེ་གནས་ཀྱིས་འཛམ་གླིང་གི་མི་སྣ་གྲགས་ཅན་ལས་ཕུལ་བྱུང་ཀྲུང་གོ་བ་མཛངས་མ་བྱས་རྗེས་འབུར་ཐོན་ཅན་བརྒྱ་ཡི་ནང་བཀོད། ཀྲུང་ཧྭ་གསར་འགྱུར་ཚགས་པར་དང་ཀྲུང་གོའི་གྲོང་ཁྱེར་སྙན་ཞུའི་ཚགས་པར་ཁང་། ཀྲུང་གོ་རིག་གནས་ཆ་འཕྲིན་ལྷན་ཚོགས་ཀྱིས་འཛུགས་སྐྲུན་ལ་བྱས་རྗེས་བླ་མེད་འཇོག་མཁན་བརྒྱ་ཞེས་པའི་རླབས་ཆེན་མཚན་སྙན་གནང་། 2006ལོར། ཀྲུང་གོ་རྒྱལ་སྤྱིའི་དཔལ་འབྱོར་ཞིབ་འཇུག་གླིང《གསར་གཏོད་དང་འཕེལ་རྒྱས》དུས་དེབ་ཁང་སོགས་ཀྱིས་གསར་བརྗེ་དང་། གསར་གཏོད། འཕེལ་རྒྱས་ཀྱི་རྒྱལ་སྤྱིའི་ཕུལ་བྱུང་བསམ་བློ་བ་དང་རིག་གཞུང་གསར་བའི་གླེང་སྟེགས་ཀྱི་རྒྱལ་སྤྱིའི་གསེར་གྱི་རྟགས་མ་གནང་། 《སྤྱི་མཐུན་རྒྱལ་ཁབ་འཛུགས་སྐྲུན་མཁན། མཛད་རྗེས་འབུར་ཐོན་གྱི་བྱ་དགའ》ཞེས་པ་དང་། 《འཛམ་གླིང་མི་སྣ་གྲགས་ཅན》གྱི་གསེར་གྱི་རྟགས་མ་སོགས་རྒྱལ་སྤྱི་རྒྱལ་ནང་གི་གསེར་གྱི་རྟགས་མ་གང་མང་ཐོབ་ཡོད།
     འདི་ལྟར་ང་ཚོས་ཡེ་ཤེས་སྒྲོལ་མ་བསྐྱོད་པའི་རྐང་རྗེས་རེ་རེ་ལས་འོད་འཚེར་བའི་མི་ཚེའི་མཛད་རྗེས་རེ་རེ་མཐོང་བྱུང་། མཛད་རྗེས་འདི་ནི་ཁོ་མོས་མི་ཡུལ་ལ་ཕུལ་བའི་ཟས་རིན་ཙམ་དུ་མ་ཟད། ཕྱིས་འབྱུང་གི་བུ་དང་བུ་མོ་མང་བོར་བརྩོན་འགྲུས་ལས་རྒྱལ་ཁའི་འབྲས་བུ་ཐོབ་པའི་མིག་དཔེར་ཡང་བསྟན་ནོ།།

ཀན་སུའུ་ཀན་ལྷོ་ཚགས་པར་ཁང་བོད་ཡིག་རྩོམ་སྒྲིག་པ་གཅོད་པ་སྐྱབས་ཀྱིས2012ལོར་བྲིས།



འབྲེལ་ཡོད་འོས་སྦྱོར།